ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ8པའི་ཚེས16ཉིན་པར་སྐྲུན་བྱེད་པའི་སྐབས་བཅུ་དྲུག་པའི་བདེན་འཚོལ་དུས་དེབ་ཀྱིས་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཅིན་ཕིང་གི་རྩོམ་ཡིག་གལ་ཆེན་ཏེ《ཏང་གི་ལོ་རྒྱུས་ཉམས་མྱོང་སྤྱི་བསྡོམས་བྱས་ཏེ་ཏང་གི་ཆབ་སྲིད་འཛུགས་སྐྲུན་ལ་ཤུགས་སྣོན་དགོས》ཞེས་པ་སྤེལ།
རྩོམ་ཡིག་ལས་ནན་གྱིས་བསྟན་དོན། ཏང་གི་ཆབ་སྲིད་འཛུགས་སྐྲུན་ནི་རྟག་བརྟན་གྱི་གླེང་གཞི་ཞིག་ཡིན། ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་བས་དར་ཆ་མངོན་པར་གསལ་བའི་སྒོ་ནས་ཆབ་སྲིད་འཛུགས་སྐྲུན་གོ་གནས་གཙོ་བོར་བཞག་པ་དང་། ཏང་གི་ཆབ་སྲིད་འཛུགས་སྐྲུན་དེ་གཙོར་འཛིན་དགོས་པ་ནན་གྱིས་བསྟན། ཆབ་སྲིད་ཐད་ནས་ཏང་འཛུགས་སྐྲུན་བྱེད་པ་ནི་ང་ཚོའི་ཏང་འཕེལ་རྒྱས་སྟོབས་ལྡན་དུ་འགྱུར་བ་དང་། རྒྱལ་ཁ་ནས་རྒྱལ་ཁའི་ཕྱོགས་སུ་བགྲོད་པའི་ཁག་ཐེག་གལ་ཆེན་ཡིན། ལོ་རྒྱུས་ཉམས་མྱོང་ལས་བདེན་དཔང་བྱུང་བ་ལྟར་ན། ང་ཚོའི་ཏང་ནི་མར་ཁི་སི་རིང་ལུགས་ཀྱི་སྲིད་ཏང་ཡིན་པའི་ཆ་ནས། ངེས་པར་དུ་དར་ཆ་གསལ་བའི་སྒོ་ནས་ཆབ་སྲིད་གླེང་བ་དང་། ནན་ཏན་གྱིས་ཏང་ནང་གི་ཆབ་སྲིད་འཚོ་བ་སྤེལ་དགོས། ཆབ་སྲིད་གླེང་བ་ནི་ང་ཚོའི་ཏང་གིས་རང་ལུས་སྟོབས་ལྡན་དུ་གཏོང་བའི་གཞི་རྩའི་འགན་སྲུང་ཡིན་ལ། ང་ཚོའི་ཏང་གིས་རང་གི་གསར་བརྗེའི་བློ་སྤོབས་གསོ་སྤེལ་དང་རང་ཉིད་དག་འབུད་ནུས་པ་ཇེ་དྲག་ཏུ་གཏོང་བ། དུག་སེལ་སྲིན་འཇོམས་ཀྱི་ཆབ་སྲིད་རིམས་འགོག་ནུས་པ་ཇེ་མཐོར་གཏོང་བའི་གཞི་རྩའི་ཐབས་ལམ་ཡིན།
རྩོམ་ཡིག་ལས་བསྟན་དོན། ཏང་གི་ཆབ་སྲིད་འཛུགས་སྐྲུན་གྱི་ལས་འགན་གཙོ་བོ་ནི་ཏང་ཡོངས་ཀྱིས་ཀྲུང་དབྱང་གི་ངག་ལ་ཉན་པར་ཁག་ཐེག་དང་། ཏང་ཀྲུང་དབྱང་གི་དབང་གྲགས་དང་གཅིག་བསྡུས་གཅིག་གྱུར་མགོ་ཁྲིད་རྒྱུན་འཁྱོངས་བྱེད་དགོས་ལ། གཡོ་འགུལ་དང་སྣང་མེད་སྤུ་ཙམ་ཡང་མི་བྱེད་པར་ངེས་པར་དུ་འབད་བརྩོན་ལྷོད་མེད་བྱེད་དགོས། ཏང་ཡོངས་ཀྱིས་ཏང་གི་ལོ་རྒྱུས་ཁྲོད་ནས་དྲང་ལྡོག་གཉིས་ཀྱི་ལོ་རྒྱུས་ཉམས་མྱོང་བསྡུ་ལེན་བྱེད་པར་སློབ་གསོ་དང་ཁྲིད་སྟོན་བྱེད་པ་དང་། བློ་བརྟན་འགྱུར་མེད་ཀྱིས་ཏང་ཀྲུང་དབྱང་ལ་བལྟ་བ། ཟོལ་མེད་ཀྱིས་འདུ་ཤེས་བཞི་ཇེ་དྲག་ཏུ་གཏོང་བ་དང་ཡིད་ཆེས་བཞི་ཇེ་བརྟན་དུ་གཏོང་བ། སྲུང་སྐྱོབ་གཉིས་ཀྱི་བྱ་བ་བཟང་བོར་བསྒྲུབས་ཏེ། རང་འགུལ་སྒོས་བསམ་བློ་དང་ཆབ་སྲིད། བྱ་སྤྱོད་བཅས་ཀྱི་སྟེང་ནས་ཏང་ཀྲུང་དབྱང་བར་ཚད་མཐོན་པོས་གཅིག་གྱུར་བྱེད་དགོས་ལ། ཏང་ཡོངས་ཀྱི་གོང་འོག་ཚང་མས་ཟུང་འབྲེལ་དམ་པོ་བྱས་ནས་སེམས་ཤུགས་གཅིག་ཏུ་འདོན་དགོས།
རྩོམ་ཡིག་ལས་བསྟན་དོན། ཆབ་སྲིད་ནུས་པ་ཇེ་མཐོར་གཏོང་བར་མཐོང་ཆེན་དང་། ཆབ་སྲིད་ཕུགས་འདུན་སྲ་བརྟན་དུ་ཆགས་པར་བྱེད་པ། ཆབ་སྲིད་ཁ་ཕྱོགས་ཡང་དག་པར་ཁོང་དུ་ཆུད་པར་བྱེད་པ། ཆབ་སྲིད་ལངས་ཕྱོགས་བརྟན་པོ་འཛིན་པ། ཆབ་སྲིད་སྒྲིག་ལམ་བརྩི་སྲུང་ནན་མོ་བྱེད་པ། ཆབ་སྲིད་སྦྱོང་བརྡར་ལ་ཤུགས་སྣོན་པ། ཆབ་སྲིད་ཉམས་མྱོང་རིམ་བསགས་བྱས་ནས། རང་འགུལ་གྱིས་ཆབ་སྲིད་དེ་ཏང་གཤིས་སྦྱོང་བརྡར་གྱི་བརྒྱུད་རིམ་ཧྲིལ་བོར་བརྒྱུས་དགོས། ཆབ་སྲིད་ནུས་པ་མཐོར་འདེགས་བྱེད་ན་ཐོག་མར་ཆབ་སྲིད་ཁ་ཕྱོགས་ཡང་དག་པར་ཁོང་དུ་ཆུད་པར་བྱེད་པ་དང་། ཀྲུང་གོའི་གུང་ཁྲན་ཏང་གི་མགོ་ཁྲིད་དང་རང་རྒྱལ་གྱི་སྤྱི་ཚོགས་རིང་ལུགས་ལམ་ལུགས་རྒྱུན་འཁྱོངས་བྱེད་དགོས། གནད་དོན་དེའི་ཐད་ནས་སྣང་མེད་དང་གཡོ་འགུལ་སྤུ་ཙམ་ཡང་བྱེད་མི་རུང་། ཐེངས་འདིའི་པྲོག་གསར་གློ་ཚད་རིམས་ནད་འགོག་རྒོལ་བྱེད་པའི་འཐབ་རྩོད་ཀྱི་ལག་ལེན་ལས་ཡང་བསྐྱར་བདེན་དཔང་བྱས་དོན། ཀྲུང་གོའི་གུང་ཁྲན་ཏང་ནི་ཆགས་འཇིག་བྱུང་བའི་སྐབས་སུ་ཀྲུང་གོའི་མི་དམངས་ཀྱི་ཆེས་བློ་གཏོད་རུང་བའི་སེམས་ཀྱི་གཏད་སོ་ཡིན་པ་དང་། རང་རྒྱལ་གྱི་སྤྱི་ཚོགས་རིང་ལུགས་ལམ་ལུགས་ནི་ཉེན་ཁ་དང་འགྲན་རྩོད་སྔོན་འགོག་བྱེད་པའི་སྟོབས་དང་ལྡན་པའི་ལམ་ལུགས་ཁག་ཐེག་ཡིན། ཆབ་སྲིད་ཐད་ཀྱི་རང་འགུལ་ནི་ཆེས་ནུས་ལྡན་གྱི་རང་འགུལ་ཡིན་ལ། ཆབ་སྲིད་ཐད་ཀྱི་གཞན་འགུལ་ནི་ཆེས་ཉེན་ཁ་ཆེ་བའི་གཞན་འགུལ་ཡིན། ངེས་པར་དུ་ཆབ་སྲིད་འདུ་ཤེས་དྲག་པོས་ཆབ་སྲིད་ཐད་ནས་གནད་དོན་ལ་བལྟ་བར་མཁས་པ་དང་། ཆབ་སྲིད་ཆེ་ཕྱོགས་དམ་འཛིན་བྱེད་པར་མཁས་པར་བྱས་ཏེ། ཆབ་སྲིད་གླེང་བའི་རེ་བ་དེ་ཕྱི་ཕྱོགས་རེ་བ་ནས་ནང་གི་རང་འགུལ་དུ་བསྒྱུར་དགོས་ལ། ཆབ་སྲིད་བརྡར་གཅོད་ནུས་པ་དང་ཆབ་སྲིད་གོ་སྐོན་ནུས་པ། ཆབ་སྲིད་ལག་བསྟར་ནུས་པ་བཅས་རྒྱུན་ཆད་མེད་པར་ཇེ་མཐོར་གཏོང་དགོས།
རྩོམ་ཡིག་ལས་བསྟན་དོན། ཆབ་སྲིད་གླེང་བ་ནི་བྱེ་བྲག་ཅིག་ཡིན། སྲུང་སྐྱོབ་གཉིས་དེ་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་ནན་མོ་བྱེད་པའི་འགུལ་སྐྱོད་ལས་མངོན་དགོས་པ་དང་། འགན་འཁྲི་ལག་བསྟར་ནན་མོ་དང་རང་གི་ལས་འགན་བྱ་བ་བཟང་བོར་བསྒྲུབས་པའི་ཕན་ནུས་ལས་མངོན་དགོས་ལ། ཏང་ཡོན་དང་ལས་བྱེད་པའི་ཉིན་རྒྱུན་གྱི་གཏམ་སྤྱོད་ལས་མངོན་དགོས། དམར་པོའི་རྒྱུད་རྒྱུའི་ཁྲོད་ནས་དད་མོས་སྟོབས་ཤུགས་ཆེན་པོ་བསྡུ་ལེན་བྱས་ཏེ། རང་འགུལ་སྒོས་གུང་ཁྲན་རིང་ལུགས་ཀྱི་རླབས་ཆེན་ཕུགས་འདུན་དང་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ཐུན་མོང་ཕུགས་འདུན་གྱི་བློ་བརྟན་དད་མོས་མཁན་དང་བློ་དཀར་ལག་ལེན་མཁན་ཞིག་བྱས་ནས། ངེས་པ་དོན་གྱིས་དཔའ་ངར་ཞུམ་མེད་དང་ཚེ་གང་བོར་བློ་འགྱོད་མེད་པའི་མར་ཁི་སི་རིང་ལུགས་ཀྱི་འཐབ་མོ་བ་ཞིག་བྱེད་དགོས།