འཕུར་ཅིག ། གཅེས་པར་འོས་པའི་བདག་གི་ཐང་དཀར།

རྒན་གོང་ཨོ་རྒྱན་རྡོ་རྗེ། རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 07-07


ང་དཀར་རྒོད་པོ་མཁའ་དབྱིངས་ནས་མཁའ་དབྱིངས་སུ་འཕུར།

དཀའ་ཚེགས་ཀྱི་རྒྱ་མཚོ་ནས་གཤོག་ཟུང་བརྐྱངས་པའི་ཐང་དཀར།

མི་རིགས་ང་དྲུག་གི་རེ་སྨོན་སྙིང་དུ་བཅངས་པའི་རྒོད་པོ།

བག་ཡངས་ཀྱི་བློ་ཁ་འབད་འབུངས་ཀྱིས་བསྐུལ་ཏེ།

མཛེས་སྡུག་ལྡན་པའི་ཀྲུང་གོའི་ཕུགས་འདུན་ལ་ཕྱོགས།

བགྲང་བྱ་བརྒྱ་ཡི་ནམ་འཕང་ཕ་མཐར་གཅོད་བཞིན།

སྨུན་སྤྲིན་གྱི་ཡོལ་བ་ཡང་ནས་ཡང་དུ་ཕྱེ།

རླབས་ཆེན་གྱི་འོད་སྟོང་རྒྱང་རིང་ནས་རྒྱང་རིང་དུ་བཀྱེད།

མཁའ་མཐར་མ་སོན་པའི་བར་དུ་འཕུར་མཚམས་འཇོག་མི་སྲིད།

ཕུགས་འདུན་མ་འགྲུབ་པའི་བར་དུ་གཉའ་བ་ཞུམ་མི་སྲིད།

ཐང་དཀར་རྒོད་པོ་མཁའ་དབྱིངས་ནས་མཁའ་དབྱིངས་སུ་འཕུར།

རྗེས་ལུས་ཀྱི་མུན་ཁུང་ནས་གཤོག་ཟུང་བརྐྱངས་པའི་ཐང་དཀར།

དུང་ཕྱུར་བཅུ་བཞིའི་རྨི་ལམ་ཡིད་དུ་བཟུང་བའི་རྒོད་པོ།

ཁ་ཐོར་གྱི་སྟོབས་ཤུགས་ཕྱོགས་གཅིག་ཏུ་བསྒྲིལ་ཏེ།

ཀྲུང་ཧྭ་མི་རིགས་བསྐྱར་དར་གྱི་དམིགས་ཚད་ལ་ཕྱོགས།

བགྲང་བྱ་བརྒྱ་ཡི་ནམ་འཕང་ཕ་མཐར་གཅོད་བཞིན།

དཀའ་ཁག་གི་རྔུལ་ཆུ་ཡང་ནས་ཡང་དུ་བསྟིམས།

ངོ་མཚར་གྱི་མཛད་རྗེས་ཡང་ནས་ཡང་དུ་བཏོད།

མཁའ་མཐར་མ་སོན་པའི་བར་དུ་འཕུར་མཚམས་འཇོག་མི་སྲིད།

དམིགས་ཚད་མ་གྲུབ་པའི་བར་དུ་ངལ་བ་གསོ་མི་སྲིད།

ཐང་དཀར་རྒོད་པོ་མཁའ་དབྱིངས་ནས་མཁའ་དབྱིངས་སུ་འཕུར།

དབུལ་ཕོངས་ཀྱི་བྱེ་ཐང་ནས་གཤོག་ཟུང་བརྐྱངས་པའི་ཐང་དཀར།

ཀྲུང་ཧྭ་མི་རིགས་ཀྱི་དད་མོས་བློ་ལ་ཐོགས་པའི་རྒོད་པོ།

གཅིག་མཐུན་གྱི་འདུན་པ་པང་དུ་བཏེགས་ཏེ།

རྐང་གཉིས་འགྲོ་བའི་ཐུན་མོང་གི་བདེ་སྡུག་ལ་ཕྱོགས།

བགྲང་བྱ་བརྒྱ་ཡི་ནམ་འཕང་ཕ་མཐར་གཅོད་བཞིན།

བཀྲེས་སྐོམ་གྱི་ལོ་ཟླ་ཕ་མཐའ་ནས་ཕ་མཐར་བསྐྲད།

སྔར་མེད་ཀྱི་དཔེ་བཟང་གནམ་འོག་གི་མི་ཡུལ་ལ་ཕུལ།

མཁའ་མཐར་མ་སོན་པའི་བར་དུ་འཕུར་མཚམས་འཇོག་མི་སྲིད།

རླུང་འཚུབ་མ་འཇགས་པའི་བར་དུ་ཕྱིར་འཐེན་བྱེད་མི་སྲིད།

མཁའ་དབྱིངས་ཀྱི་བར་སྟོང་ཇེ་ཡངས་ནས་ཇེ་ཡངས་སུ་འགྲོ།

འཕུར་སྐྱོད་ཀྱི་གཤོག་རླབས་ཇེ་ཆེ་ནས་ཇེ་ཆེ་རུ་རྒྱས།

བཅོས་བསྒྱུར་སྒོ་འབྱེད་ཀྱི་དུས་རླུང་དྲོན་མོས།

ཀྲུང་ཧྭའི་ས་གཞིར་གཡུར་ཟའི་འབྲས་བུ་བཏེགས།

འཕུར་ཅིག །གཅེར་པར་འོས་པའི་བདག་གི་ཐང་དཀར།

བགྲང་བྱ་བརྒྱ་ཡི་འགྱུར་མེད་ཀྱི་བློ་རྩ་དམ་དུ་བསྒྲིམས་ཏེ།

ལོ་ངོ་དུ་མའི་འཕོ་འགྱུར་གྱི་འོད་སྟོང་ལུས་ལ་ཐོགས་ཏེ།

ནམ་ཡང་མདུན་ནས་མདུན་དུ་འཕུར་ཅིག ། 

༼སྦྲང་ཆར་རྩོམ་སྒྲིག་ཁང་གིས་བསྒྲིགས་པའི་ལོ་བརྒྱའི་ལེགས་མཛད་ལས་བཏུས།༽


རྩོམ་ཡིག་སྔོན་མ།
དུས་རབས་ཀྱི་འཕོ་འགྱུར་།
རྩོམ་ཡིག་རྗེས་མ།
ལོ་བརྒྱའི་དྲན་གསོ།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1