མཚོ་སྔོན་ཡུལ་ཤུལ་ཁུལ་ནི་ཁམས་ཕྱོགས་ལ་གཏོགས་ཤིང་། གནས་མཆོག་དེ་ནི་འབྲོང་གི་ཕ་ས་དང་གར་གྱི་ཞིང་ཁམས། ཆུ་བོའི་མགོ་ཁུངས་དང་རི་བོའི་ཡང་ཟོམ་ཞེས་སྙན་གྲགས་ཀུན་ཏུ་ཁྱབ་པ་སྟེ། གནའ་བོའི་རིག་གནས་དང་དམངས་སྲོལ་རིག་གནས་ཀྱི་རྗེས་ཤུལ་ཆེས་མང་པོའི་ཡུལ་གྲུ་ཁྱད་པར་བ་ཞིག་ཡིན་ལ། མིང་དུ་གྲགས་པའི་གཙོད་ཀྱི་ཕ་ཡུལ་ཨ་ཆེན་གངས་རྒྱབ་ཀྱང་གནས་འདིའི་ཁོངས་སུ་ཡོད་དེ། རང་རྒྱལ་གྱིས་གཙིགས་ཆེན་བྱེད་པའི་རྨ་འབྲི་གཙང་གསུམ་གྱི་སྲུང་སྐྱོང་ས་ཁུལ་གྱི་གྲས་སུ་གཏོགས། འཛམ་གླིང་ན་སྙན་པ་འབར་བའི་གླིང་གེ་སར་རྒྱལ་པོའི་སྒྲུང་ཡང་གནས་འདིར་དར་ཁྱབ་ཤིན་ཏུ་ཆེ་ཞིང་། ལྷག་པར་རྒྱལ་ཡོངས་སུ་བབས་སྒྲུང་གི་སྒྲུང་པའི་རིགས་ཆེས་མང་བའི་ཡུལ་གྲུ་གཅིག་པུའང་ཡིན། རྨ་འབྲིའི་མགོ་ཁུངས་འདི་ལ་སྒ་སྐྱ་ལོ་སེང་ལྕམ་འབྲུག་མོའི་ཕ་ཡུལ་ཞེས་མཚན་སྙན་ཡང་ཡོད་པས། ངེད་རྣམས་ལ་སྔར་ནས་འདིར་རྟོག་དཔྱོད་བགྱི་བའི་སྟ་གོན་ཡོད་ལ། གོ་སྐབས་བཟང་བ་ཞིག་ལ་ཐེངས་འདིར་ཡུལ་ཤུལ་ཁུལ་གྱི་ཁམས་ཁུལ་སྒྱུ་རྩལ་དུས་ཆེན་སྐབས་ལྔ་པ་ཚོགས་པའི་གདན་ཞུའི་ཡི་གེ་འབྱོར་བས། ཉིས་སྟོང་བདུན་ལོའི་ཟླ་བདུན་པའི་ཚེས་ཉེར་གསུམ་ཉིན་ང་ཚོ་གེ་སར་ཞིབ་འཇུག་ཁང་གི་མི་གསུམ་ཡུལ་ཕྱོགས་དེར་བསྐྱོད། ང་ཚོའི་དམིགས་བྱ་གཙོ་བོ་ནི་ཡུལ་ཤུལ་ཁུལ་གྱི་གེ་སར་རྒྱལ་པོའི་གནས་རྟེན་ཁྱད་པར་ཅན་དང་སྐད་གྲགས་ཆེ་བའི་སྒྲུང་པར་བཅར་འདྲི་འཚོལ་ཞིབ་བྱེད་པ། བོད་ཀྱི་རིག་གནས་ཞིབ་འཇུག་ལ་འབྲེལ་བ་ཡོད་པའི་དམངས་སྲོལ། གྲུབ་མཐའ་ཁག་གི་དགོན་རྙིང་། མིང་གྲགས་ཆེ་བའི་ལྡོང་ཚང་བཀའ་བསྟན་ལག་བྲིས་མ། འཛམ་གླིང་ལྗི་ཉི་སིའི་མིང་རྟགས་ཐོབ་པའི་རྒྱ་ནག་མ་ཎི། རྨ་འབྲི་གཙང་གསུམ་གྱི་ས་རྒྱུད་བཅས་ལ་གནས་མཇལ་ཞིབ་འཇུག་བྱེད་པ་བཅས་ཡིན་ལ། ཞོར་ལ་སྐད་གྲགས་ཆེ་བའི་ཁམས་ཁུལ་དུས་ཆེན་དང་རྨ་འབྲི་གཙང་གསུམ་གྱི་འབྱུང་ཁུངས་ཀྱི་རྟ་རྒྱུག་འགྲན་སྡུར་ལའང་རིག་གནས་ཀྱི་ནང་དོན་ཕུན་སུམ་ཚོགས་པ་ཡོད་པ་ཤེས་ཏེ་ཆས་པའོ། །
དེ་ཡང་ཡུལ་ཤུལ་ཁུལ་ནི་གནའ་མཁར་ཟི་ལིང་ནས་ལྷོ་ཕྱོགས་སུ་སོང་བའི་སྤྱི་ལེ་བརྒྱད་བརྒྱ་ལྷག་གི་མཚམས་སུ་ཡོད་ལ། ལོ་རྒྱུས་ཀྱི་ཡིག་ཆ་དག་ལས་བསྟན་པ་ལྟར་ན་ལོ་ངོ་བཞི་སྟོང་ལྷག་གི་ལོ་རྒྱུས་ཡོད་ཅིང་། ནུབ་ཕྱོགས་སུ་སོག་ཡུལ་དང་། ནུབ་བྱང་མཚམས་སུ་ཤིན་ཅང་། ལྷོ་རུ་སི་ཁྲོན། ལྷོ་ནུབ་མཚམས་སུ་ལྟ་ས། ཤར་དུ་རང་ཞིང་གི་མགོ་ལོག་ཁུལ་སོགས་དང་འདྲེས་ཡོད་ཅིང་། ས་རྒྱའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ་ཁྲི་26.7ཡོད། དེས་རང་ཞིང་གི་ས་རྒྱའི་བརྒྱ་ཆའི་37.2ཟིན་ཡོད། ཁུལ་ཡོངས་ལ་ཁྱོན་མི་གྲངས་ཁྲི་30.28ཡོད་དེ་བརྒྱ་ཆ་98ནི་བོད་རིགས་ཡིན། 1951ལོའི་ཟླ་12པར་བོད་རིགས་རང་སྐྱོང་ཁུལ་བཙུགས་ཤིང་། མཚོ་སྔོན་ནས་ཐོག་དང་པོ་དང་རྒྱལ་ཡོངས་ནས་ཨང་གཉིས་པར་ཆོག་མཆན་གནང་བའི་གྲངས་ཉུང་མི་རིགས་ཀྱི་ཁུལ་ཞིག་ཡིན། དེ་ལ་ཡུལ་ཤུལ་རྫོང་། ཁྲི་འདུ་རྫོང་། ནང་ཆེན་རྫོང་། རྫ་སྟོད་རྫོང་། འབྲི་སྟོད་རྫོང་། ཆུ་དམར་ལེབ་རྫོང་བཅས་རྫོང་དྲུག་དང་ཤང་དང་གྲོང་རྡལ་སོ་དྲུག་སྡེ་པ་ཉིས་བརྒྱ་ང་ལྔ་ཡོད་དེ། ཁུལ་དེ་གནའ་བོའི་དུས་སུ་མདོ་དབུས་ཁམས་གསུམ་ཞེས་པའི་ཁམས་པའི་ཁོངས་སུ་གཏོགས་ཤིང་། ཁམས་ཞེས་པའི་ཐ་སྙད་འདི་ལ་དོན་མང་ཙམ་ཡོད་ནའང་འདིར་བརྗོད་པའི་ཁམས་ཞེས་པ་ཡུལ་མཐའི་དོན་ཏེ་མཐའི་རྒྱལ་ཕྲན་ལ་ཁམས་ཀྱི་རྒྱལ་ཕྲན་ཞེས་པ་ལྟ་བུ་སྟེ་བོད་ཡུལ་དབུས་ལ་བལྟོས་ནས་དེ་ལྟར་ཐོགས་པ་མཁས་པའི་གསུང་ལས་ཐོས་ལ། ཡུལ་བྱེ་བྲག་གི་མིང་གི་མགོར་ཡང་ཁམས་བྱ་བ་སྦྱར་ཏེ་ཁམས་ཆབ་མདོ་དང་ཁམས་སྡེ་དགེ་ཞེས་ཡོངས་སུ་གྲགས་པ་བྱུང་། ཡང་ཐོག་མར་ཁམས་ཞེས་པ་ཆབ་མདོས་གཙོས་པའི་ཉེ་འཁོར་ཡུལ་གྲུ་དག་ལ་ངོས་འཛིན་སྲོལ་འདུག་ནའང་། ཕྱིས་སུ་སྐད་བརྡའི་ཁྱད་ཆོས་གཙོ་བོར་བཟུང་སྟེ་ཁམས་ཕྱོགས་ཀྱི་ཡུལ་སྐད་སྨྲ་བའི་ཡུལ་ཐམས་ཅད་ལ་ཁམས་ཞེས་བརྗོད། 《མདོ་སྨད་ཆོས་འབྱུང》དུ་“དེ་ཡང་བྱང་ཕྱོགས་ཁ་བ་ཅན་གྱི་ལྗོངས་འདི་ལ་གཉིས་སུ་བྱས་པའི་བོད་ཡུལ་དབུས་གཙང་ནི་ཆོས་སྲིད་གང་གི་ཆ་ནས་འགྲན་ཟླ་མེད་པ་ཡིན་ལ། བར་ཁམས་ཡང་གྲུབ་མཐའ་སྣ་ཚོགས་ཀྱི་ཆོས་ལུགས། སྟོབས་དང་ལོངས་སྤྱོད་གང་ངོས་ནས་དར་རྒྱས་ཆེ་བ་ལ་བལྟས་ན། ”ཞེས་བཀོད་པ་ལྟར་ཡུལ་ཤུལ་ཁུལ་འདི་ཁོ་ན་ལའང་དགེ་ལུགས་པ་དང་ས་སྐྱ་བ། རྙིང་མ་བ། བཀའ་བརྒྱུད་པ་སོགས་ཆོས་ལུགས་གྲུབ་མཐའ་མང་པོ་ཡོད་པས་ཡོངས་སུ་མཚོན་ཐུབ། ཡུལ་འདི་སྔ་མོ་ནས་སྟོད་མངའ་རིས་སུ་གཏོགས་ཤིང་རྒྱ་བོད་དབར་འགྲིམ་འགྲུལ་གྱི་ས་མདུད་གལ་ཆེན་ཞིག་ཀྱང་ཡིན་པ་ཀོང་ཇོའི་ལྷ་ཁང་གིས་ཀྱང་ཤེས་ཐུབ་ལ། ཐང་རྒྱལ་རབས་སྐབས་སུ་བཙན་པོའི་དབང་རིས་དང་ས་སྐྱ་བའི་དུས་སུ་འགྲོ་མགོན་ཆོས་རྒྱལ་འཕགས་པ་དུས་ཡུན་རིང་པོར་ཕེབས་བཞུད་ཀྱིས་བཀའ་ཆོས་གནང་བ་དང་དགོན་སྡེ་བཏབ་པ་སོགས་ཀྱི་ལོ་རྒྱུས་མང་། དེང་གི་ཡུལ་ཤུལ་(玉树)ནི་ལ་ལས་རྒྱའི་སྐད་ཀྱིས་སྒྲ་བསྒྱུར་གྱིས་ཡུས་ཧྲུའུ་ཞེས་འགྲེལ་ལོག་བརྒྱབ་པ་ནི་མིང་གི་འབྱུང་ཁུངས་བོད་སྐད་ཡིན་པ་མ་ཤེས་པས་སོ།།
གཅིག ཡུལ་ཤུལ་གྱི་གནའ་རྫས་བཤམས་སྟོན་ཁང་གི་གེ་སར་ཤུལ་རྟེན།
ཉིས་སྟོང་བདུན་ལོའོ་ཟླ་བདུན་པའི་ཚེས་ཉེར་བཞི་ཡི་ཞོགས་པར་ང་ཚོས་ནངས་ཇ་འཐུང་རྗེས་གེ་སར་རིག་གནས་ཐང་ཆེན་བརྒྱུད་དེ་ཡུལ་ཤུལ་གནའ་རྫས་བཤམས་སྟོན་ཁང་དུ་བསྐྱོད། དེ་ཡང་གེ་སར་རིག་གནས་ཐང་ཆེན་ཟེར་དོན་ནི་སྐུ་ཟངས་ནག་ལས་གྲུབ་པའི་གེ་སར་རྒྱལ་པོའི་སྐུ་བརྙན་ཆེན་པོ་ཞིག་བཞེངས་ཡོད་པས་ཡིན་ལ། སྐུ་བརྙན་དེ་ཉིས་སྟོང་ལྔ་ལོར་བཟོ་འགོ་བརྩམས་ཤིང་། དེའི་ཐོག་མའི་བཟོ་སྐྲུན་དེ་ལ་ཡུལ་ཤུལ་ཁུལ་རིག་གནས་ཅུས་དང་བཟོ་སྐྲུན་ཅུས་ཀྱིས་གདན་ཞུ་བྱས་པ་ལྟར་ངེད་ཞིབ་འཇུག་ཁང་གིས་བཟོ་བཅོས་དཔྱད་གླེང་སྡོམ་ཚིག་བཀོད་པ་མ་ཟད། བཟོ་བཀོད་འཆར་གཞིའི་ཆེད་རྩོམ་ཡང་བྲིས་ཏེ་ཁོ་ཚོར་སྤྲད་པ་ཡིན་ལ། དེའི་རྨང་གཞིའི་སྟེང་བསྐྲུན་པའི་བཟོ་བཀོད་དེ་ད་ལྟ་ང་ཚོའི་མིག་མདུན་ལ་བརྗིད་ལྷིང་ངེར་བཞེངས་ཡོད་དེ། དེའི་རྟ་དང་མི་གཉིས་ཀྱི་མཐོ་ཚད་ལ་རྨིད་22.2ཡོད་པས་དེང་སྐབས་འཛམ་གླིང་ནང་ཆེས་མཐོ་བའི་གེ་སར་རྒྱལ་པོའི་ཟངས་སྐུ་གཅིག་པུའང་ཡིན། དེ་ཡང་ཞབས་སྟེགས་ཀྱི་མཐོ་ཚད་ལ་རྨིད་2ཡས་མས་དང་ངོས་བརྒྱད་ལ་བཀྲ་ཤིས་རྟགས་བརྒྱད་ཀྱི་རི་མོ་བཀོད་ཡོད་ཅིང་། གེ་སར་རྒྱལ་པོས་ཁྲབ་རྨོག་འཁོར་གསུམ་ལུས་ལ་རྫོགས་ཤིང་། ཕྱག་ལ་དར་དང་གོ་མཚོན་ཐོགས་པ། རྐྱང་རྒོད་འཕེར་བ་ལ་བཅིབས་ཏེ་ཞལ་ནུབ་ཕྱོགས་བདེ་བ་ཅན་ལ་གཟིགས་པའི་སྐུ་བརྙན་གཟི་བརྗིད་ལྡན་པ་ཞིག་ཡིན། ང་ཚོས་ཞོགས་པ་དེར་གེ་སར་ནོར་བུ་དགྲ་འདུལ་གྱི་སྐུ་བརྙན་ཆེན་པོར་སྐོར་བ་ལན་གསུམ་བརྒྱབ་རྗེས་དྲན་རྟེན་གྱི་འདྲ་པར་མང་པོ་བརྒྱབ་སྟེ་གནའ་རྫས་བཤམས་སྟོན་ཁང་ལ་སོང་བ་ཡིན། གནའ་རྫས་ཁང་གི་གཅིག་ཐོག་གི་གཡས་ཟུར་ན་དམངས་སྲོལ་བཤམས་སྟོན་ཁང་དང་། ཉིས་ཐོག་དང་སུམ་ཐོག་ན་འདྲ་པར་དང་ཡིག་གཟུགས། ཐང་ག་དང་མཛེས་རིས་སོགས་ཡོད་ལ། ཐང་གའི་ཁྲོད་ན་གསར་དུ་བྲིས་པའི་གེ་སར་ཞི་བ་སྟེ་གེ་སར་རྡོ་རྗེ་ཚེ་རྒྱལ་གྱི་ཐང་ག་དང་། གཞན་ར་མའི་པགས་པའི་སྟེང་བྲིས་པའི་ཛམ་བྷ་ལྷ་དཀར་པོ་སོགས་དེང་རབས་རིག་གནས་སྒྱུ་རྩལ་རྩ་ཆེན་མང་པོ་ཡོད། བཞི་ཐོག་སྟེང་ནང་ཆེན་རྟ་རྣ་དགོན་དང་། ཁྲི་འདུ་མཁར་ནང་དགོན། ཁྲི་འདུ་ཆོས་མཛོད་དགོན་སོགས་ནས་ཁྱེར་ཡོང་བའི་ཆོས་ལུགས་ཀྱི་གནའ་རྫས་མང་པོ་ཡོད་ལ། དེ་ལས་ང་ཚོར་དགོས་མཁོ་ཧ་ཅང་ཆེ་བ་ནི་གླིང་གེ་སར་གྱི་དགོན་པ་ཡིན་པར་གྲགས་པའི་རྟ་རྣ་དགོན་ནང་ཉར་ཚགས་བྱས་པའི་ཤན་པའི་རྨོག གླིང་དཔའ་རྟུལ་རྣམས་ཀྱི་ཁྲབ་ཀྱི་མེ་ལོང་། གེ་སར་གྱི་ཁྲབ་མིག་བཅུ་གསུམ། འདན་མའི་རྨོག གེ་སར་གྱི་ཕུབ་མོ་སྦ་དམར་ལེབ། གླིང་གེ་སར་གྱི་གནས་རྟེན་བཅུ་དྲུག་གི་གསེར་ཆོས་གླེགས་ཤིང་། སྟག་རོང་ཁྲོ་རྒྱལ་གྱི་གླེགས་ཤིང་། གཞན་ལོ་སྟོང་སོང་བའི་གླིང་ཆུང་རྒྱུད་འབྲིང་བརྒྱུད་ཆེ་རྒྱུད་ཀྱི་གདུང་འབུམ་མཆོད་རྟེན་དང་ཁྲོ་ཐུང་གི་གདུང་རྟེན་མཆོད་རྟེན་གྱི་འདྲ་པར། མཁར་ནང་དགོན་ཉར་ཚགས་བྱས་པའི་བརྒྱད་སྟོང་གསེར་བྲིས་མ་དང་དངུལ་བྲིས་མ་སྟེ་(དགོན་པ་དེའི་སློབ་གཉེར་བ་ཐུབ་བསྟན་བསམ་གྲུབ་དང་བཀྲ་ཤིས་ཀྱིས་བཤད་པ་ལྟར་ན། ས་དེར་སྤྱི་དཔོན་གྱི་མི་རྒྱུད་ཀྱི་གཟིམ་ཁང་དང་སྣང་ངུ་གཡང་སྒམ་ནང་ཡོད་པ་བཅིངས་འགྲོལ་སྐབས་སུ་འཕྲོ་བརླག་བཏང་ཚར་སྐད།)ད་ལྟ་མཐོང་རྒྱུ་ཡོད་པའི་བརྒྱད་སྟོང་གསེར་བྲིས་མ་དང་དངུལ་བྲིས་མ་ནི་ཤོག་ནག་མཐུག་པོའི་སྟེང་གསེར་དངུལ་གྱི་ཡི་གེ་ཕྲེང་བར་བྲིས་ཡོད་པ་ཞིག་སྟེ། གླིང་སྤྱི་དཔོན་རྒྱལ་པོའི་སྐབས་ཀྱི་གླེགས་བམ་ཡིན་པའི་དབང་དུ་བཏང་ན་བགྲང་བྱ་སྟོང་གཅིག་ཡས་མས་སོང་བ་གདོན་མི་ཟའོ། དེ་ལ་དགོན་པས་མཚན་བྱང་འདི་ལྟར་བྲིས་ཡོད་པ་སྟེ། “བརྒྱད་སྟོང་གསེར་བྲིས་མ་དང་དངུལ་བྲིས་མ་འདི་གཉིས་ཁྲ་བོ་སྤྱི་དཔོན་རྒྱལ་པོའི་ལྷ་ཁང་དུ་བཞུགས་པའི་རྟེན་གྱི་གྲས་ཡིན་ཞེས་རྒན་པོ་རྣམས་ཀྱི་ངག་རྒྱུན་དུ་ཡོད་ལ། སྔར་གྱི་སྤྱི་དཔོན་སྣང་ངུ་གཡུ་སྟག་གི་བརླ་རྐང་མཁར་ནང་བླ་བྲང་གི་གཡང་སྒམ་དུ་ཡོད་པ་དང་། སྡེ་པ་འདིའི་ནང་སྤྱི་དཔོན་གྱི་མི་རྒྱུད་ཟམ་མ་ཆད་པར་ད་ལྟ་ཡང་ཁྲ་རྒྱུད་ཞེས་པའི་རུས་དེ་ཡོད་”ཅེས་བཀོད་འདུག ད་དུང་ཁྲི་འདུ་ཆོས་མཛོད་དགོན་གྱིས་ཉར་ཚགས་བྱས་པའི་གེ་སར་རྒྱལ་པོའི་བྲང་ཁེབ་དང་སྟོད་གོས་ཡིན་ཟེར་བའི་རྒྱུ་གོས་ཆེན་འབྲུག་རིས་མས་བྱས་པའི་སྟོད་གོས་སེར་པོ་ཞིག་ཀྱང་མཇལ་རྒྱུ་ཡོད་དོ། །གོང་གསལ་གནའ་རྫས་དེ་དག་ཁོང་རྣམ་པས་བརྗོད་པ་ལྟར་ཡིན་མིན་བདེན་རྫུན་ལ་དབྱེ་ཞིབ་གསལ་པོ་བགྱིས་པའི་མཐུན་རྐྱེན་ལེགས་པོ་མ་བྱུང་བས་རེ་ཞིག་བཏང་སྙོམས་སུ་མི་འཇོག་ཀ་མེད་དུ་གྱུར།
གཉིས། རྒྱ་ནག་མ་ཎིའི་རྡོ་མཁར་དང་སེབ་པ་དགོན་པའི་གེ་སར་གྱི་ཤུལ་རྟེན།
ཚེས་ཉེར་བཞིའི་ཕྱི་དྲོ་ང་ཚོ་ཁམས་པའི་དུས་ཆེན་གྱི་རྩ་འཛུགས་མི་སྣའི་སྣེ་ཁྲིད་འོག་རྒྱ་ནག་མ་ཎི་རྡོ་མཁར་དང་སེབ་པ་དགོན་པའི་གེ་སར་ཤུལ་རྟེན་ལ་རྩད་ཞིབ་རྟོག་དཔྱོད་དུ་སོང་བ་ཡིན། རྒྱ་ནག་མ་ཎིའི་རྡོ་མཁར་དེ་ཡུལ་ཤུལ་ཁུལ་སྐྱེ་རྒུ་གྲོང་རྡལ་ནས་ཕྱིར་སོང་ན་སྤྱི་ལེ་གསུམ་ཙམ་གྱི་མཚམས་ན་ཡོད་ཅིང་། ང་ཚོ་སྐྱེ་རྒུ་གྲོང་རྡལ་ལ་སླེབས་པའི་ཉིན་དེར་ཡང་ལམ་ཁ་ནས་མཐོང་གི་ཡོད་མོད། གནས་ཚུལ་རྒྱུས་ལོན་ལེགས་པོ་ཡོང་ཆེད་ཕྱི་ཉིན་སྣེ་ཁྲིད་མི་སྣ་གདན་འདྲེན་ཞུས་ཏེ་གནས་མཇལ་ལ་སོང་བ་ཡིན། རྡོ་མཁར་གྱི་གཡས་གཡོན་ན་ཕྱག་སྐོར་བྱེད་མཁན་གནས་མཇལ་བ་དང་གནས་སྐོར་ལ་ཕེབས་མཁན་རྒྱལ་ཁབ་ཕྱི་ནང་གི་མགྲོན་པོ་བཅས་ཀྱིས་འཚང་ཁ་ཤིག་ཤིག་བྱེད་བཞིན་ཡོད་དེ། མགྲོན་པོ་ཀུན་གྱིས་མ་ཎི་རྡོ་འབུམ་གྱི་དར་རྒྱས་ལ་སེམས་ཁུར་དང་དེའི་འཛུགས་སྐྲུན་ལ་བྱས་རྗེས་འཇོག་པ། ཡང་ན་དམ་པའི་ཆོས་ཀྱི་དགེ་རྩ་སྒྲུབ་པ་བཅས་དམིགས་ཡུལ་མི་འདྲ་ནའང་། མི་རེ་ཡིས་མ་བསྐུལ་དང་བླངས་ངང་མ་ཎི་རྡོ་བརྐོས་མའི་ཚོང་ར་ལས་རྡོ་རེ་ཉོས་ནས་རྡོ་མཁར་གྱི་སྟེང་བཞག་པ་དང་། དེ་བཞིན་མ་ཎི་རྡོ་བརྐོས་མ་ཉོས་ཏེ་དྲན་རྟེན་གྱི་ཚུལ་དུ་ཡུལ་ལ་ཁྱེར་བ་བཅས་ལ་བལྟས་ན། མ་ཎི་རྡོ་མཁར་འདི་ཡིས་ཀུན་གྱི་ཡིད་དབང་འཕྲོག་པ་ཤེས་ཐུབ། རྒྱ་ནག་མ་ཎི་ནི་སྤྱི་ལོ་1700ལོར་རྒྱ་ནག་པ་སྟོབས་ལྡན་སངས་རྒྱས་ཕན་ཡོན་ནམ་རྒྱ་ནག་བླ་མ་ཞེས་པ་དེས་བཞེངས་ཤིང་། ཤར་ནུབ་རིང་ཚད་ལ་རྨིད་283དང་། རྡོ་བརྐོས་འབུམ2ལྷག་ཙམ་གྱིས་གྲུབ་ཡོད་པས་རྔམ་བརྗིད་ལྡན་པའི་མ་ཎི་རྡོ་བརྐོས་རི་བོ་ཆུང་ཆུང་ཞིག་ཏུ་གྱུར་ཡོད། འབྲེལ་ཡོད་ལོ་རྒྱུས་ཀྱི་ཡིག་ཆ་ལས་བྱུང་བ་ལྟར་ན། རྒྱ་ནག་མ་ཎི་འདི་གསར་གཏོད་པ་རྒྱ་ནག་སྤྲུལ་སྐུ་རྟོགས་ལྡན་བྱང་ཆུབ་འཕགས་དབང་མཆོག་ནི་སྐུ་ན་ཕྲ་བའི་དུས་ནས་སངས་རྒྱས་ཆོས་ལ་དད་པའི་སྤྲུལ་སྐུ་ཞིག་ཡིན་པ་མ་ཟད། སྔ་གཞུག་ཏུ་རྒྱ་ནག་གླང་ཆེན་འགྱིང་རི་དང་རི་བོ་རྩེ་ལྔ་སོགས་གནས་མཆོག་ཁག་ཏུ་ལོ་ངོ་ཉི་ཤུའི་རིང་ནང་བསྟན་གྱི་གཞུང་ལ་སྦྱངས་བརྩོན་མཛད་ཅིང་། བགྲང་བྱ་290སྔོན་ནས་དཀར་པོ་སྤྲིན་ལ་བཅིབས་ཏེ་ཀྱེེ་སྐུའི་སེང་ཟེ་སྡེ་པར་བྱོན། ཆུ་མིག་དྭངས་མོ་ཞིག་གི་འགྲམ་ནས་འབྲུ་དྲུག་རང་བྱོན་ཡིན་པའི་རྡོ་ཞིག་རྙེད་པ་རྟེན་འབྲེལ་དུ་དགོངས་ནས། དེར་མ་ཎིའི་རྒྱ་མཁར་ཆེན་པོ་ཞིག་འཛུགས་རྒྱུའི་ཕུགས་ཐག་བཅད་པ་དང་ཆབས་ཅིག་སངས་རྒྱས་ཆོས་ཀྱི་བསྟན་པ་སྤེལ་འགོ་བརྩམས། དེ་ནས་གྲྭ་པ་དང་དད་ལྡན་མང་ཚོགས་ཁྲི་སྟོང་མང་པོས་རྡོ་ལ་འབྲུ་དྲུག་བརྐོ་བའི་དར་སྲོལ་ཞིག་ཆགས། བཅིངས་འགྲོལ་སྐབས་སུ་རྒྱ་མཁར་དེར་རྡོ་ལེབ་དུང་ཕྱུར་ཉེར་ལྔ་ཡོད་པར་གསུངས་སོ། །
དེ་ནས་འབྲི་ཆུ་བརྒལ་དེ་ཤར་ཕྱོགས་སུ་སྤྱི་ལོ་ཉེར་དགུའི་མཚམས་སུ་སོང་ན་ཁྲི་འདུ་རྫོང་ཁོངས་ཡིན་པའི་སེབ་པ་དགོན་ཆེན་ཡོད་དེ། འདི་ནི་འགྲོ་མགོན་ཆོས་རྒྱལ་འཕགས་པས་ཕྱག་བཏབ་ཅིང་། སེབ་པ་བཀའ་ཆེན་སྐུ་ཕྲེང་རིམ་བྱོན་བཞུགས་སའི་ས་སྐྱའི་གྲུབ་མཐའ་འཛིན་པའི་དགོན་སྡེ་ཞིག་ཡིན་ལ། རི་བོ་ཆུང་ཆུང་ཞིག་གི་སྐེད་ན་མཛེས་སྡུག་ལྷང་ངེར་བཞེངས་ཡོད་དེ། གཡས་གཡོན་དུ་ནགས་ཚལ་སྟུག་ཅིང་འདབས་སུ་གཙང་པོ་ཤང་ཤང་དུ་རྒྱུགས་པའི་གནས་སྐྱིད་པོ་ཞིག་ཡིན། དགོན་སྡེའི་གྲྭ་པ་ཚོས་ནགས་ཚལ་དུ་ཤྭ་བ་འབྲོང་དང་རི་དྭགས། དྲེལ་མོང་དང་སྟག་སོགས་གཅན་གཟན་མང་པོ་ཡོད་པར་བཤད་ལ། དགོན་པའི་ནང་འབྲོང་དང་མཛོ། ཤྭ་བ། གཉན། རྣ། དགོ་བ། དྲེལ་མོང་། གཟིག་སྒོ་ཁྱི། དུག་སྦྲུལ་སོགས་ཀྱི་གསོབ་མང་པོ་བཙན་ཁང་དུ་བཀལ་ཡོད་པས་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ལྡན། གྱང་ངོས་ལ་དཀར་པོ་དང་དམར་པོའི་རྩི་བྱུག་པའི་གྲྭ་ཤག་གི་ཕྲེང་སྟར་ཡང་མཐོང་རྒྱུ་ཡོད། དེའི་རྟེན་གཙོ་བོ་ལ་སློབ་དཔོན་པདྨ་འབྱུང་གནས་ཀྱི་གསེར་ཟངས་ཀྱི་སྐུ་ཐོག་བརྩེགས་གསུམ་ཙམ་ཞིག་ཡོད་ལ། འདུ་ཁང་གི་གཡོན་ངོས་ཀྱི་སྣང་སྲིད་ཟིལ་གནོན་ལྷ་ཁང་ནང་གི་འོག་ཁང་ནང་གུ་རུ་རིན་པོ་ཆེ་དང་མཐའ་འཁོར་ན་གུ་རུ་མཚན་བརྒྱད་བཅས་བཞུགས་ཤིང་། དེའི་ཉིས་ཐོག་ཏུ་གུ་རུ་སྟོང་སྐུའི་ལྷ་ཁང་གི་ནང་སློབ་དཔོན་པདྨའི་གུ་རུ་སྟོང་སྐུའི་དཀྱིལ་ན་གེ་སར་རྒྱལ་པོ་རྐྱང་རྒོད་འཕེར་བ་ལ་བཅིབས་ཤིང་འཁོར་གསུམ་ལུས་ལ་རྫོགས་ཤིང་དར་མདུང་ཕྱག་ལ་ཐོགས་པའི་སྐུ་མཐོ་ཚད་ལ་ཕལ་ཆེར་རྨིད་གཅིག་དང་ཕྱེད་ཡོད་པ་ཙམ་ཞིག་བཞེངས་འདུག དེའི་འགྲམ་ན་ཡོད་པའི་གནའ་རྫས་བཤམས་སྟོན་ཁང་ནི་ཉིས་ཐོག་ཡིན་ལ། འོག་ཁང་ན་འབྲོག་པའི་ཡོ་བྱད་སོགས་དམངས་སྲོལ་རིག་རྫས་བཤམས་སྟོན་བྱས་ཡོད། ཉིས་ཐོག་སྟེང་ང་ཚོའི་དམིགས་བྱར་གྱུར་པའི་གེ་སར་རྒྱལ་པོའི་ཤུལ་རྟེན་ཏེ། གེ་སར་རྒྱལ་པོའི་སྐབས་ཀྱི་གནའ་རྫས་ལྕགས་ཁྲབ་དང་ལྕགས་རྨོག མདའ་གཞུ་དང་མདུང་སོགས་མང་པོ་ཡོད་ལ། དེ་ལས་ཀྱང་ངོ་མཚར་ཆེ་བ་ཞིག་ནི་གེ་སར་གྱི་རལ་གྲི་བཏབ་པ་ལན་མེད་ཀྱི་མིང་བཏགས་ཡོད་པའི་གྲི་རིང་དེ་ཡིན་ཏེ། གྲི་རིང་དེའི་ཚད་ལ་རྨིད་95ཡོད་ལ། ཞེང་ཚད་ལ་ལི་རྨིད་0.06ཡོད་དེ། གྲིའི་སྣེ་མོ་ལ་གསེར་མདོག་གི་མེ་རིས་བརྐོས་ཤིང་། གོས་རས་སྣ་ཚོགས་ཀྱི་ཚར་རྒྱན་གྱིས་བརྒྱན་ཡོད་པས་ཞིབ་འཇུག་གི་རིན་ཐང་ཆེ་བར་འདུག བཤད་སྲོད་ལྟར་ན་དགོན་པའི་སྤྲུལ་སྐུ་རིན་ཆེན་ཚེ་རིང་ལགས་སུ་རིག་གནས་གསར་བརྗེའི་རྗེས་སུ་བོད་ལྗོངས་གཞིས་ཀ་རྩེ་ནས་རྙེད་པ་ཡིན་པར་གསུངས། གཞན་བྱ་རྒྱལ་ཁྱུང་གི་སྡེར་མོ་དང་ཤྭ་བ་རྭ་ལེབ་ཀྱི་རྭ། བྱེ་མ་ཨ་གྲོང་གི་སྐུ་བརྙན་སོགས་ཀྱང་མཐོང་རྒྱུ་ཡོད་དོ། །
གསུམ། གེ་སར་བྲག་རིས་མ་དང་ཀོང་ཇོའི་ལྷ་ཁང་།
ཚེས་ཉེར་ལྔའི་སྔ་དྲོར་ཁམས་ཁུལ་དུས་ཆེན་གྱི་མཛད་སྒོ་ཚུགས། དེ་ནི་ཡུལ་ཤུལ་མི་དམངས་ལ་མཚོན་ན་སྤྲོ་སྐྱིད་ཀྱིས་ཁེངས་པའི་ཉིན་བཟང་ཞིག་སྟེ་ཞིང་ཆེན་ཏང་ཨུད་ཀྱི་དབུ་ཁྲིད་བློ་མཐུན་ཆང་བེ་ཡིས་ཁམས་པའི་དུས་ཆེན་དངོས་སུ་འགོ་ཚུགས་པའི་ཁྱབ་བསྒྲགས་བྱས་པས་བཀྲ་ཤིས་ཁུག་རྩྭ་ཐང་དགའ་སྤྲོའི་ཐལ་མོས་བཀང་བར་བྱས། ཚེས་ཉེར་དྲུག་གི་ཞོགས་པར་ང་ཚོ་རླངས་འཁོར་ལ་བསྡད་དེ་ནང་ཆེན་རྫོང་ཁོངས་སུ་བསྐྱོད་ཅིང་། ང་ཚོ་ཡུལ་དེའི་གྲྭ་པ་དར་མ་བསྟན་འཛིན་མཐར་ཕྱིན་གྱི་འགྲོ་རོགས་འོག་རྩྭ་ཆུ་གཉིས་འཛོམས་ཀྱི་འབའ་ཐང་བརྒྱུད་དེ་ནང་ཆེན་རྫོང་ཐོག་ལ་སོང་ཞིང་། གློག་བརྙན་འཁྲབ་སྟོན་སྒྱུ་རྩལ་པ་གྲགས་ཅན་ལེ་ལན་ཅེ་ཡིས་མ་དངུལ་བཏོན་པའི་དགོན་པ་གསར་བཞེངས་ལ་ལྟ་སྐོར་དང་ས་དེའི་སྨོན་ལམ་ཚོགས་སའི་འདུ་ཁང་བཅས་བོད་ཀྱི་ཆོས་ལུགས་རིག་གནས་ལ་རྩད་ཞིབ་བགྱིས་ཤིང་། ས་དེའི་གེ་སར་རྒྱལ་པོའི་དགོན་པ་ཡིན་ཞེས་པའི་རྟ་རྣ་དགོན་པར་རླངས་འཁོར་འགྲོ་དཀའ་ནའང་། ང་ཚོས་འབྲེལ་ཡོད་མི་སྣ་དང་ས་དེའི་མང་ཚོགས་ལ་གནས་ཚུལ་བཅར་འདྲི་བྱས་པས། ས་དེ་ན་གེ་སར་དང་དཔའ་རྟུལ་སུམ་ཅུའི་གདུང་འབུམ་མཆོད་རྟེན་དང་ཁྲབ་རྨོག་སོགས་ཤུལ་རྟེན་གལ་ཆེན་ཡོད་པ་ཤེས་ཤིང་། ཉིན་སྔོན་མའི་གནའ་རྫས་བཤམས་སྟོན་ཁང་ནང་མཐོང་བའི་རྟ་རྣ་དགོན་པའི་གནའ་རྫས་དང་བསྡུར་དཔྱོད་ཀྱིས་མཐའ་དཔྱོད་སྡོམ་ཚིག་བཀོད་ཅིང་། རང་བློས་དཔོག་ཚོད་ཀྱིས་ཞིབ་འཇུག་གི་ལྟ་བ་གསར་པ་སེམས་ལ་བཟུང་ནས་ཕྱིར་ལོག ལམ་བར་དུ་རང་རྒྱལ་གྱི་སྐད་གྲགས་ཆེ་བའི་རྫ་ཆུའི་སྒེག་ཉམས་ལ་བལྟས་ཤིང་། སྔོ་མདངས་གཡུ་རུ་བཀྲ་བའི་རྫ་ཆུ་འདིའི་མགོ་རང་ཞིང་གི་རྫ་ཆུ་རྫོང་གི་ཆོས་འཁོར་བཀྲ་ཤིས་གངས་ལ་ཐུག་ཅིང་། ཆུ་མཇུག་ཡ་གླིང་ཤར་ལྷོའི་ཧིན་རྡུ་རྒྱ་མཚོར་རྒྱུགས་པའི་ལོ་རྒྱུས་དངོས་ཀྱང་ཤེས་ཐུབ་སོང་། དེ་ནས་མུ་མཐུད་དེ་ཕྱིར་སོང་ན་བྱང་ལུང་འགག་རོང་རིང་ཚད་སྤྱི་ལེ་བཅོ་ལྔ་ཡོད་པ་བརྒྱུད་དགོས་ཏེ། འགག་རོང་དོག་པོ་དེ་ནི་མཐོ་བ་གནམ་སྔོན་པོ་ལས་མི་མཐོང་ཞིང་དོག་པ་གཤིན་རྗེ་འཕྲང་ལམ་གྱི་དཔེ་རུ་འགྲོ་བ་ཞིག་འདུག དེའི་བྲག་ངོས་ན་ས་དེའི་མང་ཚོགས་ཀྱིས་ཉིས་སྟོང་གསུམ་ལོར་གསར་དུ་བཞེངས་པའི་གེ་སར་བྲག་རིས་མ་ཞིག་བཀོད་ཡོད་ལ། མཐོ་ཚད་ལ་རྨིད་གསུམ་དང་ཞེང་ཚད་ལ་རྨིད་གཉིས་བྱས་པའི་གེ་སར་རྒྱལ་པོའི་ནི་རྟ་རྐྱང་རྒོད་ལ་བཅིབས་པ། དགྲ་ལྷའི་དཔའ་མཚོན་སྣ་དགུ་ཐོགས་པ། སྟེང་ན་ཆོས་སྐྱོང་སྲུང་མ་དང་མཐའ་ན་བླ་འབྲོང་དང་བླ་སྟག་བཅས་ཝེར་མ་བཅུ་གསུམ་གྱིས་བསྐོར་བ་ཅན་ཞིག་ཡིན་འདུག དེའི་གཡས་གཡོན་ན་མ་ཎི་བྲག་བརྐོས་མ་ལོ་མང་སོང་བ་ཞིག་མཐོང་རྒྱུ་འདུག མང་ཚོགས་ཀྱིས་གླིང་རྗེ་གེ་སར་རྒྱལ་པོ་བྲག་ངོས་ལ་བྲིས་པ་འདིས་གེ་སར་རྒྱལ་པོས་བོད་ཁམས་སྦྱི་ལ་དབང་བསྒྱུར་བའི་འཕྲིན་ལས་ལ་རྗེས་དྲན་དང་དད་མོས་ཀྱི་བསམ་བློ་མཚོན་ལ། མི་ཡི་ན་ཚ་དང་ཕྱུགས་ཀྱི་གོད་ཁ་བཟློག་ཅིང་། ཆར་ཆུ་དུས་སུ་འབབ་ཅིང་ལོ་ཆུ་ལེགས་པ། རྩི་ཤིང་དུས་སུ་སྐྱེས་ཤིང་ཕྱུགས་ཀྱི་འཕེལ་ཁ་དར་བ། ཡུལ་བདེ་དུས་འཇགས་ཀྱི་བདེ་སྐྱིད་ཐོབ་པའི་སྨོན་ལམ་ཡང་མཚོན་ནོ། །ཉིན་གུང་ཡོལ་རྗེས་ང་ཚོ་འབའ་ཐང་རྩྭ་ཐང་དུ་བབས་ཏེ་ངལ་གསོ་ཕྲན་ཙམ་བྱས་ཤིང་། ས་དེའི་ལོ་རྒྱུས་སོགས་གནས་ཚུལ་རྒྱུས་ལོན་བྱས་ལ། ཁོང་ཚོའི་ཕ་མེས་ནས་བརྒྱུད་འོངས་བའི་སྦྲ་ནག་གི་མདུན་དུ་ལྷན་དུ་དྲན་རྟེན་གྱི་འདྲ་པར་བརྒྱབ་པ་བཅས་བྱས་རྗེས་ཕན་ཚུན་ཁ་བྲལ་ཏེ་གསར་དུ་སྐྲུན་བཞིན་པའི་འབའ་ཐང་གི་གནམ་གྲུ་ཐང་བརྒྱུད་དེ་ཀོང་ཇོའི་ལྷ་ཁང་ལ་མཇལ་སྐོར་དུ་སོང་ངོ་། །ཀོང་ཇོའི་ལྷ་ཁང་ནི་ཡུལ་ཤུལ་སྐྱེ་དགུ་གྲོང་རྡལ་ནས་ལྷོ་རུ་སྤྱི་ལེ་ཉི་ཤུ་ཙམ་སོང་བའི་ལུང་པའི་ནང་ཡོད་ལ། རྒྱ་ཁྱོན་ལ་རྨིད་གྲུ་བཞི་མ་བརྒྱད་ཅུ་དང་མཐོ་ཚད་ལ་རྨིད་བཅུ་གསུམ་ཡོད། སྤྱི་ལོ་641ལོར་རྒྱ་བཟའ་ཀོང་ཇོ་དབུས་གཙང་ལ་ཕེབས་པའི་ལམ་བར་གནས་འདིར་ཕེབས་ཏེ་བཞེངས་ཤིང་སྨོན་ལམ་བྲག་ལ་བརྐོས་པར་བཤད་ལ། ལོ་ངོ་སྟོང་དང་སུམ་བརྒྱ་ལྷག་གི་ལོ་རྒྱུས་ལྡན། རྗེས་སུ་སྤྱི་ལོ་710ལོར་འུན་ཤིང་ཀོང་ཇོས་ཡང་བསྐྱར་གནས་འདི་བརྒྱུད་མྱོང་བས་ལོ་རྒྱུས་ཀྱི་རིན་ཐང་ཇེ་མཐོར་གྱུར། སྤྱི་ལོ་1957ལོར་མཚོ་སྔོན་གྱི་ཞིང་ཆེན་རིམ་པའི་རྟེན་རྫས་སྲུང་སྐྱོབ་ཀྱི་གྲས་སུ་བཞག་གོ།
བཞི། སྒྲུང་བཤད་འཁྲབ་སྟོན་དང་ལྡོང་ཚང་བཀའ་བསྟན།
ཚེས་ཉེར་བདུན་གྱི་སྔ་དྲོ་ང་ཚོ་གྲུབ་མཐའ་ས་སྐྱ་ཡིན་པའི་སྐྱེ་དགུ་དགོན་པར་ཕྱག་སྐོར་ལ་བསྐྱོད། དགོན་འདི་ནི་པཎ་ཆེན་སྐུ་ཕྲེང་དགུ་པ་སྐུ་ཆོས་དབྱིངས་སུ་ཐིམ་ས་ཡིན་ལ། རྒྱ་ནག་བླ་མ་སོགས་རིམ་བྱོན་གྱིས་ཆོས་གྲྭ་བསྒྲུབས་ཤིང་དགོན་པ་རྒྱ་ཆེར་བསྐྱེད་པས་མིང་ཆིན་སྐབས་སུ་བླ་གྲྭ་སྟོང་ལ་བུད་མྱོང་བར་བཤད། སྐྱེ་དགུ་དགོན་པར་ཕྱག་མཇལ་ཚར་རྗེས་ཡང་བསྐྱར་ཁམས་པའི་དུས་ཆེན་གྱི་མཛད་སྒོ་སྤེལ་སའི་སྦྲ་གུར་གྲོང་ལ་སོང་ཞིང་། དམིགས་ཡུལ་གཙོ་བོ་ནི་སྒྲུང་པ་རྩད་ཞིབ་བྱེད་རྒྱུ་དེ་ཡིན། ཁམས་ཕྱོགས་ནི་བབས་སྒྲུང་རིགས་ཀྱི་སྒྲུང་པ་ཆེས་མང་ས་དང་གླིང་སྒྲུང་ཧ་ཅང་དར་རྒྱ་ཆེ་བའི་བོད་ཁུལ་ཞིག་ཡིན་པས། དུས་ཆེན་འདིར་ཡང་ཆེད་དུ་སྒྲུང་བཤད་ཀྱི་འཁྲབ་སྟོན་ལེ་ཚན་ཞིག་བཀོད་སྒྲིག་བྱས་ཡོད། མེ་ཏོག་དཀར་དམར་བཀྲ་བ་ལྟ་བུའི་སྦྲ་གུར་གྲོང་གི་དཀྱིལ་དབུས་ན་བཞུགས་ཁྲི་མཐོན་པོ་ཞིག་གི་སྟེང་ན་སྒྲུང་པ་རེ་རེ་ཡི་མཁྱེན་རྩལ་གྱི་ནུས་པས་གླིང་སྒྲུང་འཆད་གྱེར་བྱེད་བཞིན་འདུག དེ་ཡང་སྒྲུང་པ་ཚོའི་ཁྲོད་ནས་བཤད་ན་འཛད་མཐའ་མེད་པའི་སྒྲུང་པ་ཟླ་བ་གྲགས་པ་སོགས་སྒྲུང་པ་ལྔ་ང་ཚོས་ཉིན་འགའི་སྔོན་བསྡུས་པའི་རྒྱལ་ཡོངས་སྐབས་དང་པོའི་སྒྲུང་བཤད་ཚོགས་འདུར་ཞུགས་ཤིང་རྒྱུས་ལོན་བཟང་པོ་ཡོད། ཁོ་ཚོའི་ཡིག་ཚགས་ཀྱང་དོ་དམ་བྱས་ཡོད་པས་ཐེངས་འདིར་ཡང་བསྐྱར་བཅར་འདྲི་བྱེད་པའི་དགོས་པ་མེད། དེ་ལས་སྒྲུང་པ་བློ་བཟང་ཚེ་རིང་དང་བསྟན་པ་རྒྱལ་མཚན། སྟོབས་ལྡན་བཅས་ལ་བཅར་འདྲི་བྱས་པའི་གནས་ཚུལ་རགས་ཙམ་བཀོད་ན་འདི་ལྟ་སྟེ། སྒྲུང་པ་བློ་བཟང་ཚེ་རིང་ནི་ད་ལོ་སོ་གསུམ་སྟེ། རྫ་སྟོད་རྫོང་མུག་གཞོང་ཤང་དཔའ་ཡུམ་སྡེ་པའི་མི་ཡིན་ལ། ཁོ་བབས་སྒྲུང་གི་སྒྲུང་པར་གཏོགས་ཤིང་སྒྲུང་ཁག་བརྒྱ་དང་གྱ་ལྔ་བཤད་ཤེས་ཏེ་གྲུབ་མཐའ་དགེ་ལུགས་པ་རེད། ཁོང་ལྷ་སར་མཇལ་སྐོར་དུ་འགྲོ་སྐབས་ནག་ཆུ་ནས་གེ་སར་དང་དཔའ་རྟུལ་སོགས་མཇལ་བའི་རྨི་ལམ་ངོ་མཚར་ཞིག་རྨིས་ཤིང་། ཕྱིའི་ཉིན་གང་ལ་《ལྷ་གླིང་གབ་རྩེ་དགུ་སྐོར་》ཐོག་དང་པོར་བཤད་དེ་སྒྲུང་པར་གྱུར་བ་རེད། སྒྲུང་པ་བསྟན་པ་རྒྱལ་མཚན་ནི་ལོ་སོ་དྲུག་ཡིན་ཞིང་འབྲོག་མི་ཆོས་གོས་གྱོན་མཁན་ཞིག་རེད། ཁོང་ནི་གྲུབ་མཐའ་ཀརྨ་བཀའ་བརྒྱུད་དང་ཡུལ་ཤུལ་རྫོང་དཔལ་ཐང་ཕྱུགས་རའི་མི་རེད། ཁོང་ནི་པྲ་སྒྲུང་དང་བབས་སྒྲུང་གཉིས་ཀར་གཏོགས་པ་ཞིག་ཡིན་པས་ཤོག་སྟོང་དཀར་པོ་ཞིག་ལ་བལྟས་ཏེ་ང་ཚོར་སྒྲུང་བཤད་ཅིང་། ཁོང་གིས་ལོ་བཅུ་གསུམ་སྟེང་ནས་སྒྲུང་བཤད་ཅིང་སྒྲུང་ཁག་ཉིས་བརྒྱ་བརྒྱད་ཅུ་བཤད་ཤེས་པར་གསུངས་ལ། ད་ལྟ་《དྭགས་པོ་ཁྱི་རྫོང་》དང་། 《གཡུ་ནེ་འབྲས་རྫོང》། 《སྒ་སྟོད་གསེར་རྫོང་》བཅས་སྒྲུང་ཁག་གསུམ་བཤད་ཚར་ཡོད། སྒྲུང་པ་སྟོབས་ལྡན་ནི་ད་ལོ་ལོ་སོ་བརྒྱད་དེ་ལོ་བཅུ་གསུམ་སྟེང་ནས་སྒྲུང་བཤད་ཅིང་། རྨི་ལམ་ལ་དགོན་པའི་ལྷ་རྟེན་ཆོས་གསུམ་སོགས་རྨིས་ཤིང་སྒྲུང་བཤད་ན་ཁམས་བདེ་བ་དང་མ་བཤད་ན་མི་བདེ་བའི་ཚོར་བ་བྱུང་ཞིང་། ཐོག་མར་《ཨ་མ་འགག་བཟའི་སྒྲུང་》ངམ་《དམྱལ་གླིང་རྫོགས་པ་ཆེན་མོ་》བཤད་པར་གྲགས་ལ། ཉིན་དེར་《གེ་སར་གྱི་རྟའི་བཤད་པ་》ཐུང་བ་ཞིག་དང་《གྲུ་གུ་གོ་རྫོང་》ལས་ཉུང་ངུ་ཙམ་བཤད། ཁོས་《འཁྲུངས་གླིང་》དང་། 《དམྱལ་གླིང་རྫོགས་པ་ཆེན་མོ》། 《རྒྱ་ཚ་ལྷ་བབས》། 《གྲུ་གུ་གོ་རྫོང་》། 《ཁ་ཆེ་གཡུ་རྫོང་》། 《རྒྱ་ནག་ཇ་རྫོང་》། 《ལྷ་གླིང་》བཅས་སྒྲུང་ཁག་བདུན་ཙམ་ལས་བཤད་མི་ཤེས་ཟེར་རོ། །
ཉིན་དེའི་ཕྱི་དྲོ་ཆུ་ཚོད་གསུམ་པའི་སྟེང་ང་ཚོ་ཁུལ་གནའ་རྫས་ཁང་གི་འགོ་ཁྲིད་བསོད་ནམས་ལྷ་མོས་སྣེ་ཁྲིད་བྱས་ཏེ། གླིང་ཕ་ཆོས་དང་འབྲེལ་བ་ཡོད་པའི་ལྡོང་ཚང་བཀའ་བསྟན་ལག་བྲིས་མར་རྩད་ཞིབ་བྱེད་དུ་སོང་བ་ཡིན། དེ་ཡང་སྐྱེ་དགུ་གྲོང་བཀྲ་ཤིས་ནུབ་ལམ་སྒོ་རྟགས་རེ་དགུ་པའི་ཁྱིམ་ན་ཉར་ཡོད་པའི་བཀའ་བསྟན་ལག་བྲིས་མ་དེ་རིན་ཐང་ཆེ་ཚད་ང་ཚོས་དེ་སྔ་གོ་མྱོང་ཡོད་ལ། དེ་ལ་ལྟ་འདོད་ཀྱི་བློ་ནི་སྐོམ་པ་ཆུ་བཞིན་ཡོད་ན་ད་ལྟ་དངོས་སུ་དོན་ཐོག་ལ་འཁྱོལ་སོང་བས་ཡུལ་ཤུལ་ཁུལ་གནའ་རྫས་ཁང་གི་འགོ་ཁྲིད་བསོད་ནམས་ལྷ་མོ་དང་ཁྱིམ་བདག་ཚུལ་ཁྲིམས་དབང་ཆེན་ལ་བཀའ་དྲིན་ཆེ་ཞེས་ཞུས། དེ་ནས་ང་ཚོ་བོད་ལུགས་ཀྱི་རྒྱ་སྒོ་དམར་པོ་དེ་འཛུལ་ཏེ་ཐད་ཀར་ཉིས་ཐོག་ལ་བསྐྱོད་ཅིང་། དེ་ཡང་བསོད་ནམས་ལྷ་མོ་དང་ཁྱིམ་བདག་ཚུལ་ཁྲིམས་དབང་ཆེན་གཉིས་ཀྱིས་མཚམས་སྦྱོར་གནང་བ་ལྟར་ན། ཁྱིམ་ཚང་འདི་ནི་བོད་ལྡོང་མིའི་རུས་རྒྱུད་ཡིན་པས་ལྡོང་ཚང་ཞེས་ཟེར་ལ། ཁ་དཔེ་ལ། རྟ་རྒྱུད་མ་ཆད་ཁ་དཀར་རྐྱང་། མི་རྒྱུད་མ་ཆད་སྨུག་པོ་ལྡོང་ཞེས་རྗེས་མ་རྣམས་ཀྱིས་བཀའ་བསྟན་ལག་བྲིས་བྱེད་པ་དང་། བཀའ་བསྟན་འདི་ཁྱིམ་རྒྱུད་དང་བྲལ་མི་རུང་བར་རྒྱུན་སྐྱོང་དགོས་པའི་དམ་བཅའ་ཡང་ཡོད་པས། ཁྱིམ་འདིས་ལོ་ངོ་སྟོང་གི་ལོ་རྒྱུས་ཡོད་པའི་བཀའ་བསྟན་ལག་བྲིས་མ་འདི་རྒྱལ་ཁབ་གནའ་རྫས་ཁང་དང་དགོན་པ་གང་རུང་ལའང་འབུལ་མ་འདོད་པར་རང་གིས་ཉར་ཚགས་བྱས་ཡོད། རིག་གནས་གསར་བརྗེ་སོགས་དུས་ཡོམས་འཁྲུག་ལོང་གང་གི་ཁྲོད་དུའང་སྲོག་གི་ཉེན་ཁར་མ་འཛེམས་པར་དོ་དམ་བྱས་ཤིང་། སྔོན་ཆད་ནང་ཆེན་རྫོང་ལྡོང་རུ་སྒང་རྫོང་ན་ཡོད་པའི་གཞིས་རྙིང་དུ་རྐུན་མས་གྱང་དང་བརྩིགས་པ་བརྐོས་ཏེ་རྐུ་རྩིས་ཐེངས་མང་བྱས་པའི་རྗེས་ཤུལ་འདྲ་པར་ཡང་ཡོད། སྐབས་དེ་དག་ལ་སུམ་ཐོག་ནང་འཇུ་འབག་གིས་བྱུགས་ནས་སྟེང་ལ་ཚ་ཚ་སོགས་ཀྱིས་བཀབ་ཏེ་བཞག་པར་བཤད་ལ། འདི་འདྲའི་གླེགས་བམ་མང་པོ་ཞིག་ལོ་ཟླ་མང་པོའི་ཉེན་ཁའི་སྲུང་སྐྱོབ་ལས་ཐར་ཏེ་དུས་འདིར་བསྲིངས་པའི་ཁྱིམ་བདག་འདིའི་སྙིང་སྟོབས་དང་བློ་ཐབས་ལ་ང་ཚོས་སློབ་སྦྱོང་ཡི་རང་བྱེད་འོས་པར་འདུག་སྙམ། ཁྱིམ་བདག་འདིས་བཤད་པ་ལྟར་ན། ཁྱིམ་རྒྱུད་འདི་ནི་ལྡོང་ཚང་གི་རྒྱུད་པ་ཡིན་ལ། སྔོན་བོད་བཙན་པོའི་སྐབས་འབྱོར་ཕྱུག་དབང་ཐང་ཧ་ཅང་རྒྱས་པའི་ཚོ་ཁག་ཅིག་ཡིན་པས། རྒྱ་བཟའ་ཀོང་ཇོ་བོད་དུ་གདན་འདྲེན་ཞུ་སྐབས་བོད་བཙན་པོའི་བཀའ་བཞིན་ལྡོང་ཚང་གི་ཕོ་ཉ་ཉི་ཟླ་རི་བོར་ཀོང་ཇོ་བསུ་བར་སོང་། ཀོང་ཇོ་དང་བཙན་པོ་ཧ་ཅང་ཐུགས་དགྱེས་པས་བྱ་དགའ་མ་ཎི་འཁོར་ལོ་གཉིས་གནང་བ་ཆོས་འཁོར་རྒྱ་ནག་མ་ཞེས་ད་ལྟའང་ཉར་ཚགས་བྱས་ཡོད་ལ། དེའི་དབྱིབས་ནི་མ་ཎིའི་ཤོག་བུ་བརྩེགས་པའི་གོང་བུ་ཞིག་ཡིན་ལ། ཕྱི་ཤུན་ཤིང་དང་ཀོ་བས་བཏུམ་ཡོད། སྐབས་དེ་དུས་ས་དེར་དེ་ལྟ་བུའི་མ་ཎི་འཁོར་ལོ་བཞི་གནང་ཞིང་གཞན་གཉིས་ཡོབ་རྟ་དགོན་དང་མགར་དགོན་གཉིས་སུ་ཡོད་པར་བཤད། གཞན་པདྨ་ར་ཀའི་མཆོད་རྟེན་ཞིག་ཀྱང་གནང་བའི་ངག་རྒྱུན་ཡོད་མོད་དེང་སྐབས་མཐོང་རྒྱུ་མི་འདུག ད་དུང་ཕྱིང་པའི་གདན་དམར་སྟེང་ན་རྒྱ་བྱ་དང་མེ་ཏོག པ་ཏྲ་བརྒྱབ་པ་ཞིག་ཀྱང་ཉར་ཡོད་དེ། དེ་ནི་སྐབས་དེར་མདུན་ཅོག་སྟེང་འདིང་རྒྱུ་ཞིག་ཡིན་ལ། སྙན་གྲགས་ཧ་ཅང་ཆེ་བས་ལྡོང་ཚང་གིས་མདུན་ཅོག་སྟེང་གདན་དེ་འདིང་སྐབས་སྐུ་མགྲོན་བླ་དཔོན་མིང་གྲགས་ཅན་ཞིག་ངེས་པར་ཡིན་དགོས་པར་གྲགས། གང་ལྟར་དངོས་རྫས་དེ་དག་ལ་ལོ་ངོ་སྟོང་ཡས་མས་ཀྱི་ལོ་རྒྱུས་ཡོད་པར་གདོན་མི་ཟའོ། །དེ་ལས་ངོ་མཚར་ཞིང་རིན་ཐང་ལྡན་ལ་ལོ་རྒྱུས་རིང་བའི་གནའ་རྫས་ཤིག་ཡོད་པ་བཀའ་བསྟན་གསེར་བྲིས་མ་དང་དངུལ་བྲིས་མ་དེ་དག་ཡིན་ལ། ཁྱིམ་བདག་དེས་བཤད་པ་ལྟར་ན། ཁྱིམ་རྒྱུད་དེ་ནི་སྨུག་པོ་ལྡོང་གི་རྒྱུད་པ། གླིང་དཀར་སྟོད་ཀྱི་ཡང་རྒྱུད་དེ་གླིང་ཕུ་ནུ་སུམ་ཅུའི་ཁྲོད་ཀྱི་བེ་རུ་ཉི་མ་རྒྱལ་མཚན་ནས་ཆད་པར་བཤད་ལ། གླིང་གིས་ནང་རྒྱུ་བགོ་སྐབས་གླིང་གི་ཕ་འབུམ་བཅུ་གཉིས་ཁོང་ཚང་ལ་ཐོབ་པའི་གྲས་ཡིན། སྐབས་དེ་ནས་ད་ལྟའི་བར་མི་རབས་ཉེར་བཞི་ཙམ་སོང་ཡོད་པར་བཤད། ད་ལྟ་ངེད་ཅག་གི་མིག་གི་མཐོང་ཡུལ་དུ་གྱུར་བའི་བཀའ་བསྟན་འདི་དག་མི་སུ་ཞིག་གིས་དུས་ནམ་ཞིག་ལ་ལག་བྲིས་བྱས་པའང་གསལ་པོར་བཀོད་ཡོད་ཚོད་འདུག་མོད། འོན་ཀྱང་དག་སྒྲིག་དང་ཞིབ་འཇུག་གི་བྱ་བ་གང་ཡང་གཉེར་མེད་པས་གསལ་པོར་མི་ཤེས། བཀའ་བསྟན་ལག་བྲིས་མ་འདི་ལ་ཁྱད་ཆོས་ཤིག་ཡོད་པ་ནི། གཅིག་ནས་བམ་གྲངས་མང་བ་སྟེ། ད་ལྟ་གཙང་སྦྲ་ཉར་ཚགས་བྱས་ཟིན་པའི་ཞེང་ལ་ཁྲེ་ཙེ་གང་དང་རིང་ཚད་ཁྲེ་ཙེ་གཉིས་ཡས་མས། མཐུག་ཚད་ཁྲེ་ཙེ་ཕྱེད་ཀ་ཙམ་ཡོད་པའི་གླེགས་བམ་སུམ་བརྒྱ་བཞི་བཅུ་དང་། ཉར་ཚགས་གཙང་སྦྲ་བྱས་མེད་པ་ཕལ་ཆེར་སྒྱེ་མོ་བརྒྱད་ཅུ་ཙམ་ཡོད། གཉིས་ནས་ཁ་བྱང་ལ་སོགས་མཚམས་མཚམས་སུ་ཡི་གེ་ཆེ་བའི་སྟེང་ལ་ཡི་གེ་ཆུང་བ་འདོན་ཐུབ་པ་ཙམ་བྲིས་ཡོད་ལ། གླེགས་ཐག་སོར་གཉིས་ཙམ་གྱི་སྟེང་དུ་ཡང་མ་ཎི་དང་སྔགས་མང་པོ་བཏབ་ཡོད་པ་མ་ཟད། དཔེ་ཆའི་ཁ་བྱང་ཤོག་བུའི་སྟེང་གོས་སྲབ་བུ་ཕྱི་མ་དང་ནང་མ་ཅན་གྱིས་བཀབ་ཡོད། གསུམ་ནས་ཡིག་གཟུགས་མི་འདྲ་ལ་འབྲི་བྱེད་ཀྱང་ག??<སེར་ཆུ་དང་དངུལ་ཆུ། སྣག་ཚ་ནག་པོ་དང་དམར་པོ་བཅས་ཡོད། ཤོག་བུའང་ནག་པོ་དང་དཀར་པོ་གཉིས་འདྲེས་མར་ཡོད་དོ། །
ད་དུང་གླིང་གི་བེ་རུ་ཉི་མ་རྒྱལ་མཚན་ནས་རིམ་པར་བརྒྱུད་འོང་བ་ཡིན་ཞེས་གཞུ་དང་རལ་གྲི་ཡང་ཡོད་པས། བཀའ་བསྟན་ལག་བྲིས་མའི་ཁྲོད་གེ་སར་སྒྲུང་ཡང་ཡོད་ངེས་བསམ་པའི་ཐེ་ཚོམ་དང་དོགས་སློང་ཞིག་ཀྱང་སྐྱེས་བྱུང་། བཀའ་བསྟན་ལག་བྲིས་མ་འདི་སྲུང་སྐྱོབ་བྱེད་ཆེད་ཁྱིམ་ཚང་འདིར་སྲིད་གཞུང་ནས་གནའ་རྫས་བཤམས་སྟོན་ཁང་ཞིག་བསྐྲུན་རྒྱུ་ཡིན་པའི་གྲ་སྒྲིག་ཡོད་པར་བཤད་ལ། འདིའི་མ་དངུལ་ལརྒྱལ་ཁབ་ཀྱི་ཀྲུའུ་ཞི་ཧུའུ་ཅིན་ཐའོ་ཡིས་དངོས་སུ་ཆོག་མཆན་ཡོད་ཚུལ་ཀྱང་ཐོས་བྱུང་།
མཇུག་བསྡུ་བའི་གཏམ།
ང་ཚོ་ལྡོང་ཚང་བཀའ་བསྟན་ལག་བྲིས་མ་མཇལ་རྗེས་ཐེངས་འདིར་འོང་བའི་ལས་དོན་གྱི་མཇུག་གྲུབ་ཟིན་ལ། ཕྱི་ཉིན་ཚེས་ཉེར་བརྒྱད་ཀྱི་ཞོགས་པར་ད་ཐེངས་ཀྱི་སྣེ་ལེན་གནང་མཁན་གྱི་ལས་བྱེད་ཚོར་ཐུགས་རྗེ་བཀའ་དྲིན་ཞུས་རྗེས། ཕྱིར་ཕ་ཡུལ་ལ་ལོག་པའི་ལམ་ལ་ཆས། ཕྱིར་ཕ་ཡུལ་དུ་འོང་བའི་ལམ་བར་དུ་ང་ཚོས་ཐེངས་འདིའི་བརྟག་དཔྱད་རྩད་ཞིབ་ཀྱི་བྱ་བར་ཕྱིར་འདང་ཡང་ཡང་བརྒྱབ་ཅིང་། མཇུག་མཐར་སྤྱི་སྡོམ་འདི་འདྲ་ཞིག་འཇོག་འོས་ཏེ། གཅིག ཐེངས་འདིའི་རྟོག་དཔྱོད་ཞིབ་འཇུག་གི་ཉིན་གྲངས་ཉུང་ནའང་དུས་ཚོད་དམ་འཛིན་གྱིས་བྱ་བའི་ནང་དོན་མང་པོ་ཞིག་འགྲུབ་ཡོད། གཉིས། འཛམ་གླིང་ལྗི་ཉི་སིའི་མཚན་རྟགས་ཐོབ་པའི་མ་ཎི་རྡོ་འབུམ་དང་ལྡོང་ཚང་བཀའ་བསྟན་ལག་བྲིས་མ། ཆོས་འཁོར་རྒྱ་ནག་མ་ཎི། ཀོང་ཇོའི་ལྷ་ཁང་སོགས་ལོ་སྟོང་ཡན་གྱི་རིག་རྫས་ཁྱད་པར་ཅན་དག་ལ་ཞིབ་འཇུག་གི་རིན་ཐང་ཧ་ཅང་ལྡན་པ་མཐོང་བ། གསུམ། ལྡོང་ཚང་ན་ཡོད་པའི་བེ་རུ་ཉི་མ་རྒྱལ་མཚན་ནས་བརྒྱུད་པའི་རལ་གྲི་དང་གཞུ། རྟ་རྣ་དགོན་གྱི་ཕུ་ནུའི་གདུང་རྟེན་གྱི་འདྲ་པར་སོགས། མཁར་ནང་དགོན་པའི་སྤྱི་དཔོན་སྐབས་ཀྱི་ཡིན་པའི་དམ་ཆོས་བརྒྱད་སྟོང་པ། སེབ་པ་དགོན་པའི་གེ་སར་གྱི་རལ་གྲི་བཏབ་པ་ལན་མེད་སོགས་ནི་གཞན་ནས་རྙེད་པར་དཀའ་བའི་གེ་སར་རྒྱལ་པོའི་ཤུལ་རྟེན་རྩ་ཆེན་ཡིན་པ་ཤེས་པས། ང་ཚོའི་ཞིབ་འཇུག་གི་ཆེད་ལས་དང་མཐུན་ཞིང་། ཞིབ་འཇུག་གཏིང་ཇེ་ཟབ་དང་རྒྱ་ཁྱོན་ཇེ་ཆེར་འགྲོ་བར་མཐུན་རྐྱེན་གལ་ཆེན་བསྐྲུན་ཐུབ། བཞི། སྒྲུང་པར་བཅར་འདྲི་བྱེད་སྐབས་སྔོན་ཆད་མཐོང་དཀོན་པའི་པྲ་སྒྲུང་དང་། གཞན་གྲུབ་མཐའ་དགེ་ལུགས་པ་ཡིན་པའི་སྒྲུང་པ་བཅས་རྙེད་པས་སྒྲུང་པའི་རིགས་ལ་ཞིབ་འཇུག་བྱེད་པའི་ཁ་ཕྱོགས་གསར་པ་དང་ནང་དོན་གསར་པ་རྙེད་པ། ལྔ། ཐེངས་འདིའི་ཁམས་པའི་དུས་ཆེན་གྱི་མཛད་སྒོར་ཞུགས་པ་ཡིས་ས་དེའི་དམངས་ཁྲོད་སྒྱུ་རྩལ་གྱི་ཉིང་བཅུད་ལ་རོལ་མྱོང་བྱས་ཤིང་། དམངས་ཁྲོད་དང་དམངས་སྲོལ་རིག་གནས་ཀྱི་རིན་ཐང་ལ་ངེས་པ་ཅུང་ཞིག་རྙེད་ཅིང་། ལྷག་པར་ཞིང་ཆེན་ཏང་གི་འགོ་ཁྲིད་ཀྱིས་གཙིགས་ཆེན་དམ་འཛིན་མཛད་པ་དེས། བོད་ཀྱི་རིག་གནས་ཞིབ་འཇུག་གི་བྱ་བ་སྒྲུབ་པར་སྔར་ལས་ཡིད་ཆེས་དང་སྤོབས་སེམས་ཆེ་བར་གྱུར་རོ།།