སྤྱི་ཟླ་7པའི་ཚེས་22ཉིན། སྐབས་དྲུག་པའི་ལྔ་པ་རིག་གནས་ཡུལ་སྐོར་དུས་ཚིགས་ཀྱི་ཀྲུང་གོའི་བོད་ཀྱི་སྡོད་ཁང་གླེང་སྟེགས་སི་ཁྲོན་དཀར་མཛེས་ཁུལ་རྟའུ་རྫོང་དུ་བདེ་བླག་ངང་འཚོགས། ཀྲུང་གོ་སྤྱི་ཚོགས་ཚན་རིག་གླིང་ས་ཁམས་ཚན་རིག་དང་ཐོན་ཁུངས་ཞིབ་འཇུག་སུའོ་ཡི་ཞིབ་འཇུག་པ་ཀྲང་པའེ་ཕིང་དང་ཡུན་ནན་སྤྱི་ཚོགས་ཚན་རིག་གླིང་གི་ཞིབ་འཇུག་པ། ཇ་རྟའི་གནའ་ལམ་གྱི་ཆེད་མཁས་པ་ལི་ཞིའུ་སོགས་མངའ་ཁོངས་མི་འདྲ་བའི་བོད་རིག་པའི་ཆེད་མཁས་པ་དང་རིགས་གཅིག་མཁས་པ་དང་སྐུ་མགྲོན་22མཉམ་དུ་འཛོམས་ཏེ། བོད་ཀྱི་སྡོད་ཁང་འཛུགས་སྐྲུན་རིག་གནས་ཀྱི་སྲུང་སྐྱོབ་དང་བེད་སྤྱོད། རྒྱུད་འཛིན་གོང་འཕེལ་ཐད་མཉམ་དུ་དཔྱད་གླེང་གནང་བ་རེད།
རྒྱུས་ལོན་བྱས་པ་ལྟར་ན། ཀྲུང་གོའི་ས་ཁམས་དུས་དེབ་ཀྱིས་སྤྱི་ཟླ་7པའི་ཚེས་23ཉིན། རྟའུ་རྫོང་དུ་སྐབས་དྲུག་པའི་ལྔ་པ་རིག་གནས་ཡུལ་སྐོར་དུས་ཚིགས་ཀྱི“མེ་ཏོག་བཞད་པའི་རྟའུ། མཛེས་སྡུག་དུ་མཉམ་དུ་གནས་ཡོད”ཅེས་པའི་རིག་རྩལ་དགོང་ཚོགས་ཐོག །རྟའུ་ལ“ཀྲུང་གོའི་བོད་ཀྱི་སྡོད་ཁང་སྒྱུ་རྩལ་གྱི་ཕ་ས”དང“སི་ཁྲོན་ཆེས་མཛེས་པའི་ལྗོངས་རྒྱུ་པར་ལེན་ས་ཚིགས། གནས་མཆོག་རྟའུ”ཞེས་པའི་མཚན་བྱང་ཕུལ་ཏེ། ཡུལ་དངོས་ཀྱི་ལྟད་མོ་བ་དང་བརྙན་འཕྲིན་དང་ཁ་པར་སོགས་བརྒྱུད་དེ་ཐད་གཏོང་ལ་ལྟ་བཞིན་པའི་རྟའུའི་སྤུན་ཟླ་དང་ལྷན་དུ་ལོ་རྒྱུས་ཀྱི་དུས་སྐབས་འདིར་བདེན་དཔང་ར་སྤྲོད་བྱས་འདུག །
རྟའུའི་སྡོད་ཁང་ཀྲུང་གོའི་བོད་ཀྱི་སྡོད་ཁང་སྒྱུ་རྩལ་གྱི་དཔེ་མཚོན་ཁྱད་པར་བ་ཞིག་གི་ཆ་ནས། ཞིང་ཆེན་རིམ་པའི་རིག་དངོས་སུ་བཀོད་ཅིང་། སྡོད་ཁང་འཛུགས་སྐྲུན་ལག་རྩལ་ཀྱང་ཁུལ་རིམ་པའི་དངོས་མིན་ཤུལ་བཞག་རིག་གནས་ཀྱི་གྲས་སུ་ཚུད་ཡོད། ཁམས་ཀྱི་བོད་ཀྱི་འཛུགས་སྐྲུན་གྱི་རྩ་བའི་རྣམ་པའི་ཁྲོད་གནས་བབ་གལ་ཆེན་བཟུང་ཡོད་པར་མ་ཟད། འཛམ་གླིང་སྡོད་ཁང་འཛུགས་སྐྲུན་གྱི་གྲས་ན་འགྲན་ཟླ་བྲལ་བའི་གནས་བབ་བཟུང་ཡོད། དེ་ཡང་རྟའུ་རྫོང་ལ་ད་ཐེངས་ཀྱི་མཚན་བྱང་འདི་དག་བཀལ་རྗེས། རྟའུས་སྡོད་ཁང་རྒྱུད་འཛིན་འཕེལ་རྒྱས་ལ་སྐུལ་འདེད་དང་། ཞིང་ལས་རིག་གནས་ཡུལ་སྐོར་ཐོན་ལས་མཉམ་འདྲེས་ལ་སྐུལ་འདེད་གཏོང་བའི་སྒུལ་ཤུགས་ནན་མོར་འགྱུར་བར་མ་ཟད། རྫོང་འདི་ག་རྒྱལ་ནང་དུ་སྙན་གྲགས་ཁྱབ་པའི་མིང་བྱང་གལ་ཆེན་དུ་གྱུར་ཏེ། གྲོང་གསེབ་དར་རྒྱས་འཐབ་ཇུས་ལ་སྐུལ་འདེད་གཏོང་བའི་སྟོབས་ཤུགས་གལ་ཆེན་དུ་འགྱུར་རོ། །
ཐེངས་འདིའི་གླེང་སྟེགས་ཀྱི་ཆེད་ལས་རང་བཞིན་དང་དྲང་དངོས་རང་བཞིན་མཐོར་འདེགས་དང་འགན་སྲུང་བྱ་ཆེད། སྤྱི་ཟླ་7པའི་ཚེས་19ཉིན་ནས་ཚེས་21ཉིན་བར། རྟའུ་རྫོང་གིས་ཆེད་དུ《ཀྲུང་གོའི་རྒྱལ་ཁབ་ས་ཁམས》དང་། སྡོད་ཁང་། དམངས་སྲོལ། འཛུགས་སྐྲུན་སོགས་མངའ་ཁོངས་མི་འདྲ་བའི་ཆེད་མཁས་པ་16གདན་དྲངས་ཏེ་རྫོང་དུ་རྟོག་ཞིབ་གཏིང་ཟབ་བྱས་པ་དང་། ཀྲུང་གོའི་རྒྱལ་ཁབ་ས་ཁམས་ཀྱི་ཡུལ་དངོས་བྱང་བུ་བཙུགས།
ཐེངས་འདིའི་གླེང་སྟེགས་ཚོགས་འདུར་ཞུགས་པའི་ཆེད་མཁས་པ་དང་སྐུ་མགྲོན་གཞན་ད་དུང་ཁྲེན་ལི། ཏུང་ཅེན་ཧུའེ། མི་ཉག་འོད་ཟེར། ཐང་རུའེ་དབྱིང་། ལིན་ཅུན་ཧྭ་སོགས་ཀྱི་རིགས་གཅིག་མཁས་ཅན་དང་། ཡུས་ཞིན། ཡུས་ཧྲང་ཧྭ། བློ་བཟང་རྒྱ་མཚོ། སྟོབས་ལྡན། ཡོན་ཏན། སྐལ་བཟང་སྒྲོལ་མ། བསོད་ནམས་ཉི་མ། བློ་བཟང་ཉི་མ། བསོད་ནམས་བཀྲ་ཤིས་སོགས་ཀྱི་ས་གནས་རང་གི་ཆེད་མཁས་པ་བཅས་ཕེབས་ཡོད་པ་རེད།