(2021ལོའི་ཟླ7པའི་ཚེས1ཉིན)
ཞི་ཅིན་ཕིང་།
བློ་མཐུན་རྣམ་པ། གྲོགས་པོ་རྣམ་པ།
དེ་རིང་ནི། ཀྲུང་གོ་གུང་ཁྲན་ཏང་གི་ལོ་རྒྱུས་དང་ཀྲུང་ཧྭ་མི་རིགས་ཀྱི་ལོ་རྒྱུས་སྟེང་ལ་མཚོན་ན། ཧ་ཅང་གལ་ཆེ་ཞིང་གཟི་བརྗིད་ལྡན་པའི་ཉིན་མོ་ཞིག་ཡིན། ང་ཚོ་འདི་རུ་གཟབ་རྒྱས་ངང་ལྷན་གཅིག་ཏུ་འཛོམས་ནས། ཏང་ཡོངས་དང་རྒྱལ་ཡོངས་རིགས་སོ་སོའི་མི་དམངས་དང་མཉམ་དུ། ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་འཁོར་བརྒྱ་ལོན་པར་རྟེན་འབྲེལ་ཞུས་ནས། ཀྲུང་གོ་གུང་ཁྲན་ཏང་གི་ལོ་ངོ་བརྒྱའི་འབད་བརྩོན་གྱི་འོད་སྟོང་འབར་བའི་ལོ་རྒྱུས་ལ་ཕྱིར་དྲན་དང་། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེའི་བསྐྱར་དར་གྱི་བཀྲག་མདངས་འཚེར་བའི་མདུན་ལམ་ལ་རྒྱང་ལྟ་བྱེད།
ཐོག་མར། ངས་ཏང་ཀྲུང་དབྱང་གི་ཚབ་བྱས་ནས། ཀྲུང་གོ་གུང་ཁྲན་ཏང་གི་ཏང་ཡོན་ཡོངས་ལ་སྤྲོ་སེམས་འཁོལ་བའི་ངང་དུས་ཆེན་གྱི་རྟེན་འབྲེལ་ཞུས་པ་ཡིན།
འདིར་ངས་ཏང་དང་མི་དམངས་ཀྱི་ཚབ་ཞུས་ནས། ཏང་ཡོངས་དང་རྒྱལ་ཡོངས་རིགས་སོ་སོའི་མི་དམངས་ཀྱིས་རྒྱུན་མཐུད་འབད་བརྩོན་བྱས་པ་བརྒྱུད། ང་ཚོས་ལོ་བརྒྱ་ཕྲག་དང་པོའི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱས་ཏེ། ཀྲུང་ཧྭའི་ས་གཞི་ཆེན་མོའི་སྟེང་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་ནས་ལོ་རྒྱུས་རང་བཞིན་གྱིས་བལྟོས་མེད་དབུལ་ཕོངས་ཀྱི་གནད་དོན་ཐག་བཅད་ཅིང་། བློ་སྤོབས་ཆེར་བསྐྱེད་ཀྱིས་ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་གྱི་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་ལོ་བརྒྱ་ཕྲག་གཉིས་པའི་འབད་འཐབ་དམིགས་འབེན་ལ་མདུན་སྐྱོད་བྱེད་བཞིན་ཡོད། འདི་ནི་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེ་བའི་གཟི་བརྗིད་ཡིན་པ་དང་། འདི་ནི་ཀྲུང་གོ་མི་དམངས་ཀྱི་རླབས་ཆེ་བའི་གཟི་བརྗིད་ཡིན་ལ། འདི་ནི་ཀྲུང་གོ་གུང་ཁྲན་ཏང་གི་རླབས་ཆེ་བའི་གཟི་བརྗིད་ཀྱང་ཡིན་ཞེས་རྔམ་བརྗིད་ལྡན་པའི་སྒོ་ནས་ཁྱབ་བསྒྲགས་བྱས་པ་ཡིན།
ཀྲུང་ཧྭ་མི་རིགས་ནི་འཛམ་གླིང་སྟེང་གི་ཆེས་རླབས་ཆེ་བའི་མི་རིགས་ཡིན་ཞིང་། ལོ་ངོ5000ལྷག་གི་ཡུན་རིང་བའི་དཔལ་ཡོན་གྱི་ལོ་རྒྱུས་ལྡན་པ་དང་། མིའི་རིགས་ཀྱི་དཔལ་ཡོན་འཕེལ་རྒྱས་ཐད་ལ་བསུབ་ཏུ་མེད་པའི་བྱས་རྗེས་བཞག་ཡོད། 1840ལོར་ཉལ་ཐ་དམག་འཁྲུག་བྱུང་རྗེས། ཀྲུང་གོ་ནི་རིམ་བཞིན་མི་སེར་སྤེལ་ཡུལ་ཕྱེད་ཙམ་དང་བཀས་བཀོད་རྒྱུད་འཛིན་ཕྱེད་ཙམ་གྱི་སྤྱི་ཚོགས་སུ་གྱུར་ཏེ། རྒྱལ་ཁབ་ལ་བརྙས་བཅོས་དང་། མི་དམངས་དཀའ་སྡུག་ལ་གཏད་དེ། དཔལ་ཡོན་ལ་ཉམས་རྒུད་ཐེབས་པས། ཀྲུང་ཧྭ་མི་རིགས་ལ་སྔར་བྱུང་མ་མྱོང་བའི་ཆག་སྒོ་བྱུང་། དུས་དེ་ནས་བཟུང་། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེའི་བསྐྱར་དར་མངོན་འགྱུར་བྱེད་པ་དེ་ཀྲུང་གོ་མི་དམངས་དང་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེའི་ཕུགས་འདུན་དུ་གྱུར།
མི་རིགས་འཇིག་ཉེན་ལས་སྐྱོབ་ཆེད། ཀྲུང་གོ་མི་དམངས་ཀྱིས་སྤོབས་སེམས་ཆེན་པོས་རྒོལ་ལན་སྤྲད་ཅིང་། སྤྱོད་བཟང་ཕུགས་འདུན་ཅན་དག་གིས་གང་སར་འབོད་སྐུལ་བཏང་ནས། ཞི་བདེ་གནམ་རྒྱལ་ལས་འགུལ་དང་ས་ཁྱི་ལོའི་ལུགས་སྒྱུར། དབྱི་ཧུ་ཐོན་ལས་འགུལ། ལྕགས་ཕག་ལོའི་གསར་བརྗེ་བཅས་བསྟུད་མར་བསླངས་ལ། རྒྱལ་ཁབ་སྐྱོབ་པའི་འཆར་གཞི་སྣ་ཚོགས་གཅིག་རྗེས་གཉིས་མཐུད་དུ་བྱུང་། ཡིན་ཡང་དེ་དག་ཐམས་ཅད་ལ་ཕམ་ཉེས་བྱུང་ནས་མཇུག་བསྒྲིལ་བས། ཀྲུང་གོར་བསམ་བློ་གསར་བས་སྣེ་ཁྲིད་དེ་རྒྱལ་ཁབ་སྐྱོབ་པའི་ལས་འགུལ་ནི་ཁ་ཚ་དགོས་གཏུག་ཏུ་གྱུར་ལ། རྩ་འཛུགས་གསར་བས་གསར་བརྗེའི་སྟོབས་ཤུགས་གཅིག་ཏུ་སྒྲིལ་རྒྱུ་ནི་གལ་ཆེ་བར་གྱུར་ཡོད།
ཟླ་བཅུ་བའི་གསར་བརྗེའི་སྒྱོགས་སྒྲར་བསྟུན་ནས། ཀྲུང་གོར་མར་ཁེ་སི་ལེ་ཉིན་རིང་ལུགས་བསྐྱལ་ཡོང་། ཀྲུང་གོ་མི་དམངས་དང་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེའི་གོ་རྟོགས་སད་པ་དང་། མར་ཁེ་སི་ལེ་ཉིན་རིང་ལུགས་དང་ཀྲུང་གོའི་བཟོ་བའི་ལས་འགུལ་ཟུང་འབྲེལ་དམ་ཟབ་བྱེད་པའི་བརྒྱུད་རིམ་ཁྲོད་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས། ཀྲུང་གོར་གུང་ཁྲན་ཏང་བྱུང་བ་དེ་ནི་ལོ་རྒྱུས་ཐོག་ཐེངས་དང་པོར་བྱུང་བའི་དུས་འགྱུར་ཆེན་པོ་ཞིག་ཡིན་ལ། ཉེ་རབས་རྗེས་ཀྱི་ཀྲུང་ཧྭ་མི་རིགས་འཕེལ་རྒྱས་ཀྱི་ཁ་ཕྱོགས་དང་འཕེལ་རིམ་ལ་འགྱུར་ལྡོག་གཏིང་ཟབ་བྱུང་བ་དང་། ཀྲུང་གོ་མི་དམངས་དང་ཀྲུང་ཧྭ་མི་རིགས་ཀྱི་མདུན་ལམ་དང་ལས་དབང་ལ་འགྱུར་ལྡོག་གཏིང་ཟབ་བྱུང་བ། འཛམ་གླིང་འཕེལ་རྒྱས་འགྲོ་བའི་འཕེལ་ཕྱོགས་དང་གནས་བབ་ལ་འགྱུར་ལྡོག་གཏིང་ཟབ་བྱུང།
ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་མ་ཐག་ཀྲུང་གོ་མི་དམངས་ལ་བདེ་སྐྱིད་དོན་གཉེར་བྱེད་པ་དང་། ཀྲུང་ཧྭ་མི་རིགས་བསྐྱར་དར་ཡོང་བར་འབད་འབུངས་བྱེད་པ་དེ་ཐོག་མའི་བསམ་འདུན་དང་འགན་འཁྲིར་གཏན་འབེབས་བྱས་ཤིང་། ལོ་ངོ་བརྒྱའི་རིང་ལ་ཀྲུང་གོ་གུང་ཁྲན་ཏང་གིས་ཀྲུང་གོ་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ་འབད་འཐབ་དང་། རང་སྲོག་བློས་གཏོང་། གསར་གཏོད་བཅས་བྱས། མདོར་ན་བརྗོད་གཞི་གཅིག་ཏུ་བབ་ཡོད་དེ། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེའི་བསྐྱར་དར་མངོན་འགྱུར་བྱ་རྒྱུ་དེ་རེད།
ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེའི་བསྐྱར་དར་མངོན་འགྱུར་བྱ་ཆེད། ཀྲུང་གོ་གུང་ཁྲན་ཏང་གིས་ཀྲུང་གོ་མི་དམངས་ལ་མཐུན་སྒྲིལ་སྣེ་ཁྲིད་བྱས་ནས་དམར་འཛིང་འཐབ་རྩོད་དང་ལན་བརྒྱར་ཕམ་རུང་དཔའ་མི་ཞུམ་པ་བྱས་མཐར། དམངས་གཙོ་རིང་ལུགས་གསར་བའི་གསར་བརྗེའི་རླབས་ཆེའི་གྲུབ་འབྲས་བཏོད་པ་རེད། ང་ཚོས་བྱང་འདུལ་དམག་འཁྲུག་དང་། ས་ཞིང་གསར་བརྗེའི་དམག་འཁྲུག རི་འགོག་དམག་འཁྲུག བཅིངས་འགྲོལ་དམག་འཁྲུག་བཅས་བརྒྱུད་ནས། དྲག་ཆས་སྤྲས་པའི་གསར་བརྗེ་ཡིས་དྲག་ཆས་སྤྲས་པའི་གསར་བརྗེའི་ངོ་ལོག་པར་རྒོལ་ལན་སྤྲོད་པ་དང་། བཙན་རྒྱལ་རིང་ལུགས་དང་བཀས་བཀོད་རྒྱུད་འཛིན་རིང་ལུགས། དཔོན་ངན་མ་རྩ་རིང་ལུགས་བཅས་རི་བོ་ཆེན་པོ་གསུམ་མགོ་རྟིང་བསློགས་ཏེ། མི་དམངས་ཀྱིས་རང་ཁྱིམ་རང་བདག་བྱེད་པའི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་བཙུགས་པ་དང་། མི་རིགས་རང་བཙན་དང་མི་དམངས་བཅིངས་འགྲོལ་མངོན་འགྱུར་བྱས། དམངས་གཙོ་རིང་ལུགས་གསར་པའི་གསར་བརྗེར་རྒྱལ་ཁ་ཐོབ་པ་དེས་ཀྲུང་གོ་རྙིང་པའི་མི་སེར་སྤེལ་ཡུལ་ཕྱེད་ཙམ་དང་བཀས་བཀོད་རྒྱུད་འཛིན་ཕྱེད་ཙམ་གྱི་སྤྱི་ཚོགས་ཀྱི་ལོ་རྒྱུས་མཇུག་བསྒྲིལ་བ་དང་། ཀྲུང་གོ་རྙིང་པའི་ཁ་ཐོར་བའི་རྣམ་པ་རྦད་དེ་མཇུག་བསྒྲིལ་ལ། བཙན་དབང་རྒྱལ་ཁབ་ཀྱིས་ཀྲུང་གོར་བཞག་པའི་འདྲ་མཉམ་མིན་པའི་ཆིངས་ཡིག་དང་ཀྲུང་གོར་ཡོད་པའི་བཙན་རྒྱལ་རིང་ལུགས་ཀྱི་དམིགས་བསལ་དབང་ཆ་མཐའ་དག་རྦད་དེ་མེད་པར་བཟོས་ནས། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེའི་བསྐྱར་དར་མངོན་འགྱུར་བྱེད་པའི་སྤྱི་ཚོགས་ཀྱི་རྩ་བའི་ཆ་རྐྱེན་བསྐྲུན་ཡོད། ཀྲུང་གོ་གུང་ཁྲན་ཏང་དང་ཀྲུང་གོ་མི་དམངས་ཀྱིས་དཔའ་ངར་ཞུམ་མེད་ཀྱིས་འབད་བརྩོན་ལ་བརྟེན་ནས་འཛམ་གླིང་ལ་ཀྲུང་གོ་མི་དམངས་ཡར་ལངས་ཟིན་པ་རྔམ་བརྗིད་ལྡན་པའི་ངང་ཁྱབ་བསྒྲགས་བྱས་པ་དང་། ཀྲུང་ཧྭ་མི་རིགས་ལ་གཞན་པས་རང་སྣང་གང་ཤར་གྱིས་མནར་གཅོད་གཏོང་བ་དང་བརྙས་བཅོས་ཚད་མེད་བྱེད་པའི་དུས་རབས་རྦད་དེ་མཇུག་བསྒྲིལ།
ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེའི་བསྐྱར་དར་མངོན་འགྱུར་བྱ་ཆེད། ཀྲུང་གོ་གུང་ཁྲན་ཏང་གིས་ཀྲུང་གོ་མི་དམངས་ལ་མཐུན་སྒྲིལ་སྣེ་ཁྲིད་བྱས་ཏེ། རང་སྟོབས་རང་སྤེལ་དང་འབད་འབུངས་ཧུར་བརྩོན་སྒོས་སྤྱི་ཚོགས་རིང་ལུགས་ཀྱི་གསར་བརྗེ་དང་འཛུགས་སྐྲུན་ཐད་རླབས་ཆེ་བའི་གྲུབ་འབྲས་བསྐྲུན། ང་ཚོས་སྤྱི་ཚོགས་རིང་ལུགས་གསར་བརྗེ་བྱས་ནས་ཀྲུང་གོར་ལོ་ངོ་སྟོང་ཕྲག་རིང་རྒྱུན་མཐུད་པའི་བཀས་བཀོད་རྒྱུད་འཛིན་གྱི་བཤུ་གཞོག་གཉའ་གནོན་ལམ་ལུགས་མེད་པར་བཟོས་ཏེ། སྤྱི་ཚོགས་རིང་ལུགས་ཀྱི་གཞི་རྩའི་ལམ་ལུགས་གཏན་འཁེལ་དང་། སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་ལ་སྐུལ་འདེད། བཙན་རྒྱལ་རིང་ལུགས་དང་བཙན་དབང་རིང་ལུགས་ཀྱིས་མགོ་རྟིང་སློག་པའི་གཏོར་བརླག་དང་དྲག་ཆས་འཁྲུག་རྐྱེན་སློང་བ་བཅས་ལས་རྣམ་པར་རྒྱལ་བས། ཀྲུང་ཧྭ་མི་རིགས་ཀྱི་ལོ་རྒྱུས་ཐོག་ཆེས་རྒྱ་ཆེ་ཞིང་གཏིང་ཟབ་པའི་སྤྱི་ཚོགས་འཕོ་འགྱུར་མངོན་འགྱུར་བྱུང་བ་དང་། དབུལ་ཞིང་ཕོངས་པ་དང་མི་འབོར་མང་བའི་ཤར་ཕྱོགས་ཀྱི་རྒྱལ་ཁབ་ཆེན་པོ་འདི་ཉིད་སྤྱི་ཚོགས་རིང་ལུགས་སྤྱི་ཚོགས་སུ་རླབས་ཆེ་བའི་མཆོང་སྐྱོད་བྱེད་པ་མངོན་འགྱུར་བྱུང་སྟེ། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེ་བའི་བསྐྱར་དར་མངོན་འགྱུར་ཡོང་ཆེད་རྩ་བའི་ཆབ་སྲིད་ཀྱི་སྔོན་འགྲོའི་ཆ་རྐྱེན་དང་རྨང་གཞི་བརྟན་པོ་བཏིང་ཡོད། ཀྲུང་གོ་གུང་ཁྲན་ཏང་དང་ཀྲུང་གོ་མི་དམངས་ཀྱིས་དཔའ་མཛངས་རྟུལ་ཕོད་ཀྱིས་འབད་བརྩོན་བྱས་མཐར། འཛམ་གླིང་ལ་རྔམ་བརྗིད་ལྡན་པའི་ངང་ཀྲུང་གོ་མི་དམངས་ནི་འཛམ་གླིང་རྙིང་པ་གཏོར་མཁས་ཤིང་འཛམ་གླིང་གསར་པ་སྐྲུན་མཁས་པ་དང་། སྤྱི་ཚོགས་རིང་ལུགས་ཁོ་ནས་ཀྲུང་གོ་སྐྱོབ་ཐུབ་པ་དང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཁོ་ནས་མ་གཏོགས་ཀྲུང་གོ་འཕེལ་རྒྱས་སུ་གཏོང་མི་ཐུབ་ཅེས་ཁྱབ་བསྒྲགས་བྱས།
ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེ་བའི་བསྐྱར་དར་མངོན་འགྱུར་བྱ་ཆེད། ཀྲུང་གོ་གུང་ཁྲན་ཏང་གིས་ཀྲུང་གོ་མི་དམངས་ཀྱི་སྣེ་ཁྲིད་དེ། བསམ་བློ་བཅིངས་འགྲོལ་དང་བློ་རྩ་བརྟན་པོས་ཡར་རྒྱས་བརྩོན་ལེན་བྱས་ཏེ། བཅོས་བསྒྱུར་སྒོ་འབྱེད་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་འཛུགས་སྐྲུན་གྱི་གྲུབ་འབྲས་རླབས་ཆེན་བསྐྲུན། ང་ཚོས་ཀྲུང་གོ་གསར་བ་དབུ་བརྙེས་པའི་ཚུན། ཏང་གི་ལོ་རྒྱུས་སྟེང་དོན་སྙིང་ཟབ་མོ་ལྡན་པའི་ཁ་ཕྱོགས་འགྱུར་མཚམས་མངོན་འགྱུར་བྱས་ཏེ། ཏང་གི་སྤྱི་ཚོགས་རིང་ལུགས་ཐོག་མའི་དུས་རིམ་གྱི་གཞི་རྩའི་ལམ་ཐིག་གཏན་འཁེལ་བྱས་པ་དང་། བློ་བརྟན་འགྱུར་མེད་སྒོས་བཅོས་བསྒྱུར་སྒོ་འབྱེད་ལ་སྐུལ་འདེད་བཏང་སྟེ། ཕྱོགས་སོ་སོ་ནས་ཐོན་པའི་ཉེན་ཁའི་འགྲན་སློང་ལས་རྣམ་པར་རྒྱལ་ནས། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་གསར་སྐྲུན་དང་རྒྱུན་འཁྱོངས། སྲུང་སྐྱོབ། འཕེལ་རྒྱས་སུ་བཏང་བ་དང་། ཚད་མཐོའི་གཅིག་གྱུར་གྱི་འཆར་ལྡན་དཔལ་འབྱོར་ལམ་ལུགས་ནས་གསོན་ཤུགས་རྒྱས་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཚོང་རའི་དཔལ་འབྱོར་ལམ་ལུགས་མངོན་འགྱུར་བྱས་ཤིང་། བཀག་སྡོམ་དང་བཀག་སྡོམ་ཕྱེད་ཙམ་ནས་ཕྱོགས་ཡོངས་སྒོ་འབྱེད་ཀྱི་ལོ་རྒྱུས་རང་བཞིན་གྱི་འགྱུར་ལྡོག་མངོན་འགྱུར་བྱས་ལ། ཐོན་སྐྱེད་ནུས་ཤུགས་ཅུང་རྗེས་ལུས་ཡིན་པའི་གནས་བབ་ནས་དཔལ་འབྱོར་སྤྱི་འབོར་འཛམ་གླིང་གི་ཨང་གཉིས་པར་སླེབས་པའི་ལོ་རྒྱུས་རང་བཞིན་གྱི་ཐོལ་བརྒལ་མངོན་འགྱུར་བྱས། མི་དམངས་ཀྱི་འཚོ་བ་དེ་ལྟོ་གོས་མི་འདང་བ་ནས་སྤྱིའི་ཆ་ནས་འབྱོར་འབྲིང་མངོན་འགྱུར་དང་། ཕྱོགས་ཡོངས་འབྱོར་འབྲིང་གི་ལོ་རྒྱུས་རང་བཞིན་གྱི་མཆོང་བརྒལ་མངོོན་འགྱུར་བྱས་ཏེ། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེ་བའི་བསྐྱར་དར་མངོན་འགྱུར་བྱེད་པར་གསོན་ཤུགས་གསར་བ་ལྡན་པའི་ལམ་ལུགས་འགན་སྲུང་དང་། མགྱོགས་མྱུར་འཕེལ་རྒྱས་ཀྱི་དངོས་པོའི་ཆ་རྐྱེན་འདོན་སྤྲོད་བྱས། ཀྲུང་གོ་གུང་ཁྲན་ཏང་དང་ཀྲུང་གོ་མི་དམངས་ཀྱིས་དཔའ་ངར་ཆེན་པོའི་འབད་བརྩོན་ལ་བརྟེན་ནས། འཛམ་གླིང་ཡོངས་ལ་བཅོས་བསྒྱུར་སྒོ་འབྱེད་བྱེད་པ་ནི་དེང་སྐབས་ཀྲུང་གོའི་མདུན་ལམ་དང་ལས་དབང་ཐག་གཅོད་བྱེད་ཐུབ་པའི་གནད་འགག་གི་ཐབས་ཇུས་གལ་ཆེན་ཞིག་ཡིན་པ་དང་ཀྲུང་གོའི་མདུན་སྐྱོད་ཆེན་པོས་དུས་རབས་ཀྱི་རྗེས་ཟིན་པ་ཁྱབ་བསྒྲགས་བྱས།
ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེ་བའི་བསྐྱར་དར་མངོན་འགྱུར་བྱ་ཆེད། ཀྲུང་གོ་གུང་ཁྲན་ཏང་གིས་ཀྲུང་གོ་མི་དམངས་ཀྱི་སྣེ་ཁྲིད་དེ། རང་རྟོན་རང་སྟོབས་དང་བདེན་སྲུང་གསར་གཏོད་བྱས་ནས། རླབས་ཆེ་བའི་འཐབ་རྩོད་དང་རླབས་ཆེ་བའི་བཟོ་སྐྲུན། རླབས་ཆེ་བའི་བྱ་གཞག རླབས་ཆེ་བའི་ཕུགས་འདུན་བཅས་སྤྱི་འདོམས་བྱས་ཏེ། དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་གྲུབ་འབྲས་རླབས་ཆེན་གསར་སྐྲུན་བྱས། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་ཚུན་དུ། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་དུས་རབས་གསར་བར་སླེབས་པ་དང་། ང་ཚོའི་ཏང་གི་ཕྱོགས་ཡོངས་མགོ་ཁྲིད་རྒྱུན་འཁྱོངས་དང་ཤུགས་སྣོན་བྱས་ནས། “གནས་ལྔ་གཞི་གཅིག”གི་སྤྱིའི་བཀོད་སྒྲིག་ལ་གཅིག་གྱུར་སྒོས་སྐུལ་འདེད་བཏང་སྟེ། “ཕྱོགས་ཡོངས་བཞི”ཡི་འཐབ་ཇུས་བཀོད་སྒྲིག་ལ་མཐུན་སྦྱོར་སྐུལ་འདེད་བཏང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་རྒྱུན་འཁྱོངས་དང་འཐུས་ཚང་དུ་གཏོང་བ་དང་། རྒྱལ་ཁབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པའི་དེང་རབས་ཅན་ལ་སྐུལ་འདེད་བཏང་སྟེ། ཁྲིམས་སྲོལ་ལྟར་ཏང་ནན་སྐྱོང་བྱེད་པ་རྒྱུན་བསྐྱངས་ཏེ། ཅུང་འཐུས་ཚང་ཡིན་པའི་ཏང་ནང་ཁུལ་གྱི་ཁྲིམས་སྲོལ་མ་ལག་གྲུབ་པ་དང་། ཉེན་ཁའི་འགྲན་སློང་ཆེན་པོ་རབ་དང་རིམ་པ་ལས་རྣམ་པར་རྒྱལ་ནས། ལོ་བརྒྱ་ཕྲག་དང་པོའི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱས་ཤིང་། ལོ་བརྒྱ་ཕྲག་གཉིས་པོའི་འབད་འཐབ་དམིགས་འབེན་གྱི་འཐབ་ཇུས་བཀོད་སྒྲིག་གཏན་འཁེལ་བྱས། ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་པ་དང་ལོ་རྒྱུས་རང་བཞིན་གྱི་འགྱུར་ལྡོག་བྱུང་སྟེ། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེ་བའི་བསྐྱར་དར་མངོན་འགྱུར་བྱེད་པར་སྔར་ལས་འཐུས་ཚང་ཡིན་པའི་ལམ་ལུགས་ཀྱི་འགན་སྲུང་དང་། སྔར་ལས་སྲ་བརྟན་ཡིན་པའི་དངོས་པོའི་རྨང་གཞི། སྔར་ལས་རང་འགུལ་ཡིན་པའི་བསམ་བློའི་སྟོབས་ཤུགས་བཅས་འདོན་སྤྲོད་བྱས། ཀྲུང་གོ་གུང་ཁྲན་ཏང་དང་ཀྲུང་གོ་མི་དམངས་ཀྱིས་དཔའ་ངར་ཆེན་པོའི་འབད་བརྩོན་གྱིས་འཛམ་གླིང་ཡོངས་ལ་ཀྲུང་ཧྭ་མི་རིགས་ཡར་ལངས་བ་ནས་ཕྱུག་པོར་གྱུར་བ་དང་། དེ་ནས་སྟོབས་ཆེན་དུ་གྱུར་བའི་རླབས་ཆེ་བའི་མཆོང་སྐྱོད་བསུས་ཏེ། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེ་བའི་བསྐྱར་དར་མངོན་འགྱུར་བྱེད་པར་ལྡོག་ཐབས་བྲལ་བའི་ལོ་རྒྱུས་གྱི་འཕེལ་རིམ་མངོན་འགྱུར་བྱས་པ་ཁྱབ་བསྒྲགས་བྱས།
ལོ་ངོ་བརྒྱ་ཡི་རིང་ལ། ཀྲུང་གོ་གུང་ཁྲན་ཏང་གིས་ཀྲུང་གོ་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ། “རང་སྲོག་འདོར་བའི་བློ་སྤོབས་རབ་བསྐྱེད་ན། ། འཇིག་རྟེན་གསར་བ་བསྐྲུན་པའི་ནུས་སྟོབས་མངའ། །”བའི་ཞུམ་མེད་སྙིང་སྟོབས་ལ་བརྟེན་ནས་ཀྲུང་ཧྭ་མི་རིགས་ལོ་ངོ་སྟོང་ཕྲག་ལྷག་གི་ལོ་རྒྱུས་སྟེང་ཆེས་འོད་སྟོང་འབར་བའི་ལོ་རྒྱུས་སྙན་ངག་བྲིས། ལོ་ངོ་བརྒྱ་ཡི་རིང་ལ་གསར་གཏོད་བྱས་པའི་རླབས་ཆེ་བའི་ལམ་བུ་དང་། གསར་སྐྲུན་བྱས་པའི་རླབས་ཆེ་བའི་བྱ་གཞག བརྩོན་ལེན་བྱས་པའི་རླབས་ཆེ་བའི་གྲུབ་འབྲས་འདི་དག་ཀྲུང་ཧྭ་མི་རིགས་འཕེལ་རྒྱས་ཀྱི་དེབ་ཐེར་དང་མིའི་རིགས་ཀྱི་དཔལ་ཡོན་འཕེལ་རྒྱས་ཀྱི་དེབ་ཐེར་སྟེང་འགོད་སྲིད།
བློ་མཐུན་རྣམ་པ། གྲོགས་པོ་རྣམ་པ།
ལོ་བརྒྱའི་སྔོན་ལ། ཀྲུང་གོ་གུང་ཁྲན་ཏང་གི་སྔོན་བྱོན་པ་ཚོས་ཀྲུང་གོ་གུང་ཁྲན་ཏང་བཙུགས་ནས། བདེན་དོན་རྒྱུན་འཁྱོངས་དང་ཕུགས་སེམས་བརྟན་སྲུང་བྱེད་པ་དང་། ཐོག་མའི་ཕུགས་འདུན་ལག་བསྟར་དང་འགན་འཁྲི་ཕྲག་ཏུ་ལེན་པ། ཚེ་སྲོག་བློས་གཏོང་ཕོད་པ་དང་དཔའ་ངར་ཆེན་པོས་འཐབ་རྩོད་བྱེད་པ། ཏང་ལ་བློ་དཀར་བ་དང་མི་དམངས་ལ་རྒྱབ་འགལ་མི་བྱེད་པ་བཅས་ཀྱི་རླབས་ཆེ་བའི་ཏང་འཛུགས་སྐྱོང་གི་སྙིང་སྟོབས་ཆགས་པར་བྱས་ཡོད་ལ། དེ་ནི་ཀྲུང་གོ་གུང་ཁྲན་ཏང་གི་སྙིང་སྟོབས་ཀྱི་འབྱུང་ཁུངས་ཀྱང་ཡིན།
ལོ་བརྒྱའི་རིང་ལ། ཀྲུང་གོ་གུང་ཁྲན་ཏང་གིས་རླབས་ཆེ་བའི་ཏང་འཛུགས་སྐྱོང་གི་སྙིང་སྟོབས་དར་སྤེལ་བཏང་ནས། ཡུན་རིང་གི་འབད་འཐབ་ཁྲོད་ཀྲུང་གོ་གུང་ཁྲན་ཏང་མིའི་རླབས་ཆེ་བའི་སྙིང་སྟོབས་མ་ལག་རབ་དང་རིམ་པ་བཙུགས་ཏེ། མངོན་གསལ་དོད་པོའི་ཆབ་སྲིད་ཀྱི་གཤིས་རྒྱུད་སྦྱོང་བརྡར་བྱས་ཡོད། ལོ་རྒྱུས་ཀྱི་ཆུ་རྒྱུན་རིང་མོའི་ཁྲོད་སྙིང་སྟོབས་ནི་མི་རབས་ནས་མི་རབས་བར་རྒྱུན་འཛིན་བྱས་ཡོད། ང་ཚོས་མུ་མཐུད་དུ་གཟི་བརྗིད་ཀྱི་སྲོལ་རྒྱུན་དར་སྤེལ་དུ་གཏོང་བ་དང་གསར་བརྗེའི་ཁྲག་རྒྱུན་རྒྱུན་མཐུད་བྱས་ནས། རླབས་ཆེ་བའི་ཏང་འཛུགས་སྐྱོང་གི་སྙིང་སྟོབས་ནམ་ཡང་རྒྱུན་འཛིན་དང་དར་རྒྱས་གོང་འཕེལ་དུ་གཏོང་དགོས།
ལོ་བརྒྱའི་རིང་ལ། ང་ཚོས་བླངས་པའི་གྲུབ་འབྲས་ཐམས་ཅད་ནི་ཀྲུང་གོ་གུང་ཁྲན་ཏང་མི་དང་ཀྲུང་གོ་མི་དམངས། ཀྲུང་ཧྭ་མི་རིགས་བཅས་ཀྱིས་མཐུན་སྒྲིལ་འབད་འཐབ་བྱས་པའི་འབྲས་བུ་རེད། བློ་མཐུན་མའོ་ཙེ་ཏུང་དང་། བློ་མཐུན་ཏེང་ཞའོ་ཕིན། བློ་མཐུན་ཅང་ཙེ་རྨིན། བློ་མཐུན་ཧུའུ་ཅིན་ཐའོ་བཅས་མཚོན་བྱེད་གཙོ་བོར་གྱུར་བའི་ཀྲུང་གོ་གུང་ཁྲན་ཏང་མིས། ཀྲུང་ཧྭ་མི་རིགས་རླབས་ཆེ་བའི་བསྐྱར་དར་ཡོང་ཆེད་ལོ་རྒྱུས་ཀྱི་དེབ་ཐེར་སྟེང་འགོད་སྲིད་པའི་མཛད་རྗེས་རླབས་ཆེན་བསྐྲུན་ཡོད། ང་ཚོས་ཁོང་ཚོར་བླ་ན་མེད་པའི་གུས་འདུད་ཞུ།
བློ་མཐུན་རྣམ་པ། གྲོགས་པོ་རྣམ་པ།
སྐབས་འདིར་ང་ཚོས་སྙིང་ཐག་པ་ནས་ཀྲུང་གོའི་གསར་བརྗེ་དང་འཛུགས་སྐྲུན། བཅོས་བསྒྱུར་བཅས་དང་། ཀྲུང་གོ་གུང་ཁྲན་ཏང་འཛུགས་པ་དང་། སྲ་བརྟན་དུ་གཏོང་བ། འཕེལ་རྒྱས་སུ་གཏོང་བ་བཅས་ཀྱི་ཆེད་དུ་བྱས་རྗེས་གལ་ཆེན་བཞག་པའི་བློ་མཐུན་མའོ་ཙེ་ཏུང་དང་། ཀྲོའུ་ཨེན་ལའེ། ལིའུ་ཧྲའོ་ཆི། ཀྲུའུ་ཏེ། ཏེང་ཞའོ་ཕིང་། ཁྲེན་ཡུན་སོགས་གསར་བརྗེ་པ་རྒན་རབས་རྣམས་ལ་དྲན་གསོ་ཞུ་རྒྱུ་དང་། ཀྲུང་གོ་གསར་པ་འཛུགས་པ་དང་སྲུང་སྐྱོབ་བྱེད་པ། འཛུགས་སྐྲུན་བྱེད་པ་བཅས་ཀྱི་ཆེད་དུ་དཔའ་ངར་ཞུམ་མེད་ངང་རང་སྲོག་བློས་གཏོང་མཁན་གྱི་གསར་བརྗེའི་སྔོན་གཤེགས་དཔའ་བོ་ཡོངས་ལ་སེམས་གཏིང་ནས་དྲན་གསོ་ཞུ། བཅོས་བསྒྱུར་སྒོ་འབྱེད་དང་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་གྱི་ཆེད་དུ་དཔའ་ངར་ཆེན་པོས་རང་སྲོག་བློས་བཏང་བའི་གསར་བརྗེའི་སྔོན་གཤེགས་དཔའ་བོར་སྙིང་ཐག་པ་ནས་དྲན་གསོ་ཞུ་རྒྱུ་དང་། ཉེ་རབས་ནས་བཟུང་མི་རིགས་རང་བཙན་དང་མི་དམངས་བཅིངས་འགྲོལ་གཏོང་ཆེད་དཔའ་ངར་ཞུམ་མེད་ཀྱིས་འབད་འཐབ་བྱས་པའི་སྤྱོད་བཟང་ཅན་ལ་སྙིང་ཐག་པ་ནས་དྲན་གསོ་ཞུ་རྒྱུ་ཡིན། ཁོང་ཚོས་མེས་རྒྱལ་དང་མི་རིགས་ཀྱི་ཆེད་དུ་བཞག་པའི་མཛད་རྗེས་རླབས་ཆེན་དུས་ནམ་ཡང་ལོ་རྒྱུས་ཀྱི་དེབ་ཐེར་ཁྲོད་འགོད་རྒྱུ་དང་། ཁོང་ཚོའི་བླ་ན་མེད་པའི་སྙིང་སྟོབས་མི་དམངས་ཀྱི་སེམས་སུ་ནམ་ཡང་བརྟན་པོར་ངེས་དགོས།
མི་དམངས་ནི་ལོ་རྒྱུས་ཀྱི་གསར་གཏོད་པ་དང་དཔའ་བོ་ངོ་མ་ཡིན། ངས་ཏང་ཀྲུང་དབྱང་གི་ཚབ་བྱས་ནས་རྒྱལ་ཡོངས་ཀྱི་རྒྱ་ཆེ་བའི་ལས་བཟོ་པ་དང་ཞིང་ལས་པ། ཤེས་ཡོན་ཅན། དམངས་གཙོའི་ཏང་ཁག་སོ་སོ་དང་ཏང་ཁག་གང་ལའང་མི་གཏོགས་པའི་མི་སྣ། མི་དམངས་ཀྱི་ཚོགས་པ་སོ་སོ། ལས་རིགས་སོ་སོའི་རྒྱལ་གཅེས་མི་སྣ་དང་། མི་དམངས་བཅིངས་འགྲོལ་དམག་གི་བཀོད་འདོམས་པ་དང་འཐབ་མོ་བ། ཉེན་རྟོག་དྲག་ཆས་དམག་དཔུང་གི་དཔོན་དམག སྤྱི་བདེའི་ལས་བྱེད་པ་དང་ཉེན་རྟོག་པ། མེ་གསོད་མྱུར་སྐྱོབ་རུ་ཁག་གི་བཀོད་འདོམས་པ་དང་འཐབ་མོ་བ། སྤྱི་ཚོགས་རིང་ལུགས་ཀྱི་ངལ་རྩོལ་པ་ཡོངས་དང་། འཐབ་ཕྱོགས་གཅིག་གྱུར་གྱི་རྒྱ་ཆེ་བའི་ཁོངས་མི་བཅས་ལ་བླ་ན་མེད་པའི་གུས་འདུད་ཞུ་རྒྱུ་ཡིན། ཞང་ཀང་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྤུན་ཟླ་དང་། ཨའོ་མོན་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྤུན་ཟླ། ཐའེ་ཝན་གྱི་སྤུན་ཟླ་བཅས་དང་དེ་བཞིན་རྒྱ་ཆེ་བའི་ཕྱིར་སྡོད་སྤུན་ཟླ་བཅས་ལ་ལྷག་བསམ་ཟོལ་མེད་ཀྱིས་འཚམས་འདྲི་ཞུ་རྒྱུ་ཡིན། ཀྲུང་གོའི་མི་དམངས་དང་མཛའ་མཐུན་མཉམ་གནས་བྱེད་པ་དང་། ཀྲུང་གོའི་གསར་བརྗེ་དང་འཛུགས་སྐྲུན། བཅོས་བསྒྱུར་བཅས་ཀྱི་བྱ་གཞག་ལ་ཐུགས་ཁུར་དང་རྒྱབ་སྐྱོར་གནང་བའི་རྒྱལ་ཁབ་སོ་སོའི་མི་དམངས་དང་གྲོགས་པོ་ཚོར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།
བློ་མཐུན་རྣམ་པ། གྲོགས་པོ་རྣམ་པ།
ཐོག་མའི་ཕུགས་འདུན་ཡོད་སླ་ཡང་རྒྱུན་སྐྱོང་དཀའ། ལོ་རྒྱུས་མེ་ལོང་བྱས་ན་དར་རྒུད་རྟོགས་ཐུབ། ང་ཚོས་ལོ་རྒྱུས་ཀྱི་འདས་དོན་དང་འབྱུང་འགྱུར་ལ་རྒྱང་ལྟ་བྱས་ཏེ། ཀྲུང་གོ་གུང་ཁྲན་ཏང་གི་ལོ་བརྒྱའི་འབད་འཐབ་ཀྱི་སྟེང་ནས། འདས་ཟིན་པར་ང་ཚོས་ཇི་ལྟར་བྱས་ན་གཞི་ནས་རྒྱལ་ཁ་ཐོབ་པ་དང་། མ་འོངས་པར་ང་ཚོས་ཇི་ལྟར་བྱས་ན་མུ་མཐུད་དུ་གྲུབ་འབྲས་བསྐྲུན་ཐུབ་པ་གསལ་པོར་ཤེས་ཐུབ་པས། རྒྱང་སྐྱོད་ཀྱི་བགྲོད་ལམ་གསར་པའི་སྟེང་སྔར་ལས་ལྷག་པར་བློ་བརྟན་འགྱུར་མེད་དང་། རང་རྟོགས་ཀྱིས་ཐོག་མའི་ཕུགས་འདུན་དང་འགན་འཁྲི་བློ་ལ་བརྟན་པོར་བཅངས་ནས། མཛེས་སྡུག་ལྡན་པའི་འབྱུང་འགྱུར་གསར་བསྐྲུན་བྱེད་དགོས།
ལོ་རྒྱུས་མེ་ལོང་བྱས་ནས་འབྱུང་འགྱུར་བསྐྲུན་པར། ངེས་པར་ཀྲུང་གོ་གུང་ཁྲན་ཏང་གི་འགྱུར་མེད་སྲ་བརྟན་གྱི་མགོ་ཁྲིད་རྒྱུན་འཁྱོངས་བྱེད་དགོས། ཀྲུང་གོའི་བྱ་བ་ལེགས་པོར་བསྒྲུབ་པའི་གནད་འགག་ནི་ཏང་ལ་རག་ལས་ཡོད། ཀྲུང་ཧྭ་མི་རིགས་ཉེ་རབས་ཚུན་གྱི་ལོ་ངོ180ལྷག་གི་ལོ་རྒྱུས་དང་། ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ཚུན་གྱི་ལོ་ངོ100ལྷག་གི་ལོ་རྒྱུས། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་ངོ70ལྷག་གི་ལོ་རྒྱུས་བཅས་ཀྱི་སྟེང་ནས་ཀྲུང་གོ་གུང་ཁྲན་ཏང་མེད་ན་ཀྲུང་གོ་གསར་པ་མེད་པ་དང་། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་ཡོང་མི་སྲིད་པ་ར་སྤྲོད་གང་ལེགས་བྱས་ཡོད། ལོ་རྒྱུས་དང་མི་དམངས་ཀྱིས་ཀྲུང་གོ་གུང་ཁྲན་ཏང་བདམས་ཡོད། ཀྲུང་གོ་གུང་ཁྲན་ཏང་གི་མགོ་ཁྲིད་ནི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཆེས་ངོ་བོ་ལྡན་པའི་ཁྱད་ཆོས་དང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་ཁྱད་འཕགས་དགེ་མཚན་ཆེ་ཤོས་ཡིན་ལ། ཏང་དང་རྒྱལ་ཁབ་ཀྱི་རྩ་བ་དང་སྲོག་རྩ་ཡང་ཡིན་པ་མ་ཟད། རྒྱལ་ཡོངས་མི་རིགས་སོ་སོའི་མི་དམངས་ཀྱི་ཁེ་ཕན་དང་ལས་དབང་ལ་དམ་པོར་འབྲེལ་ཡོད།
རྒྱང་སྐྱོད་ཀྱི་བགྲོད་ལམ་གསར་པའི་སྟེང་། ང་ཚོས་ངེས་པར་ཏང་གི་ཁྱོན་ཡོངས་ཀྱི་སྣེ་ཁྲིད་རྒྱུན་འཁྱོངས་བྱས་ཏེ། ཏང་གི་མགོ་ཁྲིད་ཟམ་མི་ཆད་པར་འཐུས་ཚང་དུ་གཏོང་བ་དང་། “འདུ་ཤེས་བཞི”གཏིང་ཟབ་ཏུ་གཏོང་བ། “ཡིད་ཆེས་བཞི”སྲ་བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”སྒྲུབ་ཐུབ་པ་བཅས་བྱས་ཏེ། “རྒྱལ་དོན་ཆེན་མོ”བློ་ལ་བརྟན་པོར་བཟུང་ནས། ཏང་གིས་ཚན་རིག་དང་མཐུན་པའི་སྒོ་ནས་སྲིད་སྐྱོང་བ་དང་། དམངས་གཙོས་སྲིད་སྐྱོང་བ། ཁྲིམས་ལྟར་སྲིད་སྐྱོང་བ་བཅས་ཀྱི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་བ་དང་། ཁྱོན་ཡོངས་ལ་དམ་འཛིན་དང་ཕྱོགས་སོ་སོར་མཐུན་སྦྱོར་བྱེད་པའི་ཏང་གི་སྣེ་ཁྲིད་སྲོག་ཤིང་གི་ནུས་པ་འདོན་སྤེལ་གང་ལེགས་བྱེད་དགོས།
ལོ་རྒྱུས་མེ་ལོང་བྱས་ནས་འབྱུང་འགྱུར་བསྐྲུན་པར། ངེས་པར་ཀྲུང་གོ་མི་དམངས་ལ་མཐུན་སྒྲིལ་སྒོས་སྣེ་ཁྲིད་དེ་མཛེས་སྡུག་ལྡན་པའི་འཚོ་བའི་ཆེད་དུ་རྒྱུན་ཆད་མེད་པར་འབད་འཐབ་བྱེད་དགོས། སྲིད་ཀྱི་དར་རྒུད་དམངས་ལ་བརྟེན་པ་དང་། དམངས་ཀྱི་བདེ་སྡུག་སྲིད་ལ་བརྟེན་པ། སྲིད་དབང་བརྩོན་ལེན་དང་རྒྱལ་སྲིད་སྐྱོང་བ་ནི་མི་དམངས་ཀྱི་བསམ་པ་ཡིན། ཀྲུང་གོ་གུང་ཁྲན་ཏང་གི་གཞི་རྩ་ནི་མི་དམངས་དང་། ཁྲག་རྒྱུན་ནི་མི་དམངས་ཡིན་ལ། སྟོབས་ཤུགས་ཀྱང་མི་དམངས་ཡིན། ཀྲུང་གོ་གུང་ཁྲན་ཏང་གིས་ཐོག་མཐའ་བར་གསུམ་དུ་ཆེས་རྒྱ་ཆེ་བའི་མི་དམངས་ཀྱི་རྩ་བའི་ཁེ་ཕན་དང་། མི་དམངས་དང་བདེ་སྡུག་མཉམ་མྱོང་། འཆི་གསོན་མཉམ་གནས་བྱེད་པ་མཚོན་ཡོད་པ་དང་། རང་ཉིད་ལ་དམིགས་བསལ་ཁེ་ཕན་གང་ཡང་མེད་ལ། ཁེ་ཕན་ཚོགས་པ་དང་དབང་ཤུགས་ཚོགས་པ། ཁྱད་དབང་དང་རིམ་གྲས་གང་རུང་གི་ཁེ་ཕན་གཏན་ནས་མཚོན་གྱིན་མེད། ཀྲུང་གོ་གུང་ཁྲན་ཏང་དང་ཀྲུང་གོ་མི་དམངས་ཁ་བྲལ་གཏོང་བའམ་འགལ་ཟླ་བཟོ་བའི་རེ་ངན་མཐའ་དག་གཏན་ནས་འགྲུབ་མི་སྲིད། ཀྲུང་གོ་གུང་ཁྲན་ཏང་མི་ཁྲི9500ལྷག་གིས་ཁས་ལེན་མི་སྲིད་པ་མ་ཟད། ཀྲུང་གོ་མི་དམངས་དུང་ཕྱུར14ལྷག་གིས་ཀྱང་ཁས་ལེན་མི་སྲིད།
རྒྱང་སྐྱོད་ཀྱི་བགྲོད་ལམ་གསར་བའི་སྟེང་། ང་ཚོས་ངེས་པར་མི་དམངས་དང་དམ་པོར་བསྟེན་ནས་ལོ་རྒྱུས་བསྐྲུན་དགོས་པ་དང་། བློ་གཅིག་སེམས་གཅིག་གིས་མི་དམངས་ལ་ཞབས་འདེགས་ཕྱི་བའི་གཞི་རྩའི་དམིགས་འབེན་རྒྱུན་འཁྱོངས་བྱེད་དགོས། མི་དམངས་ཀྱི་ཕྱོགས་ནས་བརྟན་པོར་འགྲེངས་ཏེ། ཏང་གི་མང་ཚོགས་ལམ་ཕྱོགས་ལག་བསྟར་དོན་འཁྱོལ་བྱེད་པ་དང་། མི་དམངས་ཀྱི་གསར་སྐྲུན་སྙིང་སྟོབས་ལ་བརྩི་འཇོག་བྱེད་པ། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་ལག་ལེན་བྱེད་པ། འཕེལ་རྒྱས་ཀྱི་གོ་རིམ་ཡོངས་ལ་མི་དམངས་དམངས་གཙོ་དང་སྤྱི་ཚོགས་ཀྱི་དྲང་བདེན་དྲང་བཞག་སྲུང་སྐྱོབ་བྱས་ནས། འཕེལ་རྒྱས་དོ་མི་སྙོམས་པ་དང་འཐུས་མི་ཚང་བའི་གནད་དོན་དང་། མི་དམངས་མང་ཚོགས་ཀྱི་སེམས་ཁྲལ་དང་རེ་ལྟོས་བྱེད་པའི་གནད་དོན་ནུས་ཤུགས་ཆེན་པོས་ཐག་གཅོད་བྱེད་པ། མིིའི་ཁྱོན་ཡོངས་ཀྱི་འཕེལ་རྒྱས་དང་མི་དམངས་ཡོངས་ཐུན་མོང་ཐོག་འབྱོར་ཕྱུག་ལྡན་པར་སྔར་བས་མངོན་གསལ་གྱིས་དོན་དངོས་རང་བཞིན་གྱི་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་དགོས།
ལོ་རྒྱུས་མེ་ལོང་བྱས་ནས་འབྱུང་འགྱུར་བསྐྲུན་པར། ངེས་པར་མར་ཁེ་སི་རིང་ལུགས་ཀྲུང་གོ་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་དགོས། མར་ཁེ་སི་རིང་ལུགས་ནི་ང་ཚོའི་ཏང་འཛུགས་རྒྱལ་འཛུགས་ཀྱི་རྩ་བའི་མཛུབ་སྟོན་གྱི་བསམ་བློ་ཡིན་ལ། ང་ཚོའི་ཏང་གི་རྣམ་ཤེས་དང་དར་ཆའང་ཡིན། ཀྲུང་གོ་གུང་ཁྲན་ཏང་གིས་མར་ཁེ་སི་རིང་ལུགས་ཀྱི་གཞི་རྩའི་གཞུང་ལུགས་རྒྱུན་འཁྱོངས་དང་། དངོས་ཐོག་བདེན་འཚོལ་རྒྱུན་འཁྱོངས་བྱེད་པར་ཀྲུང་གོའི་དོན་དངོས་ནས་མགོ་བརྩམས་ཏེ། དུས་རབས་ཀྱི་འཕེལ་ཕྱོགས་རྟོགས་པ་དང་ལོ་རྒྱུས་ཀྱི་རང་བཞིན་ཁོང་དུ་ཆུད་པ། དཀའ་ངལ་ཁྱད་བསད་ཀྱིས་འཚོལ་ཞིབ་བྱས་ནས། མར་ཁེ་སི་རིང་ལུགས་ཀྲུང་གོ་ཅན་དང་དུས་རབས་ཅན་དུ་འགྱུར་བར་མུ་མཐུད་དུ་སྐུལ་འདེད་གཏོང་བ་དང་། ཀྲུང་གོ་མི་དམངས་ཀྱིས་མུ་མཐུད་དུ་རླབས་ཆེ་བའི་སྤྱི་ཚོགས་བཅོས་སྒྱུར་ལ་སྐུལ་འདེད་གཏོང་བར་མཛུབ་སྟོན་བྱེད་དགོས། ཀྲུང་གོ་གུང་ཁྲན་ཏང་གིས་ཅིའི་ཕྱིར་ནུས་པ་དང་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཅིའི་ཕྱིར་བཟང་ཞེ་ན། མདོར་བསྡུས་ན་མར་ཁེ་སི་རིང་ལུགས་ཡང་དག་པས་ཡིན།
རྒྱང་སྐྱོད་ཀྱི་བགྲོད་ལམ་གསར་བའི་སྟེང་། ང་ཚོས་ངེས་པར་དུ་མར་ཁེ་སི་ལེ་ཉིན་རིང་ལུགས་དང་མའོ་ཙེ་ཏུང་གི་དགོངས་པ། ཏིང་ཞའོ་ཕིང་གི་རིགས་པའི་གཞུང་ལུགས། “མཚོན་བྱེད་གསུམ”གྱི་དགོངས་པ་གལ་ཆེན། ཚན་རིག་གི་འཕེལ་རྒྱས་ལྟ་བ་བཅས་རྒྱུན་འཁྱོངས་བྱེད་དགོས་པ་དང་། ཕྱོགས་ཡོངས་ནས་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལྟ་བ་ལག་བསྟར་དོན་འཁྱོལ་བྱེད་དགོས། མར་ཁེ་སི་རིང་ལུགས་ཀྱི་རྩ་བའི་གཞུང་ལུགས་དེ་ཀྲུང་གོའི་ཞིབ་ཕྲའི་དོན་དངོས་དང་ཟུང་འབྲེལ་བྱེད་པ་དང་། ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་དང་ཟུང་དུ་འབྲེལ་བ་རྒྱུན་འཁྱོངས་བྱེད་དགོས། མར་ཁེ་སི་རིང་ལུགས་སྤྱད་དེ་དུས་རབས་ལ་ལྟ་ཞིབ་དང་དུས་རབས་ཁོང་དུ་ཆུད་པ། དུས་རབས་ཀྱི་སྣེ་ཁྲིད་པ་བཅས་བྱེད་དགོས། དེང་རབས་ཀྱི་ཀྲུང་གོའི་མར་ཁེ་སི་རིང་ལུགས་དང་དུས་རབས21པའི་མར་ཁེ་སི་རིང་ལུགས་མུ་མཐུད་དུ་འཕེལ་རྒྱས་སུ་གཏོང་དགོས།
ལོ་རྒྱུས་མེ་ལོང་བྱས་ནས་འབྱུང་འགྱུར་བསྐྲུན་པར། ངེས་པར་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་རྒྱུན་འཁྱོངས་དང་འཕེལ་རྒྱས་གཏོང་དགོས། རང་ཉིད་ཀྱི་ལམ་དུ་བགྲོད་པ་ནི་ཏང་གི་རིགས་གཞུང་དང་ལག་ལེན་ཡོངས་ཀྱི་རྐང་ཚུགས་ས་ཡིན་ལ། ལྷག་པར་ཏང་གི་ལོ་བརྒྱའི་འབད་འཐབ་ཁྲོད་བྱུང་བའི་ལོ་རྒྱུས་ཀྱི་ཕྱོགས་བསྡོམས་ཀྱང་ཡིན། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ནི་ཏང་དང་མི་དམངས་ཀྱིས་དཀའ་སྡུག་ཚད་མེད་མྱངས་ཏེ་རིན་དོད་ཆེན་པོ་ཕུལ་རྗེས་བླངས་པའི་གཞི་རྩའི་བྱས་རྗེས་ཡིན་ལ། དེ་ནི་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེ་བའི་བསྐྱར་དར་གྱི་ཡང་དག་པའི་བགྲོད་ལམ་ཡང་ཡིན། ང་ཚོས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་རྒྱུན་འཁྱོངས་དང་འཕེལ་རྒྱས་གཏོང་དགོས་པ་དང་། དངོས་པོའི་དཔལ་ཡོན་དང་ཆབ་སྲིད་དཔལ་ཡོན། བསམ་བློའི་དཔལ་ཡོན། སྤྱི་ཚོགས་དཔལ་ཡོན། སྐྱེ་ཁམས་དཔལ་ཡོན་བཅས་མཐུན་སྦྱོར་འཕེལ་རྒྱས་ཡོང་བར་སྐུལ་འདེད་བཏང་ནས། ཀྲུང་གོ་རང་བཞིན་གྱི་དེང་རབས་ཅན་གྱི་བགྲོད་ལམ་གསར་བ་བསྐྲུན་ཡོད་ཅིང་། མིའི་རིགས་དཔལ་ཡོན་གྱི་རྣམ་པ་གསར་བའང་བསྐྲུན་ཡོད།
མདུན་སྐྱོད་ཀྱི་བགྲོད་ལམ་གསར་པའི་སྟེང་། ང་ཚོས་ངེས་པར་ཏང་གི་རྩ་བའི་གཞུང་ལུགས་དང་རྩ་བའི་ལམ་ཕྱོགས། རྩ་བའི་འཐབ་ཕྱོགས་རྒྱུན་འཁྱོངས་བྱེད་པ་དང་། “གནས་ལྔ་གཞི་གཅིག”གི་སྤྱིའི་བཀོད་སྒྲིག་གཅིག་གྱུར་སྐུལ་འདེད་གཏོང་བ་དང་། “ཁྱོན་ཡོངས་བཞི”འཐབ་ཇུས་བཀོད་སྒྲིག་ལ་མཐུན་སྦྱོར་སྐུལ་འདེད་བཏང་ནས། ཁྱོན་ཡོངས་ནས་བཅོས་བསྒྱུར་སྒོ་འབྱེད་ཟབ་སྤེལ་དང་། འཕེལ་རྒྱས་ཀྱི་དུས་སྐབས་གསར་བར་རྐང་བཙུགས་ཏེ། འཐུས་ཚང་དང་ཡང་དག ཁྱོན་ཡོངས་ནས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་བ་ལག་ལེན་མཐར་ཕྱིན་བྱེད་པ་དང་། འཕེལ་རྒྱས་ཀྱི་རྣམ་པ་གསར་བ་འཛུགས་སྐྲུན་བྱས་ཏེ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་དང་། ཚན་རྩལ་གྱི་རང་སྟོབས་རང་སྤེལ་ལ་སྐུལ་འདེད། མི་དམངས་ཀྱི་རང་ཁྱིམ་རང་བདག་ལ་ཁག་ཐེག་བྱས་ཏེ། ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བ་རྒྱུན་འཁྱོངས་དང་། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་མ་ལག་རྒྱུན་འཁྱོངས། དེ་མིན་འཕེལ་རྒྱས་ཁྲོད་དམངས་འཚོའི་འགན་སྲུང་དང་ལེགས་བཅོས་རྒྱུན་འཁྱོངས། མི་དང་རང་བྱུང་འཆམ་མཐུན་མཉམ་གནས་རྒྱུན་འཁྱོངས་བྱས་ཏེ། མི་དམངས་འབྱོར་ཕྱུག་དང་རྒྱལ་ཁབ་སྟོབས་ལྡན། ཀྲུང་གོ་མཛེས་སྡུག་ཅན་དུ་གཏོང་བར་མཉམ་དུ་སྐུལ་འདེད་གཏོང་དགོས།
ཀྲུང་ཧྭ་མི་རིགས་ལ་ལོ་ངོ5000ལྷག་གི་ལོ་རྒྱུས་ཀྱི་འཕོ་འགྱུར་ཁྲོད་མཚར་སྡུག་གི་དཔལ་ཡོན་གྲུབ་ཡོད་ཅིང་། ཀྲུང་གོ་གུང་ཁྲན་ཏང་ལ་ལོ་བརྒྱའི་དཀའ་སྤྱད་ཀྱི་ལག་ལེན་དང་ལོ་ངོ70རིང་གི་སྲིད་གཉེར་རྒྱལ་དར་གྱི་ཉམས་མྱོང་ལྡན་པས། ང་ཚོས་ཧུར་ཐག་གིས་མིའི་རིགས་དཔལ་ཡོན་གྱི་ཁེ་ཕན་གྲུབ་འབྲས་ལ་སློབ་སྦྱོང་བྱས་ཤིང་། ཁེ་ཕན་ལྡན་པའི་བསམ་འཆར་དང་ཀུན་སློང་གཙང་མའི་སྐྱོན་བརྗོད་མཐའ་དག་དང་ལེན་བྱེད་བཞིན་ཡོད། འོན་ཀྱང་ང་ཚོས“ཚོགས་ཁྲིད་རྒན་པོའི”རང་ལྟ་མཆོག་འཛིན་གྱི་སྟོང་བཤད་དང་ལེན་གཏན་ནས་བྱེད་མི་སྲིད། ཀྲུང་གོ་གུང་ཁྲན་ཏང་དང་ཀྲུང་གོ་མི་དམངས་ཀྱིས་རང་ཉིད་ཀྱིས་བདམས་པའི་བགྲོད་ལམ་སྟེང་མདུན་དུ་བསྐྱོད་དེ། ཀྲུང་གོའི་འཕེལ་རྒྱས་ཀྱི་ལས་དབང་དེ་རང་ལག་ཏུ་དམ་པོར་འཆང་ཡོད།
ལོ་རྒྱུས་མེ་ལོང་བྱས་ནས་འབྱུང་འགྱུར་གསར་གཏོད་བྱེད་པ་ལ། ངེས་པར་རྒྱལ་སྲུང་དང་དམག་དཔུང་དེང་རབས་ཅན་ཇེ་མགྱོགས་སུ་གཏོང་དགོས། རྒྱལ་ཁབ་སྟོབས་ལྡན་དུ་གཏོང་བར་ངེས་པར་དམག་དཔུང་སྟོབས་ལྡན་དུ་གཏོང་དགོས་ཤིང་། དམག་དཔུང་སྟོབས་ལྡན་དུ་གྱུར་ན་རྒྱལ་ཁབ་ད་གཟོད་བདེ་འཇགས་ཡིན། ཏང་གི་བཀོད་འདོམས་རྒྱུན་འཁྱོངས་དང་རང་ཉིད་ཀྱི་མི་དམངས་དམག་དཔུང་འཛུགས་སྐྲུན་བྱེད་པ་ནི། ཏང་གིས་འཐབ་རྩོད་ཁྲོད་ཐོབ་པའི་བདེན་ལུགས་ཡིན། མི་དམངས་དམག་དཔུང་གིས་ཏང་དང་མི་དམངས་ལ་ཉམས་པ་མེད་པའི་ཕྱག་རྗེས་མཛད་ཡོད། དེ་ནི་རྒྱལ་ཁམས་སྲུང་བ་དང་མི་རིགས་ཀྱི་ལ་རྒྱ་སྲུང་བའི་རྨང་རྡོ་ཡིན་པ་མ་ཟད། ས་ཁུལ་དང་འཛམ་གླིང་གི་ཞི་བདེ་སྲུང་སྐྱོང་བྱེད་པའི་སྟོབས་ཤུགས་ཀྱང་ཡིན།
རྒྱང་སྐྱོད་ཀྱི་བགྲོད་ལམ་གསར་པའི་སྟེང་། ང་ཚོས་ངེས་པར་དུས་རབས་གསར་པའི་ཏང་གི་དམག་དཔུང་སྟོབས་ཆེན་དུ་གཏོང་བའི་དགོངས་པ་ཕྱོགས་ཡོངས་ནས་ལག་བསྟར་དང་། དུས་རབས་གསར་པའི་དམག་དོན་གྱི་འཐབ་ཇུས་བྱེད་ཕྱོགས་ལག་བསྟར། ཏང་གིས་མི་དམངས་དམག་དཔུང་ལ་མགོ་ཁྲིད་བྱེད་པ་མཐའ་གཅིག་ཏུ་རྒྱུན་འཁྱོངས། ཀྲུང་གོའི་ཁྱད་ཆོས་ལྡན་པའི་དམག་དཔུང་སྟོབས་ཆེན་དུ་གཏོང་བའི་ལམ་བུའི་སྟེང་བསྐྱོད་པར་རྒྱུན་འཁྱོངས། ཁྱོན་ཡོངས་ནས་ཆབ་སྲིད་ལ་བརྟེན་ནས་དམག་དཔུང་འཛུགས་སྐྱོང་དང་། བཅོས་བསྒྱུར་ལ་བརྟེན་ནས་དམག་དཔུང་སྟོབས་ཆེན་དུ་གཏོང་བ། ཚན་རྩལ་ལ་བརྟེན་ནས་དམག་དཔུང་སྟོབས་ཆེན་དུ་གཏོང་བ། ཁྲིམས་ལྟར་དམག་དཔུང་བསྐྱངས་ཏེ་མི་དམངས་དམག་དཔུང་འདི་ཉིད་འཛམ་གླིང་སྟེང་གི་དམག་དཔུང་རྩེ་གྲས་སུ་འཛུགས་སྐྱོང་བྱེད་པ་དང་། སྔར་ལས་སྟོབས་ཤུགས་ལྡན་པ་དང་སྔར་ལས་བློས་འགེལ་ཆོག་པའི་བྱེད་ཐབས་སྤྱད་དེ་རྒྱལ་ཁབ་ཀྱི་བདག་དབང་དང་བདེ་འཇགས། འཕེལ་རྒྱས་བཅས་ཀྱི་ཁེ་ཕན་སྲུང་སྐྱོང་བྱེད་དགོས།
ལོ་རྒྱུས་མེ་ལོང་བྱས་ནས་འབྱུང་འགྱུར་གསར་གཏོད་བྱེད་པ་ལ། ངེས་པར་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་སྐྲུན་པར་རྒྱུན་ཆད་མེད་པར་སྐུལ་འདེད་གཏོང་དགོས། ཞི་བདེ་དང་མཐུན་འགྲིག འཆམ་མཐུན་བཅས་ནི་ཀྲུང་ཧྭ་མི་རིགས་ཀྱིས་ལོ་ངོ5000ལྷག་གི་རིང་ལ་ཐོག་མཐའ་བར་གསུམ་དུ་དོན་གཉེར་དང་རྒྱུན་འཛིན་བྱེད་པའི་འདུ་ཤེས་ཡིན་པ་དང་། ཀྲུང་ཧྭ་མི་རིགས་ཀྱི་ཁྲག་རྒྱུན་ཁྲོད་མི་གཞན་ལ་བཙན་འཛུལ་དང་ང་ཆེ་ང་བཙན་སྙམ་པའི་གཞི་རྒྱུ་མེད་ལ། ཀྲུང་གོ་གུང་ཁྲན་ཏང་གིས་མིའི་རིགས་ཀྱི་མདུན་ལམ་དང་ལས་དབང་ལ་དོ་ཁུར་བྱས་ཏེ། འཛམ་གླིང་སྟེང་གི་ཡར་ཐོན་སྟོབས་ཤུགས་མཐའ་དག་དང་ལག་གདང་སྦྲེལ་ནས་མདུན་དུ་བསྐྱོད་པ་དང་། ཀྲུང་གོ་ནི་ཐོག་མཐའ་བར་གསུམ་དུ་འཛམ་གླིང་ཞི་བདེའི་འཛུགས་སྐྲུན་པ་དང་། གོ་ལ་ཧྲིལ་བོའི་འཕེལ་རྒྱས་ཐད་བྱས་རྗེས་འཇོག་མཁན། རྒྱལ་སྤྱིའི་སྒྲིག་ལམ་གྱི་སྲུང་སྐྱོང་པ་བཅས་ཡིན།
རྒྱང་སྐྱོད་ཀྱི་བགྲོད་ལམ་གསར་པའི་སྟེང་། ང་ཚོས་ངེས་པར་ཞི་བདེ་དང་འཕེལ་རྒྱས། མཉམ་ལས། མཉམ་རྒྱལ་བཅས་ཀྱི་དར་ཆ་མཐོན་པོར་བསྒྲེངས་བ་དང་། རང་ཚུགས་རང་བདག་གི་ཞི་བདེའི་ཕྱི་འབྲེལ་སྲིད་ཇུས་ལག་ཏུ་བསྟར་ནས་ཞི་བདེ་འཕེལ་རྒྱས་ཀྱི་ལམ་བུའི་སྟེང་བསྐྱོད་པ་རྒྱུན་འཁྱོངས་བྱེད་པ་དང་། རྒྱལ་སྤྱིའི་འབྲེལ་བ་གསར་པ་འཛུགས་པར་སྐུལ་འདེད་གཏོང་བ། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་སྐྲུན་པར་སྐུལ་འདེད་གཏོང་བ། “རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། ཀྲུང་གོའི་འཕེལ་རྒྱས་གསར་བར་བརྟེན་ནས་འཛམ་གླིང་ལ་གོ་སྐབས་གསར་པ་མཁོ་འདོན་བྱེད་དགོས། ཀྲུང་གོ་གུང་ཁྲན་ཏང་གིས་མུ་མཐུད་དུ་ཞི་བདེ་ལ་དགའ་བའི་རྒྱལ་ཁབ་དང་མི་དམངས་དང་མཉམ་དུ། ཞི་བདེ་དང་འཕེལ་རྒྱས། འདྲ་མཉམ། དྲང་བདེན། དམངས་གཙོ། རང་དབང་བཅས་ཀྱི་མིའི་རིགས་ཧྲིལ་བོའི་ཐུན་མོང་གི་རིན་ཐང་དར་སྤེལ་གཏོང་བ་དང་། མཉམ་ལས་རྒྱུན་འཁྱོངས་དང་འགྲན་རྒོལ་མི་བྱེད་པ། སྒོ་འབྱེད་རྒྱུན་འཁྱོངས་དང་བཀག་སྡོམ་མི་བྱེད་པ། གཉིས་ཕན་མཉམ་རྒྱལ་རྒྱུན་འཁྱོངས་བྱེད་པ། རང་གཅིག་པུ་རྒྱལ་བར་མི་བྱེད་པ་བཅས་ཀྱིས་བཙན་དབང་རིང་ལུགས་དང་བཙན་དབང་ཆབ་སྲིད་ལ་ངོ་རྒོལ་བྱས་ནས། ལོ་རྒྱུས་ཀྱི་འཁོར་ལོ་འོད་སྟོང་འབར་བའི་དམིགས་འབེན་གྱི་ཕྱོགས་སུ་མདུན་སྐྱོད་བྱེད་པར་སྐུལ་འདེད་གཏོང་དགོས།
ཀྲུང་གོ་མི་དམངས་ནི་དྲང་བདེན་ལ་བརྩི་མཐོང་བྱེད་ཅིང་གཏུམ་དྲག་ལ་ཞུམ་པ་མེད་པའི་མི་དམངས་ཡིན་ལ། ཀྲུང་ཧྭ་མི་རིགས་ནི་མི་རིགས་ཀྱི་སྤོབས་སེམས་དང་རང་རྟོན་གྱི་བསམ་པ་ཆེན་པོ་ལྡན་པའི་མི་རིགས་ཤིག་ཡིན། ཀྲུང་གོ་མི་དམངས་ཀྱིས་རྒྱལ་ཁབ་གཞན་གྱི་མི་དམངས་ལ་བརྙས་བཅོས་དང་གཉའ་གནོན། བྲན་བཀོལ་གཏན་ནས་བྱས་མ་མྱོང་། སྔོན་ཆད་བྱས་མྱོང་མེད་ལ་ད་ལྟའང་བྱེད་ཀྱིན་མེད་པ་དང་། ཕྱིན་ཆད་ཡང་བྱེད་མི་སྲིད། དུས་མཚུངས་སུ། ཀྲུང་གོ་མི་དམངས་ཀྱིས་ཕྱི་ཕྱོགས་ཀྱི་སྟོབས་ཤུགས་གང་རུང་གིས་ང་ཚོར་བརྙས་བཅོས་དང་གཉའ་གནོན། བྲན་བཀོལ་གཏན་ནས་བྱེད་དུ་མི་འཇུག སུ་ཞིག་གིས་དེ་ལྟར་བྱེད་པའི་རེ་ངན་བཅངས་ན། ཀྲུང་གོ་མི་དམངས་དུང་ཕྱུར14ལྷག་གི་ཤ་ཁྲག་ལས་གྲུབ་པའི་ལྕགས་རིའི་མདུན་དུ་ཁ་ཆག་སྣ་རལ་ཏུ་འགྱུར་སྲིད།
ལོ་རྒྱུས་མེ་ལོང་བྱས་ནས་འབྱུང་འགྱུར་གསར་གཏོད་བྱེད་པ་ལ། ངེས་པར་ལོ་རྒྱུས་ཀྱི་ཁྱད་ཆོས་གསར་བ་མང་པོ་ལྡན་པའི་རླབས་ཆེ་བའི་འཐབ་རྩོད་བྱེད་དགོས། འཐབ་རྩོད་བྱེད་ཕོད་པ་དང་རྒྱལ་ཁ་ལེན་ཕོད་པ་ནི་ཀྲུང་གོ་གུང་ཁྲན་ཏང་གི་འགྲན་ཟླ་བྲལ་བའི་བསམ་བློའི་སྟོབས་ཤུགས་ཆེན་པོ་ཡིན། ཕུགས་འདུན་རླབས་ཆེན་མངོན་འགྱུར་བྱ་དགོས་ན། བློ་བརྟན་འགྱུར་མེད་ཀྱིས་འབད་བརྩོན་དང་འབད་འཐབ་ལྷོད་མེད་བྱ་དགོས། ད་ལྟ་ང་ཚོ་ལོ་རྒྱུས་ཐོག་གི་དུས་སྐབས་གང་ལས་ཀྱང་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེ་བའི་བསྐྱར་དར་དམིགས་འབེན་མངོན་འགྱུར་ཡོང་བར་ཉེ་བར་བཅར་ཡོད་ལ། སྔར་ལས་ལྷག་པའི་ཡིད་ཆེས་དང་ནུས་པ་ལྡན་ཡོད། དུས་མཚུངས་སུ་ངེས་པར་དཀའ་ཚེགས་དང་དཀའ་སྡུག་སྔར་ལས་མང་པོས་འབད་བརྩོན་བྱེད་པར་གྲ་སྒྲིག་བྱེད་དགོས།
རྒྱང་སྐྱོད་ཀྱི་བགྲོད་ལམ་གསར་པའི་སྟེང་། ང་ཚོས་ངེས་པར་སེམས་ཁྲལ་གྱི་འདུ་ཤེས་འཛིན་ཤུགས་ཆེ་རུ་བཏང་ནས་ཐོག་མཐའ་བར་གསུམ་དུ་བདེ་སྡོད་ཉེན་བསམ་བྱེད་དགོས། སྤྱི་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་ལྟ་བ་ལག་ལེན་མཐར་ཕྱིན་བྱས་ནས་འཕེལ་རྒྱས་དང་བདེ་འཇགས་གཅིག་གྱུར་གྱིས་འཆར་འགོད་བྱེད་དགོས་ལ། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེ་བའི་བསྐྱར་དར་འཐབ་ཇུས་ཀྱི་ཁྱོན་ཡོངས་དང་འཛམ་གླིང་གི་ལོ་ངོ་བརྒྱ་ལྷག་རིང་བྱུང་མ་མྱོང་བའི་འགྱུར་ལྡོག་ཆེན་པོར་གཅིག་གྱུར་གྱིས་འཆར་འགོད་བྱེད་དགོས། རང་རྒྱལ་སྤྱི་ཚོགས་ཀྱི་འགལ་བ་གཙོ་བོའི་འགྱུར་ལྡོག་ལས་བྱུང་བའི་ཁྱད་ཆོས་གསར་བ་དང་བླང་བྱ་གསར་བར་ངོས་འཛིན་གཏིང་ཟབ་བྱེད་དགོས། སྣེ་མང་རྙོག་འཛིང་ཆེ་བའི་རྒྱལ་སྤྱིའི་ཁོར་ཡུག་ལས་བྱུང་བའི་འགལ་བ་གསར་བ་དང་འགྲན་སློང་གསར་བར་ངོས་འཛིན་གཏིང་ཟབ་བྱེད་དགོས། འཐབ་རྩོད་བྱེད་ཕོད་པ་དང་འཐབ་རྩོད་བྱེད་མཁས་པ། དཀའ་སྡུག་གི་རི་བོར་ཁུང་ཕུག་ཅིང་འགྲན་སློང་གི་ཆུ་བོར་ཟམ་འཕང་ནས་ཉེན་ཁ་དང་འགྲན་སློང་ཐམས་ཅད་ལས་རྣམ་པར་རྒྱལ་ཕོད་དགོས།
ལོ་རྒྱུས་མེ་ལོང་བྱས་ནས་འབྱུང་འགྱུར་གསར་གཏོད་བྱེད་པ་ལ། ངེས་པར་ཀྲུང་ཧྭའི་བུ་ཕྲུག་ཡོངས་ཀྱི་མཐུན་སྒྲིལ་ཆེན་མོར་ཤུགས་སྣོན་རྒྱག་དགོས། ལོ་བརྒྱའི་འབད་འཐབ་ལོ་རྒྱུས་ཀྱི་གོ་རིམ་ཁྲོོད། ཀྲུང་གོ་གུང་ཁྲན་ཏང་གིས་ཐོག་མཐའ་བར་གསུམ་དུ་འཐབ་ཕྱོགས་གཅིག་གྱུར་དེ་གོ་གནས་གལ་ཆེན་དུ་བཞག་ནས། རྒྱ་ཆེ་བའི་འཐབ་ཕྱོགས་གཅིག་གྱུར་དེ་རྒྱུན་ཆད་མེད་པར་སྲ་བརྟན་དང་འཕེལ་རྒྱས་སུ་བཏང་སྟེ། མཐུན་སྒྲིལ་བྱེད་ཐུབ་པའི་སྟོབས་ཤུགས་མཐའ་དག་ལ་མཐུན་སྒྲིལ་དང་། སྐུལ་སློང་བྱེད་ཐུབ་པའི་དགེ་མཚན་ལྡན་པའི་རྒྱུ་རྐྱེན་མཐའ་དག་སྐུལ་སློང་བྱས་ནས་ཐུན་མོང་ཐོག་འབད་འཐབ་བྱེད་པའི་སྟོབས་ཤུགས་གཅིག་ཏུ་སྒྲིལ་གང་ཐུབ་བྱས་ཡོད། རྒྱལ་གཅེས་འཐབ་ཕྱོགས་གཅིག་གྱུར་ནི་ཀྲུང་གོ་གུང་ཁྲན་ཏང་གིས་རྒྱལ་ཁབ་ཕྱི་ནང་གི་ཀྲུང་ཧྭའི་བུ་ཕྲུག་ཡོངས་ལ་མཐུན་སྒྲིལ་བྱས་ཏེ་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེ་བའིི་བསྐྱར་དར་མངོན་འགྱུར་བྱེད་པའི་ཐབས་ཇུས་གལ་ཆེན་ཞིག་ཡིན།
རྒྱང་སྐྱོད་ཀྱི་བགྲོད་ལམ་གསར་པའི་སྟེང་། ང་ཚོས་ངེས་པར་མཐུན་སྒྲིལ་ཆེན་པོ་དང་མཉམ་འབྲེལ་ཆེན་པོ་རྒྱུན་འཁྱོངས་བྱེད་པ་དང་། གཅིག་མཐུན་རང་བཞིན་དང་སྣ་མང་རང་བཞིན་གཅིག་གྱུར་སྒོས་རྒྱུན་འཁྱོངས་བྱེད་པ། བསམ་བློ་དང་ཆབ་སྲིད་ཀྱི་ཁྲིད་སྟོན་ལ་ཤུགས་སྣོན་པ། ཐུན་མོང་ངོས་འཛིན་རྒྱ་ཆེར་གཅིག་སྒྲིལ་བྱེད་པ། གནམ་འོག་གི་མཛངས་མི་རྒྱ་ཁྱབ་ངང་གཅིག་སྡུད་བྱས་ཏེ། ཆེས་ཆེ་བའི་སྤྱིའི་བགོ་གྲངས་འཚོལ་ཞིབ་དང་མཐུན་སྒྲིལ་གྱི་ཨ་ལོང་ཆེ་རུ་བསྐྱེད་དེ། རྒྱལ་ཁབ་ཕྱི་ནང་གི་ཀྲུང་ཧྭའི་བུ་ཕྲུག་ཡོངས་ཀྱི་བསམ་བློ་གཅིག་མཐུན་དང་ངར་ཤུགས་གཅིག་ཏུ་སྒྲིལ་བའི་གསོན་ཉམས་ལྡན་པའི་རྣམ་པ་ཞིག་ཆགས་པར་བྱས་ནས། མི་རིགས་བསྐྱར་དར་མངོན་འགྱུར་བྱེད་པའི་བརྗིད་རྔམ་ལྡན་པའི་སྟོབས་ཤུགས་གཅིག་སྒྲིལ་བྱེད་དགོས།
ལོ་རྒྱུས་མེ་ལོང་བྱས་ནས་འབྱུང་འགྱུར་གསར་གཏོད་བྱེད་པ་ལ། ངེས་པར་ཏང་འཛུགས་སྐྱོང་གི་རླབས་ཆེ་བའི་བཟོ་འགོད་གསར་བ་འཛུགས་སྐྲུན་བྱེད་པར་མུ་མཐུད་དུ་སྐུལ་འདེད་གཏོང་དགོས། རང་ཉིད་གསར་བརྗེ་བྱེད་ཕོད་པ་ནི་ཀྲུང་གོ་གུང་ཁྲན་ཏང་དེ་སྲིད་ཏང་གཞན་དག་དང་མི་འདྲ་བའི་མཚོན་རྟགས་མངོན་གསལ་ཡིན། རང་རེའི་ཏང་གིས་དཀའ་སྡུག་གང་མང་བརྒྱུད་ཀྱང་སྐྱེ་སྟོབས་ཀྱི་དཔལ་འབར་བའི་རྒྱུ་མཚན་གལ་ཆེན་ཞིག་ནི། ང་ཚོས་དུས་དང་རྣམ་པ་ཀུན་ཏུ་ཏང་གིས་ཏང་ལ་དོ་དམ་དང་ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱ་རྒྱུ་རྒྱུན་འཁྱོངས་དང་། ལོ་རྒྱུས་ཀྱི་དུས་སྐབས་སོ་སོར་རང་ཉིད་འཕྲད་པའི་ཉེན་ཁ་དང་ཚོད་བགམ་ལ་ཁ་གཏད་འཇལ་ཕོད་པ་བྱས་ནས། ང་ཚོའི་ཏང་འཛམ་གླིང་གི་གནས་བབ་ལ་འགྱུར་ལྡོག་ཟབ་མོ་བྱུང་བའི་ལོ་རྒྱུས་ཀྱི་འཕེལ་རིམ་ཁྲོད་དུས་དང་རྣམ་པ་ཀུན་ཏུ་དུས་རབས་ཀྱི་མདུན་གྲལ་དུ་བསྐྱོད་དེ། རྒྱལ་ཁབ་ཕྱི་ནང་གི་ཉེན་ཁ་དང་འགྲན་སློང་སྣ་ཚོགས་ལ་ཁ་གཏད་འཇལ་བའི་ལོ་རྒྱུས་ཀྱི་འཕེལ་རིམ་ཁྲོད་དུ་དུས་དང་རྣམ་པ་ཀུན་ཏུ་རྒྱལ་ཡོངས་མི་དམངས་ཀྱི་སྲོག་ཤིང་དུ་འགྱུར་བར་ཁག་ཐེག་བཅས་བྱས་པས་ཡིན།
རྒྱང་སྐྱོད་ཀྱི་བགྲོད་ལམ་གསར་པའི་སྟེང་། ང་ཚོས་ལྕགས་བརྡུང་ན་ཐོ་བ་མཁྲེགས་དགོས་པའི་གནས་ལུགས་ཡིད་ལ་དམ་པོར་བཟུང་ནས། ཁྱོན་ཡོངས་ནས་ཏང་ནན་མོ་སྐྱོང་བ་ནམ་ཡང་ལམ་ན་ཡོད་པའི་ཆབ་སྲིད་ཀྱི་རང་རྟོགས་ཇེ་དྲག་ཏུ་གཏོང་བ་དང་། ཏང་གི་ཆབ་སྲིད་འཛུགས་སྐྱོང་སྤྱི་འདོམས་བྱས་ཏེ་དུས་རབས་གསར་པའི་ཏང་འཛུགས་སྐྱོང་གི་རླབས་ཆེ་བའི་བཟོ་འགོད་གསར་བར་མུ་མཐུད་དུ་སྐུལ་འདེད་གཏོང་བ་དང་། ཏང་གི་རྩ་འཛུགས་མ་ལག་རྒྱུན་མཐུད་ངང་གཟབ་ནན་དུ་གཏོང་བ། སྤྱོད་ཡོན་གཉིས་ལྡན་གྱི་བྱང་ཚད་མཐོ་བའི་ལས་བྱེད་པའི་དཔུང་སྡེ་འཛུགས་སྐྱོང་བྱེད་པར་ཤུགས་སྣོན་པ། ཏང་སྲོལ་ཡོ་བསྲང་དང་སྲིད་དོན་གཙང་སྐྱོང་། རུལ་སུངས་ལ་རྒོལ་བའི་འཐབ་རྩོད་བློ་བརྟན་འགྱུར་མེད་ངང་སྤེལ་བ། ཏང་གི་སྔོན་ཐོན་རང་བཞིན་དང་སྤྱོད་གཙང་རང་བཞིན་ལ་གནོད་སྐྱོན་གཏོང་བའི་རྒྱུ་རྐྱེན་ཐམས་ཅད་མཐའ་གཅིག་ཏུ་གཙང་མར་སེལ་བ་དང་། ཏང་གི་བདེ་ཐང་ལ་གནོད་སྐྱོན་གཏོང་བའི་ནད་དུག་ཐམས་ཅད་གཙང་སེལ་བྱས་ཏེ། ཏང་གི་ངོ་བོ་མི་འགྱུར་བ་དང་ཚོས་མདངས་མི་འགྱུར་བ། བྲོ་བ་མི་འགྱུར་བར་ཁག་ཐེག་བྱས་ནས། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་རྒྱུན་འཁྱོངས་དང་འཕེལ་རྒྱས་སུ་གཏོང་བའི་ལོ་རྒྱུས་ཀྱི་འཕེལ་རིམ་ཁྲོད། ཏང་ནི་དུས་དང་རྣམ་པ་ཀུན་ཏུ་སྟོབས་དང་ལྡན་པའི་སྲོག་ཤིང་མགོ་ཁྲིད་དུ་འགྱུར་བར་ཁག་ཐེག་བྱེད་དགོས།
བློ་མཐུན་རྣམ་པ། གྲོགས་པོ་རྣམ་པ།
ང་ཚོས“རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”དང་། “ཀང་མིས་ཞང་ཀང་སྐྱོང་བ།” “ཨའོ་མིས་ཨའོ་མིན་སྐྱོང་བའི” ཚད་མཐོ་བའི་རང་སྐྱོང་བྱེད་ཕྱོགས་ཁྱོན་ཡོངས་དང་ཡང་དག་པའི་སྒོ་ནས་ལག་བསྟར་རྒྱུན་འཁྱོངས་བྱེད་པ་དང་། ཀྲུང་དབྱང་གིས་ཞང་ཀང་དང་ཨའོ་མིན་དམིགས་བསལ་སྲིད་འཛིན་ས་ཁུལ་གྱི་ཕྱོགས་ཡོངས་ཀྱི་དོ་དམ་སྲིད་སྐྱོང་གི་དབང་ཆ་དངོས་འབེབས་བྱེད་པ། དམིགས་བསལ་སྲིད་འཛིན་ས་ཁུལ་གྱི་རྒྱལ་ཁབ་བདེ་འཇགས་སྲུང་སྐྱོང་གི་བཅའ་ཁྲིམས་ལམ་ལུགས་དང་ལག་བསྟར་རྐྱེན་སྲོལ་དངོས་འབེབས་བྱེད་པ། རྒྱལ་ཁབ་ཀྱི་བདག་དབང་དང་བདེ་འཇགས། འཕེལ་རྒྱས་ཁེ་དབང་སྲུང་སྐྱོང་བྱེད་པ། དམིགས་བསལ་སྲིད་འཛིན་ས་ཁུལ་གྱི་སྤྱི་ཚོགས་སྤྱི་ཡོངས་བརྟན་ལྷིང་ལ་སྲུང་སྐྱོང་བྱས་ཏེ། ཞང་ཀང་དང་ཨའོ་མིན་ཡུན་རིང་དར་རྒྱས་བརྟན་ལྷིང་ཡོང་བར་རྒྱུན་སྲུང་བྱེད་དགོས།
ཐའེ་ཝན་གྱི་གནད་དོན་ཐག་གཅོད་པ་དང་མེས་རྒྱལ་ཁྱོན་ཡོངས་གཅིག་གྱུར་མངོན་འགྱུར་བྱ་རྒྱུ་ནི། ཀྲུང་གོ་གུང་ཁྲན་ཏང་གི་བློ་བརྟན་འགྱུར་མེད་ཀྱི་ལོ་རྒྱུས་ལས་འགན་ཡིན་ལ། ཀྲུང་ཧྭའི་བུ་ཕྲུག་ཡོངས་ཀྱི་ཐུན་མོང་གི་རེ་འདུན་ཡིན། ཀྲུང་གོ་གཅིག་གི་རྩ་དོན་དང“དགུ་གཉིས་ཐུན་མོང་ངོས་ཟིན”རྒྱུན་འཁྱོངས་བྱས་ཏེ། མེས་རྒྱལ་ཞི་བདེ་ངང་གཅིག་གྱུར་ཡོང་བའི་འཕེལ་རིམ་ལ་སྐུལ་འདེད་གཏོང་དགོས། མཚོ་འགྲམ་གཉིས་ཀྱི་སྤུན་ཟླ་འདུས་པའི་ཀྲུང་ཧྭ་བུ་ཕྲུག་ཡོངས་ཀྱིས་ཕྱར་བ་གྲུ་འདེགས་དང་མཐུན་སྒྲིལ་མདུན་སྐྱོད་སྒོས། “ཐའེ་ཝན་རང་བཙན”གྱི་ཇུས་ངན་མཐའ་དག་བློ་ཐག་རྦད་ཆོད་ཀྱིས་རྩ་གཏོར་བཏང་ནས། མི་རིགས་བསྐྱར་དར་གྱི་མཛེས་སྡུག་ལྡན་པའི་མ་འོངས་པ་ཐུན་མོང་སྒོས་གསར་དུ་བསྐྲུན་དགོས། ཀྲུང་གོ་མི་དམངས་ཀྱིས་རྒྱལ་ཁབ་ཀྱི་བདག་དབང་དང་མངའ་ཁོངས་ཆ་ཚང་སྲུང་བའི་ཆོད་སེམས་བརྟན་པོ་དང་འགྱུར་མེད་བློ་ཕུགས། ནུས་ཤུགས་སྟོབས་ཆེན་བཅས་ལ་མི་སུ་དང་གང་གིས་ཀྱང་མཐོང་ཆུང་མ་བྱེད་མི་རུང་།
བློ་མཐུན་རྣམ་པ། གྲོགས་པོ་རྣམ་པ།
མ་འོངས་པ་ནི་ན་གཞོན་ལ་དབང་བས་རེ་བའང་ན་གཞོན་ལ་བཅངས་ཡོད། ལོ་ངོ་བརྒྱའི་ཡར་སྔོན་དུ། ན་གཞོན་གསར་པ་སྐོར་ཞིག་གིས་མར་ཁེ་སི་རིང་ལུགས་ཀྱི་བསམ་བློའི་དཔལ་འབར་མཐོན་པོར་བསྒྲེངས་ཏེ། དཀའ་ཚེགས་ཀྱི་ལོ་ཟླའི་ཁྲོད་ནས་ཀྲུང་གོས་མི་རིགས་བསྐྱར་དར་གྱི་ལམ་བུ་འཚོལ་ཞིབ་བྱས། ལོ་ངོ་བརྒྱའི་རིང་ལ། ཀྲུང་གོ་གུང་ཁྲན་ཏང་གི་དར་ཆའི་འོག་ཏུ། མི་རབས་རེ་རེ་ཡི་ཀྲུང་གོའི་ན་གཞོན་གྱིས་ལང་ཚོའི་འབད་བརྩོན་ཏང་དང་མི་དམངས་ཀྱི་བྱ་གཞག་ཁྲོད་འདྲེས་པར་བྱས་ཏེ། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེ་བའི་བསྐྱར་དར་མངོན་འགྱུར་བྱེད་པའི་གདོང་ལེན་སྟོབས་ཤུགས་སུ་གྱུར། དུས་རབས་གསར་པའི་ཀྲུང་གོའི་ན་གཞོན་གྱིས་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེ་བའི་བསྐྱར་དར་དེ་རང་འགན་དུ་ལེན་པ་དང་། ཀྲུང་གོའི་མིའི་བློ་སྤོབས་དང་སྙིང་རུས། རྟིང་ཤུགས་བཅས་ཇེ་དྲག་ཏུ་བཏང་སྟེ། དུས་རབས་ཀྱི་རེ་འབོད་དང་ལང་ཚོའི་རེ་སྐུལ། ཏང་དང་མི་དམངས་ཀྱི་རེ་སྒུག་ཆེན་མོ་སྟོང་ཟད་དུ་མི་གཏོང་བར་བྱེད་དགོས།
བློ་མཐུན་རྣམ་པ། གྲོགས་པོ་རྣམ་པ།
ལོ་ངོ་བརྒྱའི་ཡར་སྔོན་དུ། ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་སྐབས་ཏང་ཡོན50ལྷག་ལས་མེད་ལ། ད་ལྟ་ཏང་ཡོན་ཁྲི9500ལྷག་ཡོད། མི་འབོར་དུང་ཕྱུར14ལྷག་ཡོད་པའི་རྒྱལ་ཁབ་ཆེན་པོ་ཞིག་ལ་སྣེ་ཁྲིད་པའི་འཛམ་གླིང་སྟེང་སྐད་གྲགས་དང་ཤུགས་རྐྱེན་ཆེ་བའི་སྲིད་འཛིན་ཏང་ཆེ་ཤོས་དེ་ཡིན།
ལོ་ངོ་བརྒྱའི་ཡར་སྔོན་དུ། འཛམ་གླིང་སྟེང་ཀྲུང་ཧྭ་མི་རིགས་འདི་ལ་ཉམས་རྒུད་དུ་གྱུར་བའི་རྣམ་པ་ཞིག་མངོན་ཡོད་ལ། ད་ལྟའི་འཛམ་གླིང་སྟེང་། ཀྲུང་ཧྭ་མི་རིགས་ལ་དབྱར་མཚོ་རྒྱས་པ་ལྟ་བུའི་རྣམ་པ་གསར་བ་ཞིག་མངོན་ཏེ་རླབས་ཆེ་བའི་བསྐྱར་དར་གྱི་ཕྱོགས་སུ་གོམ་སྟབས་ཆེན་པོས་བསྐྱོད་བཞིན་ཡོད།
འདས་ཟིན་པའི་ལོ་ངོ་བརྒྱའི་ནང་། ཀྲུང་གོ་གུང་ཁྲན་ཏང་གིས་མི་དམངས་དང་ལོ་རྒྱུས་ལ་ཕུལ་དུ་བྱུང་བའི་རྒྱུགས་འབྲས་ཤིག་ཕུལ་ཡོད་ལ། ད་ལྟ་ཀྲུང་གོ་གུང་ཁྲན་ཏང་གིས་ཀྲུང་གོ་མི་དམངས་ཀྱི་སྣེ་ཁྲིད་དེ་ལོ་བརྒྱ་ཕྲག་གཉིས་པའི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱེད་པའི་བགྲོད་ལམ་སྟེང་འབད་པ་ལྷོད་མེད་ཀྱིས་མདུན་དུ་སྐྱོད་བཞིན་ཡོད།
ཀྲུང་གོ་གུང་ཁྲན་ཏང་ཡོན་ཡོངས། ཏང་ཀྲུང་དབྱང་གིས་ཁྱོད་ཚོར་ཐོག་མའི་སེམས་འདུན་མི་བརྗེད་པར། ཕུགས་འདུན་དང་དད་སེམས་སེམས་སུ་དམ་པོར་བཅངས་ནས། ཏང་གི་རྩ་དོན་ལག་ལེན་བྱེད་པ་དང་། མི་དམངས་མང་ཚོགས་དང་ཤ་ཁྲག་ལྟ་བུའི་འབྲེལ་བ་ནམ་ཡང་རྒྱུན་འཁྱོངས་བྱས་ནས། ཐོག་མཐའ་བར་གསུམ་དུ་མི་དམངས་དང་བསམ་བློ་གཏོང་ཕྱོགས་གཅིག་མཐུན་ཡིན་པ་དང་། ལས་ཀ་མཉམ་ལས་བྱེད་པ། སྐྱིད་སྡུག་མཉམ་མྱོང་དང་བདེ་སྡུག་མཉམ་གནས་བྱས་ཏེ། མུ་མཐུད་དུ་མི་དམངས་ཀྱིས་མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་རེ་འདོད་མངོན་འགྱུར་བྱེད་པར་འབད་བརྩོན་ལྷོད་མེད་བྱས་ནས། ཏང་དང་མི་དམངས་ལ་སྔར་ལས་ལྷག་པའི་གཟི་བརྗིད་བརྩོན་ལེན་བྱེད་དགོས་པའི་འབོད་སྐུལ་བཏང་།
བློ་མཐུན་རྣམ་པ། གྲོགས་པོ་རྣམ་པ།
ཀྲུང་གོ་གུང་ཁྲན་ཏང་གིས་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེ་བའི་བྱ་གཞག་ཕུགས་འདུན་དུ་གཉེར་ཡོད་ལ། ལོ་བརྒྱ་ཡི་ལོ་རྒྱུས་ནི་ཤེས་རབ་དང་སྟོབས་ཤུགས་ལྡན་པའི་ལོ་རྒྱུས་ཡིན། འདས་ཟིན་པར་ཕྱིར་བལྟས་དང་འབྱུང་འགྱུར་ལ་རྒྱང་ལྟ་བྱེད་པར། ཀྲུང་གོ་གུང་ཁྲན་ཏང་གི་ཡང་དག་པའི་མགོ་ཁྲིད་དང་། རྒྱལ་ཡོངས་མི་རིགས་སོ་སོར་མཐུན་སྒྲིལ་དམ་ཟབ་འོག ཁྱོན་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ཆེན་བསྐྲུན་པའི་དམིགས་འབེན་མངོན་འགྱུར་བྱེད་སྲིད་ལ། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེ་བའི་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་ཡང་མངོན་འགྱུར་བྱེད་སྲིད།
རླབས་ཆེ་ཞིང་གཟི་བརྗིད་ལྡན་ལ། ཡང་དག་པའི་ཀྲུང་གོ་གུང་ཁྲན་ཏང་ཁྲི་ལོར་བརྟན་པར་ཤོག
རླབས་ཆེ་ཞིང་གཟི་བརྗིད་ལྡན་ལ། དཔའ་ངར་ཆེ་བའི་ཀྲུང་གོ་མི་དམངས་ཁྲི་ལོར་བརྟན་པར་ཤོག