པཎ་ཆེན་ཨེར་ཏེ་ནི་ཆོས་ཀྱི་རྒྱལ་པོ་རྔ་བ་ཁུལ་དུ་གཟིགས་ཞིབ་གནང་བར་ཕེབས་པ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།རྔ་བའི་བོད་སྐད་བརྙན་འཕྲིན། སྤེལ་དུས། 07-27


པཎ་ཆེན་ཨེར་ཏེ་ནི་ཆོས་ཀྱི་རྒྱལ་པོ་རྔ་བ་ཁུལ་དུ་གཟིགས་ཞིབ་གནང་བར་ཕེབས་པ།
ཐེན་ཞང་ལི། རབ་བརྟན། དབྱང་ཁེ་ཉིང་། ལིའུ་ཕིང་བཅས་ཀྱིས་ཕེབས་རོགས་ཞུས།

        ཟླ་7ཚེས་17ནས་22ཉིན་བར་རྒྱལ་ཡོངས་སྲིད་གྲོས་ཀྱི་རྒྱུན་ཨུ་དང་ཀྲུང་གོ་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ། ཀྲུང་གོ་ནང་བསྟན་མཐུན་ཚོགས་བོད་ཡན་ལག་མཐུན་ཚོགས་ཀྱི་ཚོགས་གཙོ་བཅས་ཡིན་པའི་པཎ་ཆེན་ཨེར་ཏེ་ནི་ཆོས་ཀྱི་རྒྱལ་པོ་རང་ཁུལ་དུ་གཟིགས་ཞིབ་གནང་བར་ཕེབས་པ་རེད། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་ཐེན་ཞང་ལི། ཧྲིན་ཀྲང་གཞོན་པ་རབ་བརྟན། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་དབྱང་ཁེ་ཉིང་། ཁུལ་ཨུའི་ཧྲུའུ་ཅི་ལིའུ་ཕིང་བཅས་ཀྱིས་གཟིགས་ཞིབ་ལ་ཕེབས་རོགས་ཞུས་པ་རེད།

        འདི་ནི་2005ལོའི་ཚུན། པཎ་ཆེན་མཆོག་གིས་ལོ་ངོ་16རྗེས་སླར་ཡང་རྔ་བ་ཁུལ་དུ་འཚམས་འདྲི་གནང་བ་ཞིག་རེད། རང་ཁུལ་དུ་གཟིགས་ཞིབ་གནང་སྐབས། པཎ་ཆེན་རིན་པོ་ཆེ་སྔ་རྗེས་སུ་འཛམ་ཐང་དང་ཆུ་ཆེན། འབར་ཁམས་། ཧུང་ཡོན། ཟུང་ཆུ། མཛོད་དགེ་སོགས་རྫོང(གྲོང་ཁྱེར)དུ་ཕེབས་པ་དང་། རང་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་གནས་ཚུལ་ལ་གཟིགས་ཞིབ་བྱས་ཤིང་། འབར་ཁམས་སུ་མཇལ་འཛོམས་ཚོགས་འདུ་འཚོགས་ནས་ཆོས་ལུགས་ལས་རིགས་ཀྱི་འཐུས་ཚབ་མི་སྣ་དང་བཞུགས་མོལ་སྤེལ་རེས་བྱས་ཏེ། བོད་བརྒྱུད་ནང་བསྟན་ལས་རིགས་ཀྱིས་ཆོས་ལུགས་ཀྲུང་གོ་ཅན་གྱི་ཁ་ཕྱོགས་མཐའ་འཁྱོངས་དང་བོད་བརྒྱུད་ནང་བསྟན་སྤྱི་ཚོགས་རིང་ལུགས་སྤྱི་ཚོགས་དང་འཚམ་མཐུན་ཡོང་རྒྱུར་ཁྲིད་སྟོན་ཧུར་ཐག་བྱས། ཅོག་ཙེའི་དམར་དམག་རྒྱང་སྐྱོད་དྲན་གསོ་ཁང་དང་ཟུང་ཆུ་རྫོང་དམར་དམག་དྲན་གསོའི་རྡོ་རིང་སོགས་ཀྱི་ས་ཆར་བསྐྱོད་དེ་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་100འཁོར་བའི་འོད་སྟོང་འཕྲོ་བའི་ལོ་རྒྱུས་ལ་རྒྱུས་ལོན་བྱས། འཛམ་ཐང་རྫོང་ཐེང་ཏུའུ་ས་ཚིགས། ཧུང་ཡོན་རྫོང་ཀུན་ཕན་ཞིང་འབྲོག་པའི་ཆེད་ལས་མཉམ་ལས་ཁང་། ཟུང་ཆུ་རྫོང་ཅིན་ཨན་གྲོང་རྡལ་སོགས་སུ་ཕེབས་པ་དང་། ཞིང་འབྲོག་ཐོན་ལས་འཕེལ་རྒྱས་དང་དབུལ་ཐར་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན། རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན། མི་རིགས་མཐུན་སྒྲིལ་ཡར་ཐོན་གཏོད་པ་སོགས་ཐད་ཀྱི་ལས་དོན་སྤེལ་ཚུལ་ལ་རྟོག་ཞིབ་དང་ཤེས་རྟོགས་བྱས་པ་དང་། ཧུང་ཡོན་རྨེ་བ་དགོན་དང་ཟུང་ཆུའི་དམུ་དགེ་དགོན་དུ་ཆོས་ཕྱོགས་ཀྱི་བྱེད་སྒོ་སྤེལ་བར་བསྐྱོད་པ། སེར་སྐྱ་མང་ཚོགས་ཚོར་ཏང་གི་བཀའ་དྲིན་ཚོར་ཐུབ་པ་དང་ཏང་གི་བཀའ་ལ་ཉན་ནས་མེས་རྒྱལ་ལ་དགའ་ཞེན་དང་ཕ་ཡུལ་ལ་དགའ་ཞེན་བྱེད་དགོས་པའི་མཛུབ་སྟོན་གནང་། 

        རང་ཁུལ་དུ་གཟིགས་ཞིབ་གནང་སྐབས། པཎ་ཆེན་རིན་པོ་ཆེས་རང་ཁུལ་གྱིས་ཏང་གི་མི་རིགས་ཆོས་ལུགས་སྲིད་ཇུས་ཕྱོགས་ཡོངས་ནས་ལག་ལེན་ཡང་དག་བསྟར་བར་བློ་ཡིད་ཚིམ་པོ་གནང་བ་དང་། རྔ་བ་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་བོད་བརྒྱུད་ནང་བསྟན་གྱི་བྱ་གཞག་འཕེལ་རྒྱས་ལ་ཐོབ་པའི་གྲུབ་འབྲས་ལ་ཚད་མཐོའི་གདེང་འཇོག་བྱས་པ་མ་ཟད་མི་རིགས་ཁག་གི་མི་དམངས་ཀྱིས་བདེ་སྐྱིད་ལྡན་པའི་འཚོ་རོལ་གྱིན་ཡོད་པར་སྙིང་དབུས་ནས་དགའ་སྤྲོ་དཔག་མེད་སྐྱེ་བཞིན་ཡིན་ཞེས་གསུངས་པ་རེད། ཁོང་གིས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་རྔ་བ་ཁུལ་གྱིས་རྒྱལ་ཡོངས་དང་མཉམ་དུ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པས་བོད་བརྒྱུད་ནང་བསྟན་ལས་རིགས་ལ་རྣམ་པ་གསར་པ་ཞིག་མངོན་ཡོད། གྲུབ་འབྲས་དེ་དག་ཐོབ་པར་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་དང་ཁ་འབྲལ་ཐབས་མེད་པ་དང་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་དང་ཁ་འབྲལ་ཐབས་མེད་ལ། མི་རིགས་ཁག་གི་མང་ཚོགས་མཐུན་སྒྲིལ་འཆམ་མཐུན་དང་ཁ་འབྲལ་ཐབས་མེད།


        པཎ་ཆེན་རིན་པོ་ཆེས་བོད་བརྒྱུད་ནང་བསྟན་ལས་རིགས་ཀྱིས་ཆོས་ལུགས་རྨོངས་དད་ཅན་དང་ལྐོག་གྱུར་ཅན། ཚོང་ལས་ཅན་བཅས་ལ་དོགས་ཟོན་བྱེད་དགོས། ལོ་རྒྱུས་ཐོག་གི་དུས་མཚམས་རེ་རེའི་ནང་བསྟན་རྒྱུན་འཛིན་དེ་སྐབས་དེ་དུས་ཀྱི་སྤྱི་ཚོགས་འཕེལ་རྒྱས་དང་དུས་རབས་ཀྱི་དགོས་མཁོ། དད་ལྡན་མང་ཚོགས་ཀྱི་དགོས་མཁོ་བཅས་དང་ཟུང་འབྲེལ་བྱས་ནས་ནང་བསྟན་འདི་ཉིད་དུས་རབས་གསར་པར་མེས་རྒྱལ་ལ་ཞབས་འདེགས་ཞུ་བ་དང་མི་དམངས་ལ་ཞབས་འདེགས་ཞུ་བ། ཞི་བདེ་སྲུང་སྐྱོང་བྱེད་པ་བཅས་ཀྱི་དགེ་མཚན་ལྡན་པའི་དྲང་ནུས་ཤིག་ཏུ་འགྱུར་བ་བྱེད་དགོས་ཞེས་གསུངས་པ་རེད། བོད་བརྒྱུད་ནང་བསྟན་ལས་རིགས་ཀྱིས་ཆོས་ལུགས་ཀྲུང་གོ་ཅན་གྱི་ཁ་ཕྱོགས་མཐའ་འཁྱོངས་བྱས་ཏེ་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་མཐའ་འཁྱོངས་དང་འཐུས་སྒོ་ཇེ་ཚང་དུ་གཏོང་བ། སྤྱི་ཚོགས་ཀྱི་བརྟན་ལྷིང་མཐུན་སྒྲིལ་གང་ལེགས་སྒོ་ནས་སྲུང་སྐྱོང་བྱེད་པ། རྒྱ་ཆེའི་དད་ལྡན་མང་ཚོགས་ཚོས་སྔར་བས་འབད་བརྩོན་དང་བློ་གྲོས། སེམས་བཟང་བ་བཅས་ཀྱི་སྒོ་ནས་འཚོ་བར་ཕྱོགས་པ་དང་ཁྱིམ་གཞིས་ལ་དགའ་ཞེན་བྱེད་པའི་བསམ་པའི་འགུལ་ནུས་མཁོ་འདོན་བྱ་རྒྱུར་སྐུལ་འདེད་གཏོང་དགོས།

        ལིའུ་ཕིང་གིས་ཁུལ་ཨུ་དང་ཁུལ་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན། ཁུལ་སྲིད་གཞུང་། ཁུལ་སྲིད་གྲོས་བཅས་དང་དེ་བཞིན་ཁུལ་ཡོངས་ཀྱི་མི་རིགས་ཁག་གི་ལས་བྱེད་མང་ཚོགས་ཁྲི་94ཡི་ཚབ་བྱས་ནས་པཎ་ཆེན་རིན་པོ་ཆེ་དང་བཅས་པར་སྤྲོ་སེམས་འཁོལ་བའི་དགའ་བསུ་ཞུས་པ་དང་། པཎ་ཆེན་རིན་པོ་ཆེས་དུས་ཡུན་རིང་པོའི་ནང་རྔ་བའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས། ལྷག་པར་དུ་མི་རིགས་ཆོས་ལུགས་ལས་དོན་ལ་ཐུགས་ཁུར་དང་རྒྱབ་སྐྱོར་གནང་བར་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུས་པ་རེད། ཁོང་གིས་མིག་སྔར་བོད་བརྒྱུད་ནང་བསྟན་ལས་རིགས་ཀྱི་མི་སྣ་ཚུད་པའི་རྔ་བའི་མི་རིགས་ཁག་གི་མི་དམངས་ཚོས་སྤོབས་སེམས་ཆེན་པོས་སྣོད་བཅུད་མཛེས་སྡུག་དང་། འབྱོར་ཕྱུག་འབྱོར་འབྲིང། ཞི་མཐུན་བདེ་སྐྱིད་ཀྱི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྔ་བ་བསྐྲུན་པའི་རྒྱང་སྐྱོད་ཀྱི་ལམ་བུ་གསར་པར་བསྐྱོད་ཡོད། འགག་རྩའི་དུས་སྐབས་དེར་པཎ་ཆེན་རིན་པོ་ཆེ་རྔ་བར་ཕེབས་པ་དང་འབྲེལ་བོད་བརྒྱུད་ནང་བསྟན་ལས་རིགས་ལ་གསུང་བཤད་གལ་ཆེན་གནང་ཞིང་། དེའི་ནང་པཎ་ཆེན་རིན་པོ་ཆེས་རྔ་བའི་སྒྱུར་བཅོས་འཕེལ་རྒྱས་ལ་ཐུགས་ཁུར་དང་རྒྱབ་སྐྱོར་གནང་ལུགས་མཚོན་པར་བྱས་པ་ལས། ཆོས་ལུགས་ལས་རིགས་མི་སྣར་ཐུགས་རེ་ཟབ་མོ་བཅིང་ཡོད་པ་མཚོན་ཡོད། ཁུལ་ཡོངས་ཀྱི་རྒྱ་ཆེའི་ཆོས་ལུགས་ལས་རིགས་མི་སྣས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཆོས་ལུགས་མི་སྣར་བཏོན་གནང་བའི“ཚད་གཞི་བཞིའི”བླང་བྱ་ལག་བསྟར་མཐའ་གཅིག་ཏུ་བྱེད་པ་དང་། པཎ་ཆེན་རིན་པོ་ཆེ་མིག་དཔེར་འཛིན་རྒྱུ་མཐའ་འཁྱོངས་བྱེད་པ། ཏང་ལ་བློ་དཀར་སེམས་དཀར་དང་མེས་རྒྱལ་ལ་ལྷག་བསམ་རྣམ་དག་ཡིན་པ། མི་དམངས་ལ་ལྷག་བསམ་ཟོལ་མེད་བྱེད་པ་བཅས་ཀྱི་ཕུལ་བྱུང་གཤིས་རྒྱུད་ལ་སློབ་སྦྱོང་ནན་ཏན་བྱེད་པ། པཎ་ཆེན་རིན་པོ་ཆེའི་རྒྱལ་གཅེས་ཆོས་གཅེས་དང་རྒྱལ་སྐྱོང་འགྲོ་ཕན་གྱི་འགན་འཁྲི་འཁུར་སེམས་ལ་སློབ་སྦྱོང་བྱེད་པ། པཎ་ཆེན་རིན་པོ་ཆེས་བློ་རྩེ་གཅིག་སྒྲིམ་གྱིས་སློབ་སྦྱོང་དང་འགྲོ་བ་ཀུན་ལ་ཕན་པའི་དམ་བཅར་སློབ་སྦྱོང་བྱེད་པ་བཅས་བྱས་ནས་རྒྱུན་ཆད་མེད་པར་དད་སེམས་ཇེ་བརྟན་དུ་བཏང་ནས་རང་ངོས་ཀྱི་བློ་སྦྱོང་ལ་ཤུགས་སྣོན་རྒྱག་དགོས། པཎ་ཆེན་རིན་པོ་ཆེས་སྔར་རྒྱུན་བཞིན་སི་ཁྲོན་ནུབ་བྱང་གི་རྔ་བའི་སྣོད་བཅུད་དཔེ་སྟོན་ཁུལ་འཛུགས་སྐྲུན་དང་དཔལ་འབྱོར་སྤུས་ཚད་མཐོ་པོའི་སྒོ་ནས་འཕེལ་རྒྱས་འགྲོ་རྒྱུར་ཐུགས་ཁུར་དང་རྒྱབ་སྐྱོར། སི་ཁྲོན་བོད་བརྒྱུད་ནང་བསྟན་སློབ་གླིང་རྔ་བའི་ཡན་ལག་སློབ་གླིང་འཛུགས་རྒྱུར་ཐུགས་ཁུར། བོད་བརྒྱུད་ནང་བསྟན་ལས་རིགས་ཀྱི་འཐུས་མིའི་མི་སྣ་གསོ་སྐྱོང་དང་གྲྭ་བཙུན་ཤེས་ལྡན་པ་གསོ་སྐྱོང་བྱ་རྒྱུར་ཐུགས་ཁུར་དང་རྒྱབ་སྐྱོར་བཅས་གནང་བ་དང་ལྷག་དོན་དུ་བོད་བརྒྱུད་ནང་བསྟན་དེ་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་འཚམ་མཐུན་ཡོང་རྒྱུར་ཁྲིད་སྟོན་དང་བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་དུ་འགྱུར་རྒྱུར་སྐུལ་འདེད་གཏོང་བ་སོགས་ཀྱི་ཐད་ཐུགས་ཁུར་དང་རྒྱབ་སྐྱོར་གནང་བ་རེད།

        ཁུལ་འགོ་ཁྲིད་ལུའོ་ཀྲེན་ཧྭ་དང་ལི་ཝུའེ་གོ། ཉི་མ་འབུམ། ཀའོ་ཅ་ཅུན། ལིའུ་ཐའོ། ཚའེ་ཆིང་ལི། ཞུས་ཀུའེ་ཆང་། སྟག་ཚ·སྐལ་བཟང་ཐུབ་བསྟན་ལེགས་བཤད་རྒྱ་མཚོ་སོགས་འབྲེལ་ཡོད་གཟིགས་ཞིབ་བྱེད་སྒོར་ཞུགས་ཡོད་པ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1