སེར་ཤུལ་རྫོང་གི་དབུལ་ཕོངས་ཡུལ་ཤོག་གྲོང་རྡལ་དུ་འགྱིག་སྣུམ་ལམ་བསྐྲུན་པའི་རྣམ་པ།
མཚོ་བོད་མཐོ་སྒང་གི་ཤར་ལྷོའི་མཚམས་ཀྱི་སི་ཁྲོན་དང་མཚོ་སྔོན། བོད་ལྗོངས་བཅས་ཟུང་དུ་སྦྲེལ་བའི་ཡུལ་གྲུར་ཆགས་པའི་སེར་ཤུལ་རྫོང་ནི་རང་རེའི་ཞིང་ཆེན་གྱི་མཚོ་འཕགས་ཆེས་མཐོ་ཞིང་། ས་ཁམས་ཆགས་ཡུལ་ཆེས་མཐའ་འཁོབ། འགྲིམ་འགྲུལ་ཆེས་སྟབས་མི་བདེ་བའི་རྫོང་ཞིག་ཡིན་པར་བརྟེན། འགྲིམ་འགྲུལ་ནི་ས་གནས་དེ་གའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་བཀག་འཛིན་ཐེབས་པའི་འགག་གནད་དུ་གྱུར་པ་རེད། ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་སྐབས་སུ་སེར་ཤུལ་རྫོང་གིས་དཔའ་ངར་ཆེ་སྐྱེད་ཀྱིས་མི་འདང་སར་གསབ་སྣོན་བྱས་ནས་ཡུལ་གྲོང་དབུལ་པོའི་འགྲིམ་འགྲུལ་ཆ་རྐྱེན་ལེགས་བཅོས་བྱ་རྒྱུ་གཙོ་གནད་དུ་བཟུང་སྟེ་ཞིང་སྡེའི་གཞུང་ལམ་བདེ་བགྲོད་བྱ་རྒྱུའི་ལས་གྲྭ་ལག་ལེན་བྱས་མཐར། ས་ཁུལ་དབུལ་པོ་དབུལ་ཐར་ཕྱུག་པོར་ཆགས་པར་བཀག་འཛིན་ཐེབས་པའི་འགག་གནད་འགྲིམ་འགྲུལ་གྱི་གནད་དོན་ཐག་གཅོད་བྱས་ཏེ་ཞིང་འབྲོག་མང་ཚོགས་ལ་ཡོང་འབབ་འཕར་ནས་ཕྱུག་པོར་ཆགས་པར་སྐུལ་སྤེལ་བཏང་བ་རེད།
སྤྱི་ཟླ8པའི་ཚེས6ཉིན།གསར་འགོད་པ་སེར་ཤུལ་རྫོང་གྲོང་ཁུལ་ནས་སྡེ་གཞུང་མ་ཡུལ་ཤོག་དང་བཙན་མདའ་ཡུལ་ཤོག་ཏུ་བསྲིངས་པའི་གཞུང་ལམ་བརྒྱུད་ནས་འགྲོ་དུས། གཞུང་ལམ་བརྒྱུད་ཡུལ་གྱི་འབྲོག་པ་ཚོས་ཕུབ་པའི་སྦྲ་གུར་གྱི་མཐའ་སྐོར་དུ་ལ་ལས་ཕྱུགས་རྫི་བྱེད་བཞིན་མཆིས། ལ་ལས་འཚོ་བའི་མཁོ་ཆས་ཡར་ཁུར་མར་ཁུར་བྱེད་བཞིན་པའི་རྣམ་པ་མིག་ལམ་དུ་མཐོང་བ་ཡིན། འབྲོག་པའི་ཕོ་གསར་བློ་བཟང་དཔལ་ལྡན་གྱིས་སྔོན་ཆད་རི་མགོར་དབྱར་རྩྭ་དགུན་འབུ་རྐོ་སར་འགྲོ་དུས་རུ་སྤོས་དགོས་པས་ཧ་ཅང་སྟབས་མི་བདེ་བར་མ་ཟད། རུ་ཐེངས་གཅིག་སྤོ་དུས་ཉིན་མ་ཁ་ཤས་འགོར་བས་དཀའ་ཚེགས་ཧ་ཅང་ཆེན་པོ་ཡིན་ལེ་རེད། དེང་སང་གཞུང་ལམ་ཡག་པོ་བསྐྲུན་ཡོད་པས་ག་ན་འགྲོ་ནའང་ཧ་ཅང་སྟབས་བདེ་བ་འདི་ནི་ཏང་དང་སྲིད་གཞུང་གི་བཀའ་དྲིན་རེད་ཅེས་གསར་འགོད་པར་དེ་ལྟར་བཤད་པ་རེད།
ཉེ་བའི་ལོ་ཤས་རིང་། སེར་ཤུལ་རྫོང་གིས་འགྲིམ་འགྲུལ་འཕེལ་རྒྱས་རྗེས་ལུས་ཚབས་ཆེན་ཡིན་པའི་བཀག་འཛིན་ཐེབས་པའི་འགག་གནད་བསལ་ནས་སེར་ཤུལ་རྫོང་གི་དབུལ་པོ་དང་རྗེས་ལུས་ཀྱི་རྣམ་པ་རྦད་དེ་ལེགས་སྒྱུར་བྱ་ཆེད། རིམ་རྩིས་བྱས་ན་སྒོར་དུང་ཕྱུར25ལས་བརྒལ་བའི་མ་དངུལ་གཏོང་འཇོག་བྱས་ཏེ་ཡུལ་ཤོག་ལ་ཤར་གཏོང་ཐུབ་པའི་འགྱིག་སྣུམ་གཞུང་ལམ10བསྐྲུན་པའི་རིང་ཚད་བསྡོམས་འབོར་སྤྱི་ལེ272.62ལྷག་ཡོད་པ་དང་། སྲིད་འཛིན་གྲོང་སྡེ165ལ་བསྐྲུན་པའི་ཨར་འདམ་གཞུང་ལམ477བསྐྲུན་པའི་རིང་ཚད་བསྡོམས་འབོར་སྤྱི་ལེ3287ལྷག་ལ་ཟིན་པ་རེད།ཞིང་སྡེའི་འགྲུལ་སྐྱེལ་ས་ཚུགས5དང་གྲོང་སྡེ་རིམ་པའི་འགྲུལ་སྐྱེལ་རླངས་འཁོར་སྒུག་ས166བསྐྲུན་པ་དང་ཆབས་ཅིག རྫོང་ཐོག་ནས་དབུས་རྒྱུད་སྡེ་ཁུལ་དང་རྫོང་ཐོག་ནས་ནུབ་རྒྱུད་སྡེ་ཁུལ། རྫོང་ཐོག་ནས་ཤར་རྒྱུད་སྡེ་ཁུལ་དུ་ཞིང་སྡེའི་འགྲུལ་སྐྱེལ་རླངས་འཁོར་ཤར་གཏོང་བྱས་ཡོད་པ་རེད།
བཙན་མདའ་ཡུལ་ཤོག་གི་ཏང་ཨུའི་ཧྲུའུ་ཅི་གཞོན་པ།ཡུལ་དཔོན་ཉི་མ་ཆོས་འཕེལ་གྱིས་བཙན་མདའ་ཡུལ་ཤོག་གི་འགྱིག་སྣུམ་གཞུང་ལམ་དང་དུད་ཚང་དུ་བསྲིངས་པའི་ཨར་འདམ་གཞུང་ལམ་གྱིས་ཁྱབ་ཚད་བརྒྱ་ཆ100ལ་ཟིན་པར་བརྟེན། ཉེ་བའི་ལོ་ཤས་རིང་གཞུང་ལམ་བསྐྲུན་ནས་སྦྲེལ་མཐུད་དུ་བཀོལ་སྤྱོད་བཏང་བ་དང་ཆབས་ཅིག མི་སེར་ཚོ་འགྲོ་འོང་བྱེད་ས་སྟབས་བདེ་བས་མ་ཚད། ས་གནས་དེ་གའི་ཡུལ་སྐོར་ཐོན་ཁུངས་དང་དེ་མིན་གྱི་ཐོན་ལས་འཕེལ་རྒྱས་གཏོང་བར་སྟབས་བདེ་མོ་ཡོད་པས་མི་སེར་ཚོའི་སྟབས་བདེའི་ལམ་དང་དབུལ་ཐར་ལམ། ཕྱུག་པོར་ཆགས་པའི་ལམ་དུ་དངོས་གནས་གྱུར་དང་འགྱུར་བཞིན་ཡོད་པ་རེད་ཅེས་གསར་འགོད་པར་དེ་ལྟར་བཤད་པ་རེད།
2018ལོའི་ལོ་མཇུག་ལ། སེར་ཤུལ་རྫོང་གིས་ཡུལ་ཤོག་ཚང་མར་འགྱིག་སྣུམ་ལམ་ཡོད་པ་དང་གྲོང་སྡེ་ཚང་མར་ཨར་འདམ་ལམ་ཡོད་པའི“བརྒྱ་ཆ་བརྒྱ་གཉིས”ཀྱི་དམིགས་ཡུལ་ལས་འགན་མངོན་འགྱུར་བྱས་མཐར། ལོ་གཅིག་སྔ་སྣུར་ལ་འགྲིམ་འགྲུལ་དབུལ་སྐྱོར་གྱི་འཛུགས་སྐྲུན་ལས་འགན་གྲུབ་ནས་ཞིང་སྡེའི་གཞུང་ལམ་འཛུགས་སྐྲུན་ཐད་ལོ་རྒྱུས་རང་བཞིན་གྱི་མཆོངས་བརྒལ་བྱུང་བ་རེད།།