སའི་གོ་ལའི་དྲོད་ཚད་ལོ་ཁྲི་12.5རིང་ཆེས་མཐོ་བར་གྱུར།
རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 08-13
མཉམ་འབྲེལ་རྒྱལ་ཚོགས་སྲིད་གཞུང་བར་གྱི་གནམ་གཤིས་འགྱུར་ལྡོག་ཆེད་དོན་ཨུ་ལྷན(IPCC)གྱི་དཔྱད་དཔོག་སྙན་ཞུ་ཐེངས་དྲུག་པའི་ཁག་དང་པོ《2021ལོའི་གནམ་གཤིས་འགྱུར་ལྡོག་སྟེ་རང་བྱུང་ཚན་རིག་གི་རྨང་གཞི》དེ་ཟླ་8ཚེས་9ཉིན་ཁྱབ་བསྒྲགས་བྱས་པ་རེད།
སྙན་ཞུའི་ནང་། དེང་རབས་སྤྱི་ཚོགས་ཀྱིས་འགྱུར་རྡོའི་འབར་རྫས་ལ་རྒྱུན་ཆད་མེད་པར་བརྟེན་པ་ལས་དྲོད་ཁང་རླངས་གཟུགས་བྱུང་བ་དེ་འདས་ཟིན་པའི་ལོ་ངོ་2000རིང་ལ་བྱུང་མ་མྱོང་བའི་མྱུར་ཚད་ཐོག་ནས་གོ་ལ་ཧྲིལ་པོ་ཇེ་དྲོར་གཏོང་བཞིན་ཡོད་ཅིང་། ཤུགས་རྐྱེན་མངོན་གསལ་དོད་པོ་ཐེབས་ཡོད་པ་སྟེ། ཟིན་ཐོ་གསར་པ་བཏོད་པའི་ཐན་སྐྱོན་དང་། རི་མེ། ཆུ་ལོག་བཅས་ཀྱིས་འཛམ་གླིང་ས་གནས་ཁག་ལ་གཏོར་སྐྱོན་གཏོང་བཞིན་ཡོད། གལ་ཏེ་དྲོད་ཁང་གི་རླངས་གཟུགས་རྒྱུན་མཐུད་དུ་འབུད་གཏོང་བྱས་ན། གནས་ཚུལ་ཇེ་སྡུག་ཏུ་འགྲོ་སྲིད། སྙན་ཞུའི་ནང་སའི་གོ་ལའི་འབྱུང་འགྱུར་དེ་ཚད་ངེས་ཅན་ཞིག་གི་ཐོག་ནས་མིའི་རིགས་ཀྱིས་ད་ལྟའི་གདམ་ག་ལ་རག་ལས་ཡོད་ཅེས་ཁ་གསལ་བསྟན་ཡོད།
“གལ་ཏེ་ང་ཚོས་བྱ་སྤྱོད་མ་སྤེལ་ཚེ་གནས་ཚུལ་དེ་ཧ་ཅང་སྡུག་པོར་འགྱུར་རྒྱུ་རེད”ཅེས་སྙན་ཞུ་དེའི་མཉམ་ལས་པ་གཙོ་བོའི་གྲས་ཤིག་སྟེ། ཁ་ན་ཏའི་ཁོར་ཡུག་པུའི་གནམ་གཤིས་རིག་པའི་མཁས་པ་ཀྲང་ཞུའེ་པིན་གྱིས་དེ་ལྟར་བཤད།
2015ལོར་གྲོས་འཆམ་བྱུང་བའི《ཕ་རི་སིའི་གྲོས་ཆོད》གཞིར་བཟུང་། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་དུས་རབས་འདིའི་གོ་ལ་ཧྲིལ་པོའི་དྲོད་ཚད་ཀྱི་འཕར་ཚད་དེ་བཟོ་ལས་ཅན་དུ་མ་གྱུར་གོང་གི་ཆུ་ཚད་ལས་2.0℃ནང་ཚུན་དུ་ཚོད་འཛིན་བྱ་རྒྱུར་མོས་མཐུན་བྱས་པ་མ་ཟད། དྲོད་ཚད་1.5℃ནང་ཚུན་དུ་ཚོད་འཛིན་ཧུར་ཐག་བྱ་རྒྱུ་ཡིན་པ་རེད། གལ་ཏེ་འགྱུར་མཚམས་དེ་ལས་བརྒལ་ན། བྱང་སྣེའི་མཚོ་དར་མེད་པར་འགྱུར་བ་དང་། བྱུ་རུའི་བྲག་རྡོ་གཞི་ཁྱོན་ཆེན་པོས་རྩ་སྟོངས་སུ་འགྲོ་བ། དེ་བཞིན་ཝོན་ཀ་པ་འདུས་པའི་གཏན་གནས་འཁྱགས་རོམ་ཞུ་བ་སོགས་ཀྱི་སྣང་ཚུལ་སྔར་བས་མང་པོ་ཐོན་སྲིད་ལ། སའི་གོ་ལའི་སྣོད་བཅུད་མ་ལག་ལ་བརྟན་ཆགས་རང་བཞིན་གྱི་འགྱུར་ལྡོག་འབྱུང་རྒྱུ་རེད།
སྙན་ཞུ་འདིས་མ་འོངས་པའི་ལོ་བཅུ་ཕྲག་འགའི་ནང་། འཛམ་གླིང་ཇེ་དྲོར་འགྱུར་ཚད་ལ་ཚོད་དཔག་གསར་བ་བྱས་ཡོད། སྙན་ཞུའི་ནང་། 2011ལོ་ནས་2020ལོའི་བར་གྱི་ལོ་བཅུའི་ནང་གོ་ལ་ཧྲིལ་པོའི་ས་ངོས་ཀྱི་དྲོད་ཚད་ནི་1850ལོ་ནས་1900ལོའི་བར་ལས་དྲོད་ཚད་1.09℃མཐོ་ཞིང་། འདི་ནི་ལོ་ཁྲི་12.5གོང་གི་འཁྱགས་རོམ་དུས་རབས་ནས་བཟུང་མཐོང་མ་མྱོང་བའི་ཚད་ཞིག་ཡིན་པ་དང་། འདས་ཟིན་པའི་ལོ་5རིང་ལའང་1850ལོ་ནས་བཟུང་ཟིན་ཐོ་བཀོད་ཚུན་གྱི་ཚ་བ་ཆེ་ཤོས་ཀྱི་ལོ་ལྔ་ཡིན་ཞེས་བཀོད་འདུག