ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཨོ་རྩལ་འགྲན་ཚོགས་སྐབས32པའི་ཀྲུང་གོའི་ལུས་རྩལ་འཐུས་ཚབ་ཚོགས་པར་སྤྲིངས་པའི་རྟེན་འབྲེལ་གློག་འཕྲིན།
ཀྲུང་གོའི་ལུས་རྩལ་འཐུས་ཚབ་ཚོགས་པ་ལ།
ཨོ་ལིམ་ཕེ་ཁི་ལུས་རྩལ་འགྲན་ཚོགས་སྐབས32པའི་ཐོག ཚོགས་པ་ཡོངས་ཀྱི་བློ་མཐུན་ཚོས་གསེར་གྱི་རྟགས་མ38དང་དངུལ་གྱི་རྟགས་མ32། ཟངས་ཀྱི་རྟགས་མ18བཅས་ཀྱི་གཡུར་ཟའི་རྒྱུགས་འབྲས་བླངས་ཏེ། ལུས་རྩལ་གྱི་གྲུབ་འབྲས་དང་བསམ་པའི་དཔལ་ཡོན་གཉིས་ཀར་གྲུབ་འབྲས་ཐོབ་ཅིང་མེས་རྒྱལ་དང་མི་དམངས་ཀྱི་ཆེད་དུ་གཟི་བརྗིད་བླངས། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཁྱེད་ཚོར་སྤྲོ་སེམས་འཁོལ་བའི་རྟེན་འབྲེལ་དང་བྱམས་བརྩེའི་འཚམས་འདྲི་ཞུས་པ་ཡིན།
ཁྱེད་ཚོས་པྲོག་གསར་གློ་ཚད་རིམས་ནད་ཀྱིས་འགྲན་ཞུགས་གྲ་སྒྲིག་ལ་སྤྲད་པའི་འགྲན་སློང་ཛ་དྲག་ཁྱད་དུ་བསད་དེ། དཀའ་ཚེགས་ལ་མི་འཛེམས་པར་ཚན་རིག་དང་མཐུན་པའི་སྦྱོང་བརྡར་བྱས་ཤིང་། སྔོན་ཐོན་བརྩོན་ལེན་དང་ཨང་དང་པོ་བརྩོན་ལེན་བྱེད་ཕོད་པའི་སྙིང་སྟོབས་ཀྱིས་འགྲན་ཞུགས་ལས་འགན་ཡོངས་སུ་གྲུབ་ཡོད། འདས་པའི་ཉིན16རིང་། མེས་རྒྱལ་དང་མི་དམངས་ཀྱིས་ཁྱེད་ཚོས་འགྲན་རའི་ཐོག་གི་སྣང་བརྙན་བཟང་པོར་དོ་ཁུར་ཆེན་པོ་གནང་ལ། རང་རྒྱལ་གྱི་ལུས་རྩལ་པར་ཐོབ་པའི་གྲུབ་འབྲས་རེ་རེས་དགའ་བ་བསླང་ཞིང་སྤོབས་པ་སྐྱེད་ཀྱིན་ཡོད། ཁྱེད་ཚོས་ཏང་དང་མི་དམངས་ཀྱི་མངགས་བཅོལ་བློ་ལ་བརྟན་པོར་བཟུང་ནས་འགྲན་སློང་ཕོད་པ་དང་རང་ལས་བརྒལ་བའི་ཀྲུང་གོའི་སྟོབས་ཤུགས་མཆེད་པར་བྱས་པ་དང་། ངར་ཤུགས་འཕེལ་བ་དང་སྤྱོད་ཚུལ་ལེགས་པ། རྩལ་ནུས་ལ་བྱང་པ་བཅས་ཀྱི་ཨོ་ལིམ་ཕེ་ཁིའི་སྙིང་སྟོབས་དང་ཀྲུང་ཧྭའི་ལུས་རྩལ་གྱི་སྙིང་སྟོབས་གསོན་ཉམས་དོད་པོས་མཚོན་པར་བྱས་ཏེ། “འགན་འཁྲི་ཁུར་ནས་འབད་འཐབ་བྱེད་པར་ང་རང་ཡོད”ཅེས་པའི་མི་ཚེའི་དམ་བཅའ་མངོན་འགྱུར་བྱས། ཁྱེད་ཚོས་འཛམ་གླིང་གི་རྒྱལ་ཁབ་སོ་སོ་དང་ས་ཁུལ་སོ་སོའི་ལུས་རྩལ་པ་དང་མཉམ་དུ་འགྲན་བསྡུར་དང་ཕན་ཚུན་ཞིབ་བསྡུར་བྱས་ནས་འབྲེལ་འདྲིས་ལ་སྐུལ་འདེད་དང་མཛའ་བརྩེ་ཇེ་ཟབ་ཏུ་བཏང་། ཁྱེད་ཚོའི་ཕུལ་དུ་བྱུང་བའི་སྣང་བརྙན་གྱིས་རྒྱལ་ཁབ་ཕྱི་ནང་གི་ཀྲུང་ཧྭའི་བུ་བུ་མོའི་རྒྱལ་གཅེས་སྤྲོ་སེམས་སྔར་བས་གོང་དུ་སྤེལ་བ་དང་། ཏང་ཡོངས་དང་རྒྱལ་ཡོངས་རིགས་སོ་སོའི་མི་དམངས་ཀྱིས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱེད་པའི་རྒྱང་སྐྱོད་ཀྱི་ལམ་བུ་གསར་པའི་ཐོག་མཐུན་སྒྲིལ་འབད་འཐབ་དང་སེམས་ཤུགས་གཅིག་སྒྲིལ་གྱི་བསམ་པའི་སྟོབས་ཤུགས་བསྣན།
མིག་སྔར། ཏང་ཡོངས་དང་རྒྱལ་ཡོངས་རིགས་སོ་སོའི་མི་དམངས་ཀྱིས་སྤོབས་པ་ཆེར་བསྐྱེད་ཀྱིས་ལོ་བརྒྱ་གཉིས་པའི་འབད་འཐབ་དམིགས་འབེན་གྱི་ཕྱོགས་སུ་སྐྱོད་བཞིན་ཡོད། ཁྱེད་ཚོས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ཁྲིད་སྟོན་དུ་བྱས་ཏེ། ཐོག་མའི་བསམ་འདུན་དང་འགན་འཁྲི་བློ་ལ་བརྟན་པོར་བཅངས་ནས་ཀྲུང་གོའི་ལུས་རྩལ་གྱི་གཟི་བརྗིད་སྲོལ་རྒྱུན་མུ་མཐུད་དར་སྤེལ་གཏོང་བ་དང་། ང་རྒྱལ་དང་བྲེལ་འཚུབ་སྤངས་ནས་ཡང་འབད་བསྐྱར་འབད་ཀྱིས་རང་རྒྱལ་གྱི་རྩལ་འགྲན་ལུས་རྩལ་གྱི་ཕྱོགས་བསྡུས་སྟོབས་ཤུགས་སྔར་བས་ཆེ་རུ་བཏང་སྟེ་རྒྱལ་ཁབ་ཀྱི་ཆེད་དུ་གཟི་བརྗིད་བརྩོན་ལེན་བྱེད་དགོས། རྒྱ་ཆེ་བའི་མི་དམངས་མང་ཚོགས་དང་ལྷག་པར་དུ་གཞོན་ནུ་ལོ་ཆུང་དག་གི་ལུས་རྩལ་གྱི་སྤྲོ་སེམས་འཕེལ་བར་བྱེད་པ་དང་། མང་ཚོགས་ཀྱི་ལུས་རྩལ་འཕེལ་རྒྱས་ལ་སྣེ་ཁྲིད་དེ་མི་དམངས་ཀྱི་གཟུགས་གཞི་སྟོབས་ཆེར་གཏོང་བ་དང་ལུས་རྩལ་སྟོབས་ལྡན་གྱི་རྒྱལ་ཁབ་འཛུགས་སྐྲུན་ལ་སྐུལ་འདེད་བཏང་སྟེ། ཀྲུང་ཧྭ་མི་རིགས་རླབས་ཆེའི་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱ་ཆེད་སྔར་ལས་ཆེ་བའི་སྟོབས་ཤུགས་འབུལ་དགོས།
མེས་རྒྱལ་དང་མི་དམངས་ཀྱིས་ཁྱེད་ཚོ་བདེ་འཇགས་ངང་ཕྱིར་ལོག་པར་རེ་སྒུག་བྱས་ཡོད། །