འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། མི་རིགས་ཡོངས་ཀྱི་ལྗར་འགོག་དམག་འཁྲུག་ལངས་ནས་ལོ་84འཁོར་བར་དྲན་གསོ་ཞུ་བའི་མཛད་སྒོ་སྤྱི་ཚེས་7ཉིན་ཀྲུང་གོ་མི་དམངས་ལྗར་འགོག་དམག་འཁྲུག་དྲན་གསོ་ཁང་དུ་གཉེར་ཡོད།
པེ་ཅིང་ལུའུ་ཀོའུ་ཟམ་པའི་འགྲམ་དུ། ཀྲུང་གོ་མི་དམངས་ལྗར་འགོག་དམག་འཁྲུག་དྲན་གསོ་ཁང་འགྱིང་ངེར་གནས་ཡོད། སྔ་དྲོའི་ཆུ་ཚོད་10པར། དྲན་གསོའི་མཛད་སྒོ་དེ་རྔམ་བརྗིད་ལྡན་པའི་རྒྱལ་གླུའི་ཁྲོད་འགོ་ཚུགས་པ་དང་། རྒྱལ་སའི་སློབ་མའི་འཐུས་མིས་ལྗར་འགོག་དམག་འཁྲུག་གི་སྙན་ངག་གྱེར་འདོན་བྱས་ཤིང་། རྒྱལ་སའི་སློབ་ཆེན་སློབ་མའི་མཉམ་གཞས་ཚོགས་པས༼སུང་ཧྭ་གཙང་པོའི་ཐོག༽ཞེས་པ་དང་༼གུང་ཁྲན་ཏང་མེད་ན་ཀྲུང་གོ་གསར་པ་མེད༽ཅེས་པ་སོགས་ཀྱི་གླུ་གཞས་བཏང་ནས། ན་གཞོན་མི་རབས་ཀྱིས་ལོ་རྒྱུས་མེ་ལོང་དུ་འཛིན་པ་དང་། དུས་རབས་ཀྱི་རེ་བ་ཆུད་ཟོས་སུ་མི་གཏོང་བ། དུས་ཚོད་འཕྲོ་བརླག་མི་གཏོང་བ་བཅས་བྱས་ཏེ། ཀྲུང་ཧྭ་མི་རིགས་ཀྱི་བསྐྱར་དར་རླབས་པོ་ཆེ་མངོན་འགྱུར་ཡོང་ཆེད་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་རྒྱུའི་ཆོད་སེམས་བརྟན་པོ་མཚོན་པར་བྱས་ཡོད། དེ་རྗེས་ལས་རིགས་ཁག་གི་འཐུས་མི་ཚོས་གོམ་སྟབས་དལ་པོའི་ངང་སྐས་རིམ་ཐོག་བསྐྱོད་དེ་ལྗར་འགོག་དམག་འཁྲུག་ཁང་གི་འགྲེམས་ཁང་ཚོམས་ཆེན་དུ་ཡོང་བ་དང་། ལག་ཏུ་མེ་ཏོག་འཁྱེར་ཏེ་ཀྲུང་ཧྭ་མི་རིགས་མཐུན་སྒྲིལ་གྱིས་ལྗར་འགོག་དམག་འཁྲུག་རྒྱག་པ་མཚོན་པའི་འབུར་བརྐོས་ཆེ་གྲས༼ཟངས་གྱང་གི་ལྕགས་རྩིག༽ཅེས་པའི་མདུན་དུ་ཕུལ་བ་མ་ཟད། ལྗར་འགོག་དམག་འཁྲུག་གི་སྔོན་གཤེགས་དཔའ་བོར་གུས་འདུད་ཀྱང་ཞུས་པ་རེད།