ལི་ཁེ་ཆང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་གཙོ་སྐྱོང་གནང་བ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། སྤེལ་དུས། 07-23


        འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། སྤྱི་ཚེས་༢༡ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་གཙོ་སྐྱོང་གནང་ནས། ཆུ་ལོག་འགོག་པ་དང་རོགས་སྐྱོབ་བྱེད་པའི་ལས་དོན་དུས་ཚོད་དམ་འཛིན་གྱིས་བཀོད་སྒྲིག་བྱས་ནས། མི་དམངས་ཀྱི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་འགན་སྲུང་ཡག་པོ་བྱེད་པ་དང་། དངུལ་རྩའི་ལས་རིགས་ཀྱི་ཕྱི་ཕྱོགས་སྒོ་དབྱེའི་གནས་ཚུལ་སྙན་གསེང་ཞུས་པ་གསན་པ། དངུལ་རྩའི་ལས་རིགས་ཀྱི་སྒོ་དབྱེའི་ལས་དོན་གཏིང་ཟབ་ཏུ་གཏོང་རྒྱུར་ཞིབ་འཇུག་གནང་བ། ས་ཁོངས་ལས་བརྒལ་བའི་ཉོ་ཚོང་སྟབས་བདེ་ཅན་གྱི་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ་དང་འགག་སྒོའི་ཚོང་གཉེར་ཁོར་ཡུག་ལེགས་སུ་གཏོང་བའི་བྱ་ཐབས་གཏན་འཁེལ་བྱུང་ཡོད་པ་རེད།
        གྲོས་ཚོགས་ཐོག ཉེ་ཆར་རང་རྒྱལ་གྱི་ས་ཆ་མང་པོར་དྲག་ཆར་བབས་ཤིང་། སྤྱི་ཚེས་༢༠ཉིན་ཧོ་ནན་གྱི་ས་ཆ་ཁ་ཤས་སུ་དྲག་ཆར་ཤིན་ཏུ་ཆེན་པོ་ཞིག་བབས་ནས་ཆུ་ལོག་དང་ཞོད་སྐྱོན་ཚབས་ཆེན་ཐོན་པ་དང་། ལྷག་པར་དུ་མཐོང་དཀོན་པའི་གྲོང་ཁྱེར་གྱི་འཁྱིལ་ཆུའི་གནོད་འཚེ་ཐོན་ནས། མི་སྣ་ཤི་རྨས་དང་རྒྱུ་ནོར་གྱོང་གུན་ཚབས་ཆེན་བཟོས་ཡོད། མིག་སྔར་རང་རྒྱལ་འདི་ཉིད་སྤྱི་ཟླ་བདུན་པའི་ཟླ་སྨད་དང་སྤྱི་ཟླ་བརྒྱད་པའི་ཟླ་སྟོད་ཀྱི་དུས་མཚམས་ཀྱི་འབྲུབ་ཆུ་རྒྱས་པའི་དུས་སུ་སླེབས་ཡོད་པས། སྔོན་བརྡར་བལྟས་ན་ས་ཆ་ཁ་ཤས་ལ་ད་དུང་དྲག་ཆར་ཆེ་ཙམ་འབབ་རྒྱུ་རེད། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀོད་སྒྲིག་ལག་བསྟར་བྱས་ཏེ། མི་དམངས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་འགན་ལེན་བྱ་རྒྱུ་གལ་ཆེ་ཤོས་སུ་བཞག་ནས། འགན་འཁྲིའི་ལམ་ལུགས་ལ་ཤུགས་སྣོན་རྒྱག་པ་དང་། ལྷུ་ཚིགས་ཁག་གི་འགན་འཁྲི་དོན་འཁྱོལ་བྱེད་དགོས། གཅིག་ནས་ཆེད་ལས་སྟོབས་ཤུགས་སྒྲིག་འཛུགས་བྱས་ནས། མ་དངུལ་དང་དངོས་ཟོག་བསྡུ་རུབ་དང་། ཧོ་ནན་གྱི་ཉེན་སེལ་གནོད་སྐྱོབ་ལ་རྒྱབ་སྐྱོར་བྱེད་པ། ཉེན་ཁ་འཕྲད་པའི་མི་སྣ་འཚོལ་སྐྱོབ་དང་། རྨས་མ་སྐྱོབ་བཅོས། གནོད་འཚེ་ཕོག་པའི་མང་ཚོགས་གནས་སྤོ་བཀོད་སྒྲིག་སོགས་ཀྱི་ལས་དོན་ཡག་པོ་བསྒྲུབ་དགོས་པ་དང་། གཉིས་ནས་གཙོ་གནད་ས་ཁུལ་གྱི་ཞོད་འགོག་གནོད་འགོག་ལ་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ་དང་། གཙང་པོ་དང་ཆུ་བོ་ཆེ་གྲས་དང་། ཉེན་ཆེའི་ཆུ་མཛོད་ཆུང་གྲས་སོགས་ཆུ་བེད་ལས་གྲྭའི་ཆུ་རགས་ལ་སྐོར་ཞིབ་ནན་པོ་བྱེད་པ་དང་ཉེན་སེལ་ལ་ཤུགས་སྣོན་རྒྱག་དགོས། འགྲིམ་འགྲུལ་སྒྲིག་བཀོད་ཀྱི་སྟབས་བསྟུན་སྔོན་ཇུས་འཆར་གཞི་ལེགས་པར་བསྒྲུབ་དགོས།
        གྲོང་ཁྱེར་གྱི་འཁྱིལ་ཆུའི་གནོད་སྐྱོན་དང་དང་འདམ་རྡོའི་ཆུ་རུད་སོགས་ཀྱི་ཞོར་ཐོན་གནོད་འཚེ་ལྷག་རྒྱུ་སྔོན་འགོག་བྱ་དགོས། གསུམ་ནས་གནམ་གཤིས་ལྟ་ཞིབ་ཚད་ལེན་གྱི་ཉེན་ཟོན་སྔོན་བརྡ་གཏོང་རྒྱུར་ཤུགས་སྣོན་བརྒྱབ་ནས། རྒྱུན་གཏན་མིན་པའི་གནམ་གཤིས་ཀྱིས་གནོད་འཚེ་ཐོན་སྲིད་པ་དག་ལ་སྔོན་འགོག་བྱེད་པའི་གྲ་སྒྲིག་ཡག་པོ་བྱས་ཏེ། ཉེན་གཡོལ་བྱེད་དགོས་རིགས་ཉེན་གཡོལ་དང་ཕྱིར་འཐེན་བྱེད་དགོས་རིགས་ཕྱིར་འཐེན་བྱས་ཏེ། མང་ཚོགས་ཀྱི་བདེ་འཇགས་འགན་ལེན་དང་། གནོད་འཚེ་གྱོང་གུན་ཉུང་དུ་བཏང་ནས། འབྲུབ་ཆུ་བདེ་སྒྲོལ་ཐུབ་པའི་འགན་ལེན་བྱེད་དགོས་དགོས་ཞེས་བསྟན་ཡོད།
        གྲོས་ཚོགས་ཐོག ཉེ་བའི་ལོ་ཤས་རིང་རང་རྒྱལ་གྱི་དངུལ་རྩའི་ལས་རིགས་ཕྱི་ཕྱོགས་སུ་སྒོ་མོ་འབྱེད་པའི་ཐད་དགེ་མཚན་ལྡན་པའི་འཕེལ་རིམ་བྱུང་ཡོད། དངུལ་རྩས་དངོས་གཟུགས་དཔལ་འབྱོར་ལ་ཞབས་འདེགས་ཞུ་བའི་ནུས་པ་ཆེ་རུ་གཏོང་རྒྱུར་དམིགས་ཏེ། དངུལ་རྩའི་སྒྱུར་བཅོས་ཀྱི་སྒོ་འབྱེད་གཏིང་ཟབ་ཏུ་བཏང་ནས། ཀྲུང་གོ་འདི་ཉིད་ཐོག་མཐའ་བར་གསུམ་དུ་ཕྱི་རྒྱལ་གྱི་མ་དངུལ་འགུགས་ཐབས་བྱེད་པའི་གནས་མཆོག་ཅིག་ཏུ་འགྱུར་བ་བྱེད་དགོས། གཅིག་ནས་དངུལ་རྩའི་ལས་རིགས་ཀྱི་ཕྱི་ཕྱོགས་སུ་སྒོ་མོ་འབྱེད་པའི་ཁས་ལེན་དོན་འཁྱོལ་བྱ་རྒྱུར་མུ་མཐུད་དམ་འཛིན་ཡག་པོ་བྱས་ནས། སྒོ་འབྱེད་ཀྱི་ཚད་གཞི་དེ་མཐོ་ཙམ་གྱི་རྒྱལ་སྤྱིའི་ཚད་གཞི་གཞིར་བཟུང་ནས། ལྡོག་ཕྱོགས་ཀྱི་རྩིས་ཐོ་རྨང་གཞིར་བྱས་པའི་ཆུ་ཚད་མཐོ་བའི་དངུལ་རྩའི་སྒོ་དབྱེ་ཆགས་རྒྱུར་སྐུལ་འདེད་གཏོང་དགོས་པ་དང་། གཉིས་ནས་ཕྱི་དངུལ་དངུལ་ཁང་དང་འགན་བཅོལ་སོགས་དངུལ་རྩའི་ལས་ཁུངས་ཀྱི་ཆོག་འཐུས་བླང་བྱ་ལེགས་སྒྱུར་དང་། དངུལ་རྩའི་ལས་ཁུངས་ཀྱི་ཀུང་སི་ཨ་མ་དང་ཡན་ལག་ཀུང་སིའི་རྒྱལ་མཚམས་སྒྲོལ་ནས་འགྲོ་འོང་བྱེད་པའི་སྒྲིག་སྲོལ་འཐུས་ཚང་དུ་གཏོང་དགོས། རྒྱལ་ནང་གི་དངུལ་རྩའི་ཁྲོམ་རར་ཕྱི་དངུལ་ཞུགས་པའི་ཐབས་ལམ་དང་བྱེད་སྟངས་ལེགས་སྒྱུར་བྱ་དགོས།
        མི་དམངས་ཤོག་སྒོར་གྱི་དངུལ་བརྗེའི་འཛའ་ཐང་དེ་ལུགས་མཐུན་དོ་སྙོམས་ཀྱི་ཆུ་ཚད་ཐོག་རྩ་བའི་ཆ་ནས་བརྟན་པོ་ཡོང་རྒྱུ་རྒྱུན་འཁྱོངས་བྱ་དགོས། གསུམ་ནས་སྤྱི་ཁོག་གཟབ་ནན་སྲིད་ཇུས་ཀྱི་སྒྲོམ་གཞི་འཐུས་ཚང་དུ་གཏོང་བ་དང་། མ་ལག་རང་བཞིན་གྱི་དངུལ་རྩའི་ཉམས་ཉེན་ལྟ་ཞིབ་ཚད་ལེན་དང་། དཔྱད་དཔོག་དང་ཉེན་ཟོན་ཉེན་བརྡ་གཏོང་བའི་ལམ་སྲོལ་འཛུགས་པ་བརྒྱུད། དངུལ་རྩའི་ཁྲོམ་ར་བརྟན་པོའི་ངང་འཁོར་སྐྱོད་ཡོང་བ་རྒྱུན་འཁྱོངས་བྱ་དགོས་ཞེས་བསྟན་ཡོད།
        གྲོས་ཚོགས་ཐོག སླད་ཕྱིན་དང་ལྷག་པར་དུ་ལོ་སྨད་ཀྱི་རྒྱལ་སྤྱིའི་དུས་བབ་དང་ཁོར་ཡུག་འགྱུར་ལྡོག་ལ་དམིགས་ཏེ། འགག་སྒོའི་རིམས་ནད་སྔོན་འགོག་ཚོད་འཛིན་ཡག་པོ་བྱེད་པ་དང་ཆབས་ཅིག འགག་སྒྲོལ་སྟབས་བདེ་ཅན་ལ་སྤྱི་འདོམས་སྐུལ་འདེད་བཏང་ནས། ཕྱིར་གཏོང་ནང་འདྲེན་བརྟན་པོའི་ངང་འཕར་རྒྱུ་རྒྱུན་འཁྱོངས་བྱེད་དགོས་ཞེས་བསྟན་ཡོད་པ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1