དགེ་རྒན་ཆེན་མོ་ཐུབ་བསྟན་ཕུན་ཚོགས་ཀྱིས་སྡེ་དགེ་ལ་ཡིག་ཚང་ཁང་བཙུགས་པའི་གན་རྒྱ་བཞག
སྤྱི་ཟླ་8པའི་ཚེས་11ཉིན། ལྷོ་ནུབ་མི་རིགས་སློབ་ཆེན་གྱི་དགེ་རྒན་ཆེན་མོ་ཐུབ་བསྟན་ཕུན་ཚོགས་ཀྱིས་སྡེ་དགེ་ལ་ཡིག་ཚང་ཁང་བཙུགས་པའི་གན་རྒྱ་བཞག སྡེ་དགེ་རྫོང་ཁམས་པའི་རིག་གནས་བཤམས་སྟོན་གླིང་དངོས་སུ་སྒོ་འབྱེད་མཛད་པའི་དུས་སྟོན་དང་བསྟུན་ནས། བོད་རིག་པའི་མཁས་དབང་། ལྷོ་ནུབ་མི་རིགས་སློབ་གྲྭ་ཆེན་མོའི་སློབ་དཔོན་ཆེན་མོ། འབུམ་རམས་པའི་མཛུབ་སྟོན་པ་ཐུབ་བསྟན་ཕུན་ཚོགས་ལགས་ཀྱིས་རང་ཉིད་ཀྱི་གསུང་རྩོམ་དང་། དེ་སྔོན་ཁོང་གིས་སློབ་གསོ་དང་ཞིབ་འཇུག་གི་ཁྲོད་དུ་བེད་སྤྱོད་དང་དཔྱད་གཞི། བསྡུ་རུབ། གཅེས་ཉར་སོགས་མཛད་པའི་དཔེ་དེབ་རྩ་ཆེན་ཆིག་སྟོང་བརྒྱད་བརྒྱ་ལྷག་ཕ་ཡུལ་ལ་ཕུལ་བ་དང་། འབྲེལ་ཡོད་སྡེ་ཁག་གིས་སྡེ་དགེ་རུ་ཐུབ་བསྟན་ཕུན་ཚོགས་ཡིག་ཚང་ཁང་ཞེས་པའི་སྒོ་བྱང་བཀལ་ཞིང་། ཆེད་དུ་འགྲེམ་སྟོན་དང་ལྟ་ཀློག་ཁང་བཙུགས།
དགེ་རྒན་ཆེན་མོ་ཐུབ་བསྟན་ཕུན་ཚོགས་ཀྱིས་གསུངས་པ་ལྟར་ན། ད་ཐེངས་ཁོང་གི་ཕྱག་ཏུ་ཡོད་པའི་རྒྱ་བོད་དབྱིན་གསུམ་གྱི་ཡིག་ཚང་ལས་བརྒྱ་ཆ་དགུ་བཅུ་ཕུལ་ཡོད་པ་དང་། ཕ་ཡུལ་ལ་ཡིག་ཚང་རྩ་ཆེན་དེ་དག་འབུལ་དགོས་པའི་རྒྱུ་མཚན་ནི། གཅིག་ན་ད་ལྟ་ཕ་ཡུལ་དུ་རིག་གནས་ཀྱི་རྨང་གཞིའི་ཐད་འཛུགས་སྐྲུན་རྒྱ་ཆེན་པོ་ཞིག་མཛད་པ་ལ། རང་ངོས་ནས་ལྷ་ཇོ་བོས་ཆོ་ལེ་མི་གསོལ་ཡང་། སྤྲང་རྒན་མོ་མ་བུའི་བསམ་པ་ཟེར་བ་ལྟར། མཛུ་རྩེའི་མཆོད་པ་ཙམ་ཡིན་པ་དང་། གཉིས་ནས་དཔེ་ཆ་ནི་མིའི་རིགས་བློ་སྒོ་འབྱེད་པའི་ལྡེ་མིག་ཡིན་པས། མི་འཇོན་པོ་དགོས་ན། དཔེ་ཆ་ལྟ་དགོས་ལ། དཔེ་ཆ་ལ་བལྟས་ན་ད་གཟོད་ལྟ་རྒྱ་མཐོང་རྒྱ་ཇེ་ཆེ་ཕྱིན་སྲིད་ཅེས་གསུངས། གཞན་ཡང་ཁོང་གིས་དཔེ་ཆ་འདི་ཕུལ་ནས་བཤམས་སྟོན་བྱེད་ཆེད་མིན། ཕ་ཡུལ་ཕྱོགས་ཀྱི་སློབ་མ་དང་དགེ་རྒན། ཞིབ་འཇུག་པ། གྲྭ་བཙུན་སོགས་རིག་གནས་པའི་སྡེས་རྒྱུན་དུ་བཀླག་རྒྱུའི་རེ་བ་ཆེ། ད་དུང་མ་འོངས་པར་ལག་སོན་བྱུང་བའི་དཔེ་ཆ་ཡོད་དོ་ཅོག་དེ་གར་འབུལ་རྒྱུ་ཡིན་ཞེས་གསུངས།
རྒྱུས་ལོན་བྱུང་བ་ལྟར་ན། མིག་སྔར་ཁོང་གིས་བསྡོམས་པས་དཔེ་དེབ་ཆིག་སྟོང་བརྒྱད་བརྒྱ་ལྷག་ཕུལ་ཡོད་པ་དང་། དེ་ལས་ཁག་དང་པོ་ནི་བོད་ཀྱི་དཔེ་རིང་པོ་ཏི་སུམ་བརྒྱ་བདུན་ཅུ་ཡོད་དེ། ཀརྨ་པ་སྐུ་ཕྲེང་རིན་བྱོན་གྱི་གསུང་འབུམ་དང་རྙིང་མའི་དཔེ་ཚོགས། མི་ཕམ་གྱི་གསུང་འབུམ། རྫོང་སར་འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་ཀྱི་གསུང་འབུམ་སོགས་ཆོས་ཚན་སྟོང་ཕྲག་དྲུག་ལ་ཉེ་བ་ཙམ་ཡོད། ཁག་གཉིས་པ་ནི་དེང་རབས་ཀྱི་པར་མ་ཡིན་ཏེ། བོ་དོང་པཎ་ཆེན་གྱི་གསུང་འབུམ། ཀོང་སྤྲུལ་ཡོན་ཏན་རྒྱ་མཚོའི་གསུང་འབུམ། ཇོ་ནང་ཏཱ་ར་ནཱ་ཐའི་གསུང་འབུམ། བོན་པོའི་འབྲེལ་ཡོད་གསུམ་འབུམ། ཁོང་རང་ཉིད་ཀྱི་གསུང་རྩོམ་སོགས་དང་། རྒྱ་ཡིག་དང་དབྱིན་ཡིག་སོགས་ནང་དོན་རྒྱ་ཆེ་ཞིང་ཆོས་ཚན་ཤིན་ཏུ་མང་། ཁག་གསུམ་པ་ནི་པར་རིས་ཡིན་ཏེ། སྡེ་དགེ་རྒྱལ་རབས་རིམ་བྱོན་གྱི་འདྲ་རིས་དང་ཚན་རིག་པ་གྲགས་ཅན་ཁག་ཅིག་གི་འདྲ་པར་སོགས་འདུས། མདོར་ན་ལོ་རྒྱུས་ཀྱི་དཔྱད་གཞི་ཡིག་ཆ་དང་པར་རིས། མི་ཚེ་གཅིག་ལ་ཚན་རིག་ཞིབ་འཇུག་གནང་བའི་སྤྱི་ཚོགས་ཚན་རིག་གི་བྱ་དགའ་སོགས་ཀྱི་འདྲ་པར་རྣམས་ཕུལ་ཡོད།