ལེ་ཞི་ཡིས་སྐབས་གསར་པའི་དབྱི་ལིང་གི་ཙུང་ཐུང་གི་འགན་ཁུར།
རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མཚོ་སྔོན་བོད་སྐད་རླུང་འཕྲིན། སྤེལ་དུས། 08-09
ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། དབྱི་ལིང་གི་གསར་དུ་གདམས་ཐོན་བྱུང་བའི་དབྱི་པུའུ་ལ་ཞིན་ལེ་ཞི་ཡིས་ཚེས་ལྔ་ཉིན་དམ་བཅའ་བཞག་སྟེ་ཙུང་ཐུང་གི་འགན་བཞེས་པ་དང་། སྐབས་གསར་པའི་སྲིད་གཞུང་གིས་དཔལ་འབྱོར་གནད་དོན་ཐག་གཅོད་པར་བརྟེན་ནས་དམངས་ཚིས་ལེགས་བཅོས་བྱེད་རྒྱུའི་དམ་བཅས།
ལེ་ཞི་ཡིས་ཉིན་དེར་དབྱི་ལིང་གྲོས་ཁང་གྲོས་ཚོགས་སྟེང་དམ་བཅའ་བཞག་སྟེ་ཙུང་ཐུང་གི་འགན་བཞེས། ཁོས་ལས་འགན་ཁུར་བའི་གཏམ་བཤད་ཁྲོད་བསྟན་དོན། དབྱི་ལིང་གི་ཙུང་ཐུང་འདེམས་བསྐོའི་ཁྲོད་བརྒྱུད་སྤྲོད་བྱས་པའི་ཆ་འཕྲིན་ནི་སྒྱུར་བཅོས་དང་དྲང་བདེན་ཡིན། མི་དམངས་ཀྱིས་སྐབས་གསར་པའི་སྲིད་གཞུང་གིས་དམ་བཅའ་ལག་བསྟར་བྱས་ཏེ་བདེན་དོན་སྤེལ་བ་དང་། རུལ་སུངས་ལ་རྡུང་རྡེག་དང་མཐོང་ཆུང་ལ་ངོ་རྒོལ་བྱེད་རྒྱུའི་རེ་བ་བཅངས་ཡོད། སྲིད་གཞུང་གསར་པས་དཔལ་འབྱོར་གནད་དོན་ཐག་གཅོད་པར་བརྟེན་ནས་ཧུར་ཐག་གིས་དམངས་ཚིས་ལེགས་བཅོས་བྱེད་རྒྱུ་ཡིན་ཟེར།
ལེ་ཞི་ཡིས་བསྟན་དོན། དབྱི་ལིང་གི་ཉིང་རྡུལ་འཆར་གཞི་ནི་ཞི་བདེ་ཡིན་པ་དང་། དབྱི་ལིང་གིས་ཉིང་རྡུལ་མཚོན་ཆ་བཟོ་རྒྱུ་བཀག་སྡོམ་བྱས་ཡོད། གནོན་ཤུགས་སྟེར་བ་དང་བཀག་སྡོམ་བྱེད་པ་དེས་དབྱི་ལིང་མི་དམངས་ཀྱི་རེ་སྙེག་བཀག་འགོག་བྱེད་མི་ཐུབ་པར་མ་ཟད། འཕེལ་རྒྱས་ཁེ་དབང་དང་བཅས་པའི་ཁྲིམས་མཐུན་ཁེ་དབང་ལ་བཀག་འགོག་བྱེད་ཐུབ། དབྱི་ལིང་ལ་སྤྱད་པའི་བཀག་སྡོམ་བྱེད་ཐབས་ཡོད་ཚད་ངེས་པར་དུ་མེད་པར་བཟོ་དགོས་པ་དང་། དབྱི་ལིང་གིས་བཀག་སྡོམ་མེད་པར་གཏོང་བར་ཕན་པའི་ཕྱི་འབྲེལ་ནང་རྐྱེན་ཡོད་ཚད་ལ་རྒྱབ་སྐྱོར་བྱེད་ངེས་ཡིན་ཟེར།
ལེ་ཞི་ཡིས་ས་ཁུལ་སྲིད་ཇུས་གླེང་སྐབས་བསྟན་དོན། དབྱི་ལིང་གིས་ཁྱིམ་མཚེས་རྒྱལ་ཁབ་བར་གྱི་འབྲེལ་བ་འཕེལ་རྒྱས་གཏོང་རྒྱུ་གཙོར་འཛིན་རྒྱུ་ཡིན་པ་དང་། ས་ཁུལ་འཇིགས་ཉེན་ངེས་པར་དུ་ས་ཁུལ་ནང་ཁུལ་གྱི་གྲོས་མོལ་དངོས་ལ་བརྟེན་ནས་ཐག་གཅོད་དགོས། ངས་ས་ཁུལ་ནང་ཁུལ་གྱི་རྒྱལ་ཁབ་ཡོད་ཚད་དང་ལྷག་པར་དུ་ཁྱིམ་མཚེས་རྒྱལ་ཁབ་ལ་མཛའ་མཐུན་དང་སྤུན་ཟླའི་ལག་ཟུང་བསྐྱངས་པ་ཡིན་ཟེར།
ལེ་ཞི་ནི་གཅིག་དགུ་དྲུག་ཅུ་ལོར་དབྱི་ལིང་ཤར་བྱང་ཕྱོགས་ཀྱི་མ་ཧྲིན་ཧ་ཏི་རུ་སྐྱེས་པ་དང་། ཉིས་སྟོང་བཅུ་བཞི་ལོར་དབྱི་ལིང་གི་སྤྱིའི་ཞིབ་དཔྱོད་དཔོན་གྱི་འགན་བཞེས་པ་དང་། ཉིས་སྟོང་བཅུ་དགུ་ལོར་དབྱི་ལིང་གི་ཁྲིམས་འཛིན་གྱི་སྤྱིའི་ལྟ་སྐུལ་བའི་འགན་ཁུར། ད་ལོའི་ཟླ་དྲུག་པའི་ཚེས་བཅོ་བརྒྱད་ཉིན་སྤེལ་བའི་དབྱི་ལིང་གི་སྐབས་བཅུ་གསུམ་པའི་ཙུང་ཐུང་འདེམས་བསྐོའི་ཁྲོད། ལེ་ཞི་ལ་འདེམས་ཤོག་བརྒྱ་ཆའི་རེ་དྲུག་ཐོབ་ནས་དབྱི་ལིང་གི་སྐབས་གསར་པའི་ཙུང་ཐུང་དུ་བདམས། དབྱི་ལིང་གི་ཆེས་མཐོའི་གཙོ་འཛིན་ཧ་མེ་ནེ་དབྱི་ཡིས་ཟླ་བརྒྱད་པའི་ཚེས་གསུམ་ཉིན་ལེ་ཞི་ཡིས་ཙུང་ཐུང་གི་འགན་ཁུར་བར་ཆོག་མཆན་བཀོད།
དབྱེ་ཞིབ་མི་སྣས་བལྟས་ན། ལེ་ཞི་ཡིས་ཙུང་ཐུང་གི་འགན་ཁུར་རྗེས་དབྱི་ལིང་དཔལ་འབྱོར་བསྐྱར་གསོ་དང་པྲོག་གསར་རིམས་ནད་འགོག་སྲུང་བྱེད་པ། ཨ་མེ་རི་ཁའི་བཀག་སྡོམ་མེད་པར་གཏོང་བ་སོགས་འགྲན་རྩོད་མང་པོར་འཕྲད་ངེས་ཡིན་ཟེར།