བྱ་དགའ་ཐོབ་མཁན་གྱིས་དྲན་རྟེན་མཉམ་པར་རྒྱག་བཞིན་པ།
ཀྲུང་གོའི་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་100འཁོར་བ་དང་བོད་ལྗོངས་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་70འཁོར་བར་རྟེན་འབྲེལ་ཞུ་བ་དང་། དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་རྒྱུ་གྲོང་གསེབ་དར་རྒྱས་ཀྱི་ལས་དོན་དང་སྦྲེལ་མཐུད་ནུས་ལྡན་བྱ་ཆེད། ཟླ་7ཚེས་26ནས་29ཉིན་བར། ནག་ཆུ་གྲོང་ཁྱེར་མི་དམངས་སྲིད་གཞུང་དང་ནག་ཆུ་གྲོང་ཁྱེར་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཅུས་ཀྱིས་གཙོ་གཉེར་བྱས་པ་དང་། སྙན་རོང་རྫོང་མི་དམངས་སྲིད་གཞུང་དང་སྙན་རོང་རྫོང་དགའ་མཆོག་འབྲོག་རས་སྒྲུབ་འགན་འཁུར་བའི“2021ལོའི་ནག་ཆུ་གྲོང་ཁྱེར་གྱི་ཞིང་འབྲོག་པའི་ལས་རིགས་རྩལ་ནུས་འགྲན་བསྡུར་སྐབས་བཞི་པ”སྙན་རོང་རྫོང་དགའ་མཆོག་འབྲོག་རར་བདེ་བླག་ངང་གཉེར་བ་དང་སྦྲགས་ཕུན་སུམ་ཚོགས་པོའི་ངང་མཇུག་འགྲིལ་བ་རེད།
གསར་འགོད་པར་ཤེས་རྟོགས་བྱུང་བར། ད་ཐེངས་ཀྱི་རྩལ་ནུས་འགྲན་བསྡུར་ནང་ནག་ཆུ་གྲོང་ཁྱེར་གྱི་འབྲོག་པའི་ཐུན་མོང་མ་ཡིན་པའི་རིག་གནས་དང་ཟུང་འབྲེལ་བྱེད་པ་དང་། ཡུལ་དེའི་དམངས་སྲོལ་གོམས་གཤིས་སྔོག་འདོན་གང་ལེགས་བྱས་ཏེ། “རྩལ་ནུས་ལ་བརྟེན་ནས་བདེ་སྐྱིད་ཀྱི་སྒོ་མོ་འབྱེད་པ་དང་ཤེས་ལྡན་མི་སྣར་བརྟེན་ནས་གྲོང་གསེབ་དར་རྒྱས་གཏོང་བ—ཏང་དབུ་བརྙེས་ནས་ལོ་ངོ་100འཁོར་བར་ཕྱགས་རྟགས་འབུལ་བ”བརྗོད་དོན་གཙོ་བོར་བྱས་ནས། སྲོལ་རྒྱུན་རྩལ་ནུས་དང་ལས་རིགས་རྩལ་ནུས་ཀྱི་རིགས་ཆེན་པོ་གཉིས་ཀྱི་འགྲན་ཞུགས་རྣམ་གྲངས་ཁྱོན་བསྡོམས་ཁག་9འཆར་འགོད་བྱས་ཡོད། སྲོལ་རྒྱུན་གྱི་རྩལ་ནུས་ནང་བོད་བཟོའི་འཚེམ་བཟོ་དང་། བསླས་འཐག་ལག་རྩལ། ཐང་ག་འབྲི་རྩལ། ཀོ་ཆས་བཟོ་སྟངས། དཀར་ཆུའི་ཐོན་རྫས་ལས་སྣོན་བཅས་ཚུད་པ་དང་། ལས་རིགས་རྩལ་ནུས་ནང་ཟ་ཁང་དང་མགྲོན་བསུ་ཁང་གི་ཞབས་ཞུ་བ་དང་། ལྕགས་རྩིབས་བཟོ་པ། ས་ཕག་རྒྱག་མཁན་དང་ཞ་ལ་གཏོང་མཁན། མ་བྱན་བཅས་ཚུད་ཡོད། དེའི་དམིགས་ཡུལ་ནི་རྩལ་ནུས་འགྲན་བསྡུར་དང་། ལག་རྩལ་འགྲེམས་སྟོན། ལག་རྩལ་གསར་གཏོད་བཅས་ཀྱི་ལས་སྟེགས་བཏོད་པ་བརྒྱུད། ཞིང་འབྲོག་ཁུལ་གྱི་ལག་ཤེས་མཁས་པ་སྔོག་འདོན་ཧུར་ཐག་བྱེད་པ་དང་། ནག་ཆུ་གྲོང་ཁྱེར་གྱི་རྩལ་ནུས་ཤེས་ལྡན་མི་སྣའི་ཆུ་ཚད་དང་བསམ་པའི་ཉམས་འགྱུར་མངོན་པ། གྲོང་ཁྱེར་ཡོངས་ཀྱི་ཞིང་འབྲོག་པར“རྩལ་ནུས་དང་། ཁྱད་ལྡན། ཐོན་ལས་བཅས་ལ་བརྟེན་ནས་ཕན་པ་ཐོབ་པར”བྱེད་པ། “ལག་རྩལ་ལ་བརྩི་འཇོག་དང་ཤེས་ལྡན་མི་སྣར་བརྩི་འཇོག”བྱེད་པའི་རྣམ་པ་བཟང་པོ་གཏོད་པ་བཅས་བྱས་ནས། ནག་ཆུའི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་རོགས་བྱ་ཆེད་ཡིན།
མཇུག་འགྲིལ་ཉིན་མོར། ནག་ཆུ་གྲོང་ཁྱེར་དང་སྙན་རོང་རྫོང་གི་འབྲེལ་ཡོད་འགོ་ཁྲིད་དང་འགན་འཁུར་བས་ད་ཐེངས་ཀྱི་རྩལ་ནུས་འགྲན་བསྡུར་ཆེ་མོའི་འགྲེམས་ཁུལ་ཁག་ལ་རིམ་པ་བཞིན་ལྟ་སྐོར་བྱས་ནས། འགྲན་ཞུགས་བདམས་ཐོན་པས་ཞིབ་ཚགས་ངང་བཏགས་པའི་གདན་དང་། ཐང་ག དཀར་ཆུའི་ཐོན་རྫས། ཚལ་སོགས་ལ་བསྔགས་བརྗོད་བྱས་པ་མ་ཟད། ཁོང་ཚོར་ཡང་འབད་བསྐྱར་འབད་ཀྱིས་སླད་ཕྱིན་གྱི་འགྲན་བསྡུར་ནང་མུ་མཐུད་རྙིང་འབུད་གསར་འདོན་བྱས་ནས་དེ་བས་ལེགས་པའི་གྲུབ་འབྲས་ཐོབ་པའི་བརྩོན་ལེན་བྱེད་དགོས་པའི་ལྕག་སྐུལ་བྱས་པ་རེད། ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཀྱི་རྩལ་ནུས་འགྲན་བསྡུར་ཆེ་མོའི་ནང་ཁྱོན་འགྲན་ཞུགས་ཞིང་འབྲོག་པ་96ཡོད་པར་འགྲན་ཞུགས་པ་63ལ་དེ་མཚུངས་ཀྱི་གཟི་བརྗིད་མཚན་སྙན་ཐོབ་ཡོད།
ལྟ་སྐོར་མཇུག་འགྲིལ་རྗེས། དགའ་སྤྲོ་འཁོལ་བའི་འགྱུར་ཁུག་ཁྲོད། ས་གནས་ས་ཐོག་ཏུ་བྱ་དགའ་སྤྲོད་པའི་མཛད་སྒོ་གཟབ་རྒྱས་འཚོགས་ཏེ་ད་ཐེངས་ཀྱི་རྩལ་ནུས་འགྲན་བསྡུར་ཆེ་མོའི་ནང་བྱ་དགའ་ཐོབ་མཁན་བདམས་ཐོན་པར་གཟི་བརྗིད་མཚན་སྙན་ལག་ཁྱེར་དང་བྱ་དགའི་དངོས་པོ་སྤྲད་པ་རེད། སྙན་རོང་རྫོང་ཤག་ཆུ་ཤང་གི་དཔལ་འཛོམས་ནི་འགྲོ་སྐྱོད་སྟབས་མི་བདེ་བའི་དབང་པོ་སྐྱོན་ཅན་ཞིག་ཡིན་པ་དང་། ད་ཐེངས་ཀྱི་འགྲན་བསྡུར་ཆེ་མོའི་ནང་ཁོང་ལ་བསླས་འཐག་ལག་རྩལ་ཚོགས་ཆུང་གི“བཟོ་བོའི་སྙིང་སྟོབས་ཀྱི་བྱ་དགའ”རག་ཡོད། ཁོང་གིས་གསར་འགོད་པར“ང་རང་དབང་པོ་སྐྱོན་ཅན་ཞིག་ཡིན་པ་དང་། བྱེད་སྒོ་དེའི་ནང་ཞུགས་ཐེངས་དང་པོ་ཡིན། ད་རེས་རང་ཉིད་ལ་གཟི་བརྗིད་མཚན་སྙན་དེ་ལྟ་བུ་ཐོབ་པར་ཧ་ཅང་དགའ་པོ་འདུག་ལ། གཙོ་གཉེར་ཕྱོགས་ཀྱིས་ང་རང་གི་འཇོན་ཐང་ངོམ་ས་ཞིག་དང་གཞན་དང་ལག་རྩལ་སྤེལ་རེས་བྱེད་པའི་ལས་སྟེགས་དེ་འདྲ་ཞིག་མཁོ་འདོན་གནང་བར་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཕྱིས་སུ་མི་སྔར་བས་མང་བ་བྱེད་སྒོ་དེའི་ནང་ཞུགས་ཐུབ་པའི་རེ་བ་ཡོད”ཅེས་བརྗོད།
ནག་ཆུ་གྲོང་ཁྱེར་གྱི་ཧྲི་ཀྲང་གཞོན་པ་རྒྱ་རྡོ་ཡིས། ད་ཕན་ལོ་ཤས་རིང་། ནག་ཆུ་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གིས་རྩལ་ནུས་ཤེས་ལྡན་མི་སྣའི་དཔུང་ཁག་འཛུགས་སྐྱོང་ལ་ཚད་མཐོའི་མཐོང་ཆེན་གྱིས། གྲོང་ཁྱེར་ཡོངས་ཀྱི་ཁྱབ་ཁོངས་སུ་ལས་རིགས་སྣ་མང་དང་རིམ་པ་མང་བའི་རྩལ་ནུས་གསོ་སྦྱོང་བྱས་ཏེ། སྲོལ་རྒྱུན་འབྲོག་ལས་ཀྱི་རྩལ་ནུས་ཤེས་ལྡན་མི་སྣའི་མི་མངོན་པའི་ནུས་པ་སྔོག་འདོན་གང་ལེགས་བྱེད་པ་དང་། རྩལ་ནུས་ཤེས་ལྡན་མི་སྣའི་བསྡུར་ཚད་དང་བྱང་ཚད་རྒྱུན་ཆད་མེད་པར་མཐོ་རུ་བཏང་ཡོད། མིག་སྔའི་བར“སྲིད་གཞུང་གིས་གཙོ་ཁྲིད་དང་། ཁྲོམ་རས་ཁྲིད་སྟོན། མི་སྒེར་ཞུགས་པ”བཅས་ཀྱི་རྩལ་ནུས་ཤེས་ལྡན་མི་སྣ་སྐྱེད་སྲིང་དང་གསོ་སྦྱོང་མ་ལག་རིམ་གྱིས་ཆགས་ནས། ཤེས་ལྡན་མི་སྣའི་གསོན་ཤུགས་སྔར་བས་འཕེལ་ཏེ། རྒྱ་ཆེའི་འབྲོག་ཁུལ་གྱི་གཞོན་ནུ་ཚོས་རྩལ་ནུས་ལ་དགའ་ཞེན་དང་། རྩལ་ནུས་སྦྱོང་བ། རྩལ་ནུས་ལ་བརྟེན་ནས་ཕྱུག་འགྱུར་བཅས་ཀྱི་རྣམ་པ་ཟབ་མོ་བཏོད་ཡོད་ཅེས་བརྗོད།