དུས་རིམ་གསར་བའི་ཡངས་ཤིང་རྒྱ་ཆེ་བའི་ས་ཞིང་གཤིན་པོ།

ནོར་བུ་ཚེ་རིང་། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།རྔ་བའི་བོད་ཡིག་གསར་འགྱུར། སྤེལ་དུས། 07-28


དུས་རིམ་གསར་བའི་ཡངས་ཤིང་རྒྱ་ཆེ་བའི་ས་ཞིང་གཤིན་པོ།
རང་ཁུལ་གྱིས་སྤུས་ཚད་མཐོན་པོས་གྲོང་གསེབ་དར་རྒྱས་ཀྱི་ལས་དོན་ལ་སྐུལ་འདེད་བཏང་བའི་སྐོར་གྱི་སྤྱི་བཤད།




    གྲོང་གསེབ་དར་རྒྱས་གཏོང་བའི་འཐབ་ཇུས་ལག་བསྟར་བྱས་པ་ནས་བཟུང་། རང་ཁུལ་གྱིས་ཐོན་ལས་དར་རྒྱས་དང་སྐྱེ་ཁམས་སྡོད་གཞིས་འཚམས་པ། ཡུལ་སྲོལ་ཡ་རབས། བཅོས་སྐྱོང་ནུས་ལྡན། འཚོ་བ་འབྱོར་ལྡན་བཅས་ཀྱི་སྤྱིའི་བླང་བྱ་གཞིར་བཟུང་གྲོང་གསེབ་དར་རྒྱས་གཏོང་བའི་འཐབ་ཇུས་དེ་དུས་རབས་གསར་བའི་ཞིང་གསུམ་ལས་དོན་གྱི་སྤྱིའི་དམ་འཛིན་བྱེད་སར་བརྩིས་ནས་ཞིང་ལས་དང་གྲོང་གསེབ་དེང་རབས་ཅན་འཕེལ་རྒྱས་ལ་མགྱོགས་མྱུར་སྐུལ་འདེད་བཏང་བས་ཞིང་ལས་རིམ་སྤོར་དང་གྲོང་གསེབ་ཡར་ཐོན། ཞིང་ལས་འཕེལ་རྒྱས་བཅས་ཀྱི་རྣམ་པ་གསར་བ་མངོན་ནས་ཞིང་བར་ཐོབ་སྣང་དང་། སྐྱིད་སྣང་།བདེ་སྣང་བཅས་མངོན་གསལ་དོད་པོས་ཆེ་རུ་ཕྱིན་ཡོད།


ཞིང་ལས་ཀྱི་སྤུས་ཚད་མཐོ་ཞིང་ཐོན་འབབ་བཟང་བ།

    ཉེ་བའི་ཉིན་འགའི་རིང་ལ། བཙན་ལྷ་རྫོང་ཏ་ཡུང་གྲོང་རྡལ་མའོ་ཧྲུའེ་་སྡེ་བའི་ཅིན་ཧྲན་རྒྱ་སེ་མེ་ཏོག་གི་རྟེན་གཞི་རུ་མེ་ཏོག་གི་རླབས་ཕྲེང་རྒོད་ཅིང་བསུང་ཞིམ་གྱི་ངད་ཁ་ལྡང་། ལྗོངས་སྐོར་བ་གྲངས་མེད་ཀྱི་ཡིད་ཀྱི་བརྟན་པ་ཅིག་ཅར་དུ་འཕྲོག་ནས་རྒྱང་ཐག་ཅི་ཙམ་རིང་ཡང་གནས་འདིར་སླེབས་ཏེ། གནས་འདིའི་མཛེས་སྡུག་གིས་ཡིད་སེམས་ཚིམས་པར་བྱས་ཡོད། ད་ལྟ་བཙན་ལྷ་རྫོང་གི་རྒྱ་སེ་མེ་ཏོག་འདེབས་སའི་རྒྱ་ཁྱོན་ལ་ས་མུའུ་13260ཡོད་པ་དེ་ཡུལ་ཚོ་དང་གྲོང་རྡལ་13དང་སྡེ་བ་46ལ་ཁྱབ་ནས་དུད་ཚང་2200ཕྱུག་འགྱུར་ཡོང་བར་སྐུལ་ཁྲིད་ཐུབ་ཡོད། བཙན་ལྷ་རྫོང་གི་ཐོན་ལས་ཕྱུག་འགྱུར་ནི་བཙན་ལྷ་རྫོང་ཁོ་ནར་ཡོད་པའི་དཔེ་མཚོན་ཞིག་མ་ཡིན་པར་བར་ཐག་སྤྱི་ལེ་200ལྷག་ཡོད་པའི་ཝུན་ཁྲོན་རྫོང་ཡང་དེ་དང་གཅིག་མཚུངས་ཡིན།
    ཉེ་ཆར། ཝུན་ཁྲོན་རྫོང་ཝུའེ་ཀྲོའུ་གྲོང་རྡལ་ཡན་མོན་སྡེ་བའི་ལི་སོབ་འདེབས་འཛུགས་གླིང་དུ་འཚིབས་པར་སྨིན་པའི་ཤིང་འབྲས་མཐོང་ན་སེམས་པ་སྤྲོ་བས་ཁེངས་འོངས། ཤིང་འབྲས་འདེབས་མཁན་ཞིང་བ་ཚོས་གནམ་གཤིས་ཡག་པོ་འདི་དམ་འཛིན་བྱས་ཏེ་ཤིང་སྡོང་ར་བར་ཤིང་འབྲས་འཐོགས་པའི་ལས་ལ་གཞོལ།
    ལི་སོབ་ནི་ཝུན་ཁྲོན་གྱི་ནོར་བུ་གསུམ་གྱི་གྲས་ཡིན་པས། འཛད་སྤྱོད་པས་དགའ་བསུ་ཆེན་པོ་བྱེད། ཤེས་རྟོགས་བྱུང་བར་གཞིགས་ན། ཝུན་ཁྲོན་རྫོང་གི་ལི་སོབ་འདེབས་སའི་རྒྱ་ཁྱོན་ལ་ས་མུའུ་ཁྲི་3ལྷག་ཟིན། སྔོན་དཔག་བྱས་ན་ད་ལོའི་ཐོན་ཚད་ཏུན་ཁྲི་5ཟིན་རྒྱུ་དང་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར་3ཙམ་ཟིན་རྒྱུ་རེད།
    དེང་རབས་ཞིང་ལས་འཕེལ་རྒྱས་གཏོང་བ་དང་ཐོན་ལས་དར་རྒྱས་གཏོང་བར་བརྟེན་ནས་གྲོང་གསེབ་དར་རྒྱས་གཏོང་བར་སྐུལ་འདེད་གཏོང་རྒྱུ་ནི་རང་ཁུལ་གྱི་ལག་ལེན་གྱི་གྲུབ་འབྲས་གལ་ཆེན་ཞིག་རེད། ཉེ་བའི་ལོ་ཤས་རིང་། རང་ཁུལ་གྱིས་ཐོན་ལས་འཕེལ་རྒྱས་གཏོང་རྒྱུ་དེ་འདེགས་སྐྱོར་གཙོ་བོར་འཛིན་རྒྱུ་མཐའ་འཁྱོངས་ཀྱིས་དེང་རབས་ཀྱི་ཁྱད་ལྡན་ཞིང་ལས་འཕེལ་རྒྱས་ཤུགས་ཆེན་བཏང་ནས་སྔོ་ཚལ་དང་ཤིང་འབྲས། ཀྲུང་ལུགས་སྨན་རྫས་སོགས་ཁྱད་ལྡན་འདེབས་འཛུགས་ས་མུའུ་ཁྲི་60ལྷག་འཕེལ་རྒྱས་བཏང་བ། ལྗང་མདོག་ཐོན་ལས་དབུལ་སྐྱོར་རྟེན་གཞི་1109བཙུགས་པ། ཞིང་ལས་ཆེད་ལས་མཉམ་ལས་ཁང་5515། ཁྱིམ་ཚང་གི་ཞིང་ར་527། རྣམ་པ་གསར་བའི་ཚོང་གཉེར་གཙོ་གཟུགས་1248བཅས་སྐྱེད་སྲིང་བྱས།


གྲོང་གསེབ་ཀྱི་སྡོད་གཞིས་མཛེས་ཤིང་བྱ་གཞག་འཚམས་པ།

      ཆུ་ཆེན་རྫོང་ཨན་ཉིང་གྲོང་རྡལ་མང་འབྲག་སྡེ་བ་རུ་སྐྱོད་སྐབས་ཡངས་ཤིང་རྒྱ་ཆེ་བའི་ནག་སྣུམ་གྱི་གཞུང་ལམ་འགྲམ་དུ་ལྗོན་ཤིང་བསྟར་ཕྲེང་བསྒྲིགས་པར་སྐར་ལྔའི་དར་དམར་ལྷབ་ལྷུབ་ཏུ་གཡོ་ཞིང་། དམར་མདངས་བཀྲ་བའི་ལྒང་ཞུ་རེ་རེས་གྲོང་སྡེ་འདིར་བཀྲ་ཤིས་མཚན་མས་ཁྱབ་པའི་རྣམ་པ་མངོན་པར་དོད་ཡོད། ཐག་རིང་ནས་བལྟས་ཚེ། མཛེས་ཤིང་གྲལ་དག་པའི་སྡོད་ཁང་རིམ་པར་ཆགས་ཤིང་། ཐང་ཆེན་དུ་བགྲེས་སོང་དག་བག་ཕེབས་ཁ་བརྡ་བྱེད་པ་དང་བྱིས་པ་དག་རྩེད་མོར་གཡེང་བ་སོགས་གང་དགའ་གང་སྐྱིད་དུ་འདུག་པས། ཡུལ་འདི་ལ་རྒྱུས་མེད་པའི་མིར་གྲོང་གསེབ་ཅིག་མ་ཡིན་པར་གྲོང་ཁྱེར་ཞིག་མིན་པའི་སྙམ་པའི་གོ་ནོར་ཐེབས་སུ་འཇུག་ངེས།
      ཨན་ཉིང་གྲོང་རྡལ་མང་འབྲག་སྡེ་བའི་མཛེས་སྡུག་གི་འཕོ་འགྱུར་ལས་རང་ཁུལ་གྱིས་གྲོང་གསེབ་དར་རྒྱས་གཏོང་བའི་འཐབ་ཇུས་ལག་ལེན་ཤུགས་ཆེན་བསྟར་ནས་གྲོང་གསེབ་ཀྱི་སྡོད་གཞིས་ཁོར་ཡུག་ལེགས་སུ་ཧུར་ཐག་བཏང་བ་རྟོགས་ཐུབ།

      གྲོང་གསེབ་དར་རྒྱས་གཏོང་དགོས་པར། སྐྱེ་ཁམས་འཚོ་སྡོད་ལ་འཚམས་རྒྱུ་ནི་གནད་འགག་ཡིན། མིག་སྔའི་བར། རང་ཁུལ་གྱིས་གྲོང་གསེབ་ཀྱི་མི་སྡོད་ཁོར་ཡུག་རྒྱུན་མཐུད་ངང་ལེགས་སུ་གཏོང་བ། སྤུས་ཚད་མཐོར་གཏོང་རིམ་སྤོར་གྱིས་རྨང་གཞིའི་སྒྲིག་བཀོད་ལེགས་སུ་གཏོང་བ། སྐྱེ་ཁམས་སྲུང་སྐྱོང་དང་བཅོས་སྐྱོང་ལ་ཁྱོན་ཡོངས་ནས་ཤུགས་སྣོན་རྒྱག་པ་བཅས་ཀྱི་ཐད་ཕན་འབྲས་ངེས་ཅན་ཐོན་ཡོད།


ཞིང་བའི་འཚོ་བ་སྐྱིད་ཅིང་འབྱོར་ཕྱུག་ལྡན་པ།
         ཁྲོ་ཆུ་རྫོང་ཆུ་ནག་ཡུལ་ཚོ་པ་ཙེ་སྡེ་བའི་སྔོ་ཚལ་འདེབས་འཛུགས་རྟེན་གཞི་ཞིང་རའི་དོ་དམ་གྱི་བྱ་བ་ལེགས་པར་བསྒྲུབ་ཆེད། འདེབས་འཛུགས་རྟེན་གཞིའི་འགན་འཁུར་བས་ཉེ་འགྲམ་དུ་སྡེ་མི་20ལྷག་གདན་དྲངས་ནས་གནམ་གཤིས་ཡག་པོ་དམ་འཛིན་བྱས་ནས་གཅིག་སྡུད་ཀྱིས་འདེབས་འཛུགས་བྱས་པ་རེད།  ངས་འདི་གར་ལས་ཀ་ཙག་ཙིག་བྱས་པར་ཆུ་ཚོད་རེར་སྒོར་12དང་ཉིན་གཅིག་ལ་ཡོང་འབབ་སྒོར་100ཐོབ་ཀྱིན་འདུག་ཅེས་བཤད། པ་ཙེ་སྡེ་བའི་ཞིང་བ་བཟང་མོ་སྐྱིད་ཀྱིས་ཡིས་དགའ་སྤྲོ་ཆེན་པོས་ཁྱིམ་གྱི་སྒོ་འགྲམ་དུ་ཞོར་ལས་བྱེད་པ་དང་ཁྱིམ་ཚང་ལ་ལྟ་རྟོག་བྱེད་པ་དང་ཆབས་ཅིག་ད་དུང་ཡོང་འབབ་བཙལ་ཐུབ་པས་འདི་ནི་ཧ་ཅང་དགའ་འོས་པ་ཞིག་རེད་ཟེར།
      ད་ལྟ། རྔ་བ་ཁུལ་དུ་ཞིང་བ་དེ་བས་མང་བོས་གྲོང་སྡེའི་མཉམ་ལས་དཔལ་འབྱོར་དང་མཉམ་ལས་ཁང་། ཞིང་དུད། དྲྭ་ཐོག་ཚོང་དོན་བཅས་ཟུང་དུ་སྦྲེལ་བའི་འཕེལ་རྒྱས་གཏོང་སྟངས་སྤྱད་དེ་སྐྱེ་ཁམས་ཤིང་འབྲས་དང་སྔོ་ཚལ་ཐོན་ལས་འཕེལ་རྒྱས་བཏང་ནས་ཕྱུག་འགྱུར་འབབ་འཕར་གྱི་ཐབས་ལམ་རྒྱ་ཆེར་གཏོང་གིན་ཡོད།
      འདི་ལྟ་བུའི་དཔེ་མཚོན་མང་བོ་བརྗོད་ཀྱིས་མི་ལངས་པ་ནི་རང་ཁུལ་གྱིས་གྲོང་གསེབ་དར་རྒྱས་གཏོང་བའི་འཐབ་ཇུས་ལག་ལེན་བསྟར་བའི་སྐྱ་བྲིས་ཙམ་རེད།
      ས་ཞིང་ལྗང་མདོག་ལྡན་ལ་ཁྱིམ་གཞིས་མཛེས་སྡུག་ལྡན། གྲོང་གསེབ་དར་རྒྱས་གཏོང་བའི་མཛེས་སྡུག་གི་བསམ་འདུན་རྔ་བ་ཁུལ་དུ་རྩ་བ་ཚུགས་ཤིང་རྩེ་མོ་རྒྱས་བཞིན་ཡོད་པས། མི་རིང་བར་གྲུབ་འབྲས་དེ་བས་མང་བོ་འཐོབ་ངེས་སོ།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1