ད་ལོའི་རྫོགས་ཆེན་གེ་སར་གར་འཆམ་སྔོན་དང་མི་འདྲ།

ཚུལ་ཁྲིམས་བཟང་པོ། དོན་གྲུབ་ཆོས་སྒྲོན། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 07-26



        དབྱར་གྱི་དཔལ་ཡོན་མཐོ་སྒང་འཛིན་མར་བཞད། གེ་སར་རྒྱལ་པོའི་ཟློས་གར་བརྗིད་རྔམས་ཆེ། སྤྱི་ཟླ་7པའི་ཚེས་24ཉིན། ངེད་གསར་འགོད་པ་སྤྱི་ལེ་བརྒྱད་བརྒྱའི་ལམ་ཐག་བརྒལ་ནས་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་སྡེ་དགེ་རྫོང་རྫོགས་ཆེན་དགོན་དུ་འབྱོར།


        སྤྱི་ཚེས་25ཉིན་གྱི་ཞོགས་པའི་ཉི་ཟེར་ཤར་རིའི་རྩེ་ནས་འཕྲོས་དུས། ཕུ་གངས་དཀར་མཐོ་བརྗིད་ཀྱི་རྩེ་མོ་དགུང་སྔོན་དབྱིངས་སུ་ཟུག་པ། བར་རྫ་བྲག་གཡའ་ཡི་འགྱིང་རྫོང་སྤྲིན་དཀར་མགུལ་དུ་འཁྱུད་པ། སྨད་ལྗོན་ཤིང་ནགས་ཚལ་གྱི་ཡལ་ག་སྣ་ཚོགས་འབྲས་བུས་དུད་པ། དཀྱིལ་སྤང་ལྗོངས་ཡངས་མོ་མེ་ཏོག་སྣ་བརྒྱས་བརྒྱན་པའི་དབུས་སུ། ཤར་རྫོགས་ཆེན་དགོན་པའི་རྒྱ་ཕིབས་ཀྱི་གསེར་འོད་དགུང་སྔོན་དུ་འཕྲོས་པ་དང་། གཙུག་ལག་ཁང་ཆེན་མོའི་སྒོ་ཁྱམས། ཡངས་པའི་དོ་ར་ཆེན་མོའི་སྟེང་དུ་མི་ཚོགས་གྲལ་དུ་སྐོར་ཞིང་། མཛེས་མོ་མིག་གི་ལོངས་སྤྱོད། སྙན་མོ་རྣ་བའི་བདུད་རྩི་རུ་གྱུར་པའི་གླིང་རྗེ་གེ་སར་རྒྱལ་པོའི་གར་འཆམ་གྱི་མགོ་བརྩམས་བྱུང་།


        སྔ་དྲོར་འཆམ་ཚན་བརྒྱད་འདུག་སྟེ། དེ་ལས་དང་པོ་ནི་གླིང་དཀར་པོའི་དང་སྨན་མཆེད་བདུན་གྱི་སྐོར་རེད་ལ། མོ་སྨན་བདུན་གྱི་མཛེས་པའི་གར་དང་ཕྱག་རྒྱས་ཚོགས་མི་ཀུན་གྱི་ཡིད་དབང་བཀུག །གཉིས་པ་དང་གསུམ་པ་ནི་འཛམ་གླིང་གེ་སར་རྒྱལ་པོ་མཆོག་དང་དགྲ་ལྷ་ཝེར་མའི་ཚོགས་དང་བཅས་པ་རེད་ལ། དགྲ་ལྷ་ཝེར་མའི་ཚོགས་ཀྱི་དབུས་སུ་སྐུ་རྗེ་སེང་ཆེན་ནོར་བུ་དགྲ་འདུལ་གོ་མཚོན་སྣ་དགུ་སྐུ་ལ་གསོལ་ཞིང་ཕེབས། བཞི་པ་གླིང་ལྷའི་སྐོར་རེད་ལ། ཞལ་རས་དང་སྐུ་མདོག །ཕྱག་མཚན་སོགས་ལ་ཐུན་མོང་མ་ཡིན་པའི་ཁྱད་ཆོས་འབུམ་གྱིས་ཕྱུག །ལྔ་པ་ནས་བརྒྱད་པའི་བར་གླིང་གི་དཔའ་རྟུལ་གྲུབ་ཆེན་བརྒྱད་ཅུ་ཞི་རྒྱས་དབང་དྲག་ཏུ་ཕྱེས་ནས་གསོན་ཉམས་ལྡན་པའི་ངང་གར་འཆམ་བྱས། ཕྱི་དྲོར་འཆམ་ཚན་བསྡོམས་པས་བཅུ་ཙམ་ཕྱེས་འདུག་སྟེ། དང་པོ་སྔར་བཞིན་གླིང་དཀར་པོའི་དང་སྨན་མཆེད་བདུན་དང་། གཉིས་པ་སེང་ཆེན་ནོར་བུ་དགྲ་འདུལ་དང་དཔའ་རྟུལ་ཕུ་ནུ་ཚོའི་མང་འཆམ་རེད་འདུག །གསུམ་པ་ནས་བཅུ་པའི་བར་སྟོང་ཉིད་ལྷ་མོ་བརྒྱད་དང་རླུང་རྟའི་སྐོར་སོགས་ཡིན་པ་དང་། དེ་དག་ལ་ནང་ཚན་ཁ་ཤས་ཕྱེས་འདུག །


        རྒྱུས་ལོན་བྱུང་བ་ལྟར་ན། སྤྱིར་རྫོགས་ཆེན་དགོན་པས་ལོ་རེའི་དགུན་ཁའི་ཕུར་ཆེན་སྐབས་སུ་གེ་སར་འཆམ་སྲོལ་ཡོད་ཀྱང་། ལོ་འདི་དག་གི་རིང་བོད་དུ་ཡུལ་སྐོར་བ་ཇེ་མང་དུ་ཕྱིན་པ་དང་དད་ལྡན་སྐྱ་སེར་རྣམས་ཀྱང་དབྱར་དུས་སུ་ཅུང་སོས་དལ་ཡིན་པས། དགོན་པའི་བདག་གཉེར་བ་དག་གིས་སྤྱི་ལོ་2017ལོ་ནས་བཟུང་དབྱར་དུས་སུ་གར་འཆམ་བྱ་རྒྱུ་གཏན་ཁེལ་བྱས་པ་དང་། ད་ལོ་དམིགས་བསལ་དུ་སྤྱིར་གླིང་གི་དཔའ་རྟུལ་གྱི་གྲལ་དུ་བཞུགས་ཀྱང་། གྲགས་ཡས་དེ་ཙམ་མེད་པའི་དཔའ་རྟུལ་ལམ་གེ་སར་རྒྱལ་པོའི་བློན་པོ་33གྱི་ཞལ་འབག་དང་འཆམ་གོས། མཚོན་ཆ་སོགས་གསར་སྣོན་དང་འཐུས་ཚང་དུ་བཏང་བས། ལོ་རྒྱུས་ཐོག་གེ་སར་གར་འཆམ་ཆེས་འཐུས་ཚང་ཤོས་སུ་གྲུབ་ཡོད་པ་རེད་ལ། ད་ལྟ་དཔའ་རྟུལ་གྲུབ་ཆེན་བརྒྱད་ཅུ་དང་གླིང་ལྷ། མ་སྲུ་མོ་སྨན། དགྲ་ལྷའི་ཝེར་མ་སོགས་བསྡོམས་པས་མི་སྣ་117ཡོད་འདུག །


        རྫོགས་ཆེན་དགོན་པའི་གེ་སར་གར་འཆམ་ཆེན་མོ་འདི་ནི་རྫོགས་ཆེན་གྲུབ་དབང་ལྔ་པ་ཐུབ་བསྟན་ཆོས་ཀྱི་རྡོ་རྗེ་མཆོག་གིས་ཁོང་གི་གཟིམས་ལམ་ལྟར་འཆར་འགོད་དང་གསར་གཏོད་གནང་བ་གྲགས་ཤིང་། ཁོང་ནི་གེ་སར་རིག་གནས་ལ་དུང་བ་ཆེ་ཞིང་མཐོང་ཆེན་ཚད་མེད་གནང་མཁན་ཞིག་ཡིན་པ་དང་། དེ་ནས་ཁོང་གིས་བཅའ་བཟོ་མཁས་པ་ཁག་ཅིག་དྲུང་དུ་བཀུག་ནས་གླིང་རྗེ་གེ་སར་རྒྱལ་པོ་དང་གླིང་ལྷའི་སྐོར། དགྲ་ལྷ་ཝེར་མ་བཅུ་གསུམ། དཔའ་རྟུལ་གྲུབ་ཆེན་བརྒྱད་བཅུ། ཕ་ཁུ་དང་མ་སྲུ་སོགས་ཀྱི་ཞལ་འབག་དང་ཆས་གོས། མཚོན་ཆ། ཡོ་བྱད་རྣམས་ལེགས་པར་གྲུབ་པར་མཛད་ནས་རྫོགས་ཆེན་དགོན་པའི་མདུན་ཐང་དོ་ར་ཆེན་མོར་འཁྲབ་སྟོན་ཐེངས་དང་པོ་བྱས།


        སྤྱིར་གེ་སར་རྒྱལ་པོའི་རྟོགས་བརྗོད་ཉིད་ལས་དཔའ་རྟུལ་གྲུབ་ཅན་བརྒྱད་ཅུ་སོགས་ཤིན་ཏུ་ཆ་ཚང་བའི་ངང་ཐོག་དང་པོ་གར་འཆམ་གྱི་རྣམ་པ་རུ་ཕབ་ནས་གླིང་སྒྲུང་དུ་བཀོད་པ་ལྟར་ཞལ་འབབ་དང་ཕྱག་མཚན་སོགས་བཟོས་རྗེས་གར་སྟེགས་སུ་འཁྲབ་སྟོན་གནང་མཁན་ནི་རྫོགས་ཆེན་དགོན་པ་ཡིན་པ་སྣང་ལ། དེའི་འཕྲོ་རུ་རྫོགས་ཆེན་དགོན་པའི་དགོན་ལག་གཙོ་བོ་ཁག་དང་བོད་ཀྱི་དགོན་སྡེ་དུ་མས་རྫོགས་ཆེན་དགོན་པའི་གེ་སར་གར་འཆམ་ལ་དཔེ་བླངས་ནས་འཆམ་མགོ་བརྩམས་པ་དང་། ཕྱིས་སུ་བྱུང་བའི་གསེར་རྟ་ཟློས་གར་ཚོགས་པའི་རྟ་རྒྱུགས་རྒྱལ་འཇོག་སོགས་ཟློས་གར་འཁྲབ་སྟོན་དང་། གཞན་ཡང་གེ་སར་གློག་བརྙན་ཟློས་གར་ཀྱང་འཁྲབ་དང་འཁྲབ་མུས་སུ་གྱུར། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1