ཞི་ཅིན་ཕིང་གིས་འགོ་འཛིན་མཛད་དེ་ཀྲུང་དབྱང་ནོར་སྲིད་དཔལ་འབྱོར་བྱ་བའི་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཅུ་པ་བསྡུས།
རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མཚོ་སྔོན་བོད་སྐད་རླུང་འཕྲིན། སྤེལ་དུས། 08-18
ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི། ཀྲུང་དབྱང་ནོར་སྲིད་དཔལ་འབྱོར་བྱ་བའི་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཞི་ཅིན་ཕིང་གིས་ཟླ་བརྒྱད་པའི་ཚེས་བཅུ་བདུན་ཉིན་འགོ་འཛིན་མཛད་དེ་ཀྲུང་དབྱང་ནོར་སྲིད་དཔལ་འབྱོར་བྱ་བའི་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཅུ་པ་བསྡུས་ཏེ། ཐུན་མོང་འབྱོར་ཕྱུག་ཡོང་བར་སྐུལ་འདེད་ནན་མོ་གཏོང་བའི་གནད་དོན་དང་། དངུལ་རྩའི་ཉེན་ཁ་ཆེ་གྲས་སེལ་བ་དང་དངུལ་རྩ་བརྟན་འཇགས་འཕེལ་རྒྱས་ཡོང་བར་བྱེད་པའི་གནད་དོན་བཅས་ལ་ཞིབ་འཇུག་བྱས། ཞི་ཅིན་ཕིང་གིས་ཚོགས་ཐོག་ནས་གསུང་བཤད་གལ་ཆེན་གནང་ནས་ནན་གྱིས་བསྟན་དོན། ཐུན་མོང་འབྱོར་ཕྱུག་ཡོང་བར་བྱེད་རྒྱུ་ནི་སྤྱི་ཚོགས་རིང་ལུགས་ཀྱི་གཞི་རྩའི་བླང་བྱ་ཡིན་པ་དང་ཀྲུང་གོའི་རྣམ་པ་ཡི་དེང་རབས་ཅན་གྱི་ཁྱད་ཆོས་གལ་ཆེན་ཡིན་པས། མི་དམངས་ལྟེ་བ་ཡིན་པའི་འཕེལ་རྒྱས་བསམ་ཕྱོགས་རྒྱུན་འཁྱོངས་བྱེད་རྒྱུ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ཁྲོད་ནས་ཐུན་མོང་འབྱོར་ཕྱུག་ཡོང་བར་སྐུལ་འདེད་གཏོང་དགོས། དངུལ་རྩ་ནི་དེང་རབས་དཔལ་འབྱོར་གྱི་སྲོག་ཤིང་ཡིན་ལ། འཕེལ་རྒྱས་དང་བདེ་འཇགས་ལ་ཐད་ཀར་འབྲེལ་ཡོད་པས། ཁྲོམ་ར་ཅན་དང་ཁྲིམས་སྐྱོང་ཅན་གྱི་ཆོས་ཉིད་བརྩི་སྲུང་བྱས་ཏེ། དངུལ་རྩའི་ཉེན་ཁ་ཆེ་གྲས་སེལ་བར་གཅིག་གྱུར་འཆར་འགོད་གང་ལེགས་འཐེན་དགོས།
ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི། ཀྲུང་དབྱང་ནོར་སྲིད་དཔལ་འབྱོར་བྱ་བའི་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་ལིས་ཁི་ཆང་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་དབྱང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི། ཀྲུང་དབྱང་ནོར་སྲིད་དཔལ་འབྱོར་བྱ་བའི་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཝང་ཧུའུ་ཉིང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ། ཀྲུང་དབྱང་ནོར་སྲིད་དཔལ་འབྱོར་བྱ་བའི་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཧན་ཀྲིན་བཅས་ཚོགས་འདུར་ཞུགས།
གྲོས་ཚོགས་ལས་རིམ་པ་བཞིན་རྒྱལ་ཁབ་འཕེལ་རྒྱས་དང་བཅོས་སྒྱུར་བྱ་བའི་ཨུ་ཡོན་ལྷན་ཁང་དང་ནོར་སྲིད་པུའུ། མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུའུ། ཀྲུང་དབྱང་ཞིང་ལས་གཞུང་སྒྲུབ་ཁང་བཅས་ཀྱི་ཐུན་མོང་འབྱོར་ཕྱུག་ཡོང་བར་སྐུལ་འདེད་ནན་མོ་གཏོང་བའི་གནད་དོན་སྐོར་གྱི་སྙན་ཞུར་ཉན་པར་མ་ཟད། ད་དུང་ཀྲུང་གོ་མི་དམངས་དངུལ་ཁང་དང་ཀྲུང་གོ་དངུལ་ཁང་གི་འགན་བཅོལ་ལྟ་སྐུལ་དོ་དམ་བྱ་བའི་ཨུ་ཡོན་ལྷན་ཁང་། ཀྲུང་གོ་ཆབ་སྲིད་ལྟ་སྐུལ་ཨུ་ཡོན་ལྷན་ཁང་། རྒྱལ་ཁབ་འཕེལ་རྒྱས་དང་བཅོས་སྒྱུར་བྱ་བའི་ཨུ་ཡོན་ལྷན་ཁང་། ནོར་སྲིད་པུའུ་བཅས་ཀྱི་དངུལ་རྩའི་ཉེན་ཁ་ཆེ་གྲས་སེལ་ཐབས་དང་དངུལ་རྩ་བརྟན་འཇགས་ངང་འཕེལ་རྒྱས་གང་ལེགས་གཏོང་བའི་གནད་དོན་སྐོར་གྱི་སྙན་ཞུར་ཉན།