༄༅།། བོད་ཀྱི་རྩོམ་རིག་ལས་དཔེ་ཆོས་ཀྱི་དར་རྒུད་འཕེལ་གསུམ་སྐོར་གྱི་དཔྱད་གླེང་།

བསྟན་འཛིན་དོན་གྲུབ། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།བོད་ལྗོངས་ཞིབ་འཇུག སྤེལ་དུས། 08-27



བསྟན་འཛིན་དོན་གྲུབ།
[ནང་དོན་གནད་བསྡུས།] དཔྱད་རྩོམ་འདིར་བོད་ཀྱི་དཔེ་ཆོས་མཚན་ཉིད་པའམ་རང་ས་རང་མལ་ནས་བྱུང་བ་དག་གི་དར་རྒུད་འཕེལ་གསུམ་དང་། ལྷག་པར་རྒུད་པའི་རྒྱུ་རྐྱེན་བཙལ་འཚོལ་བྱས་ཏེ་དེ་འདྲའི་རྒུད་པ་སླར་མི་འོང་ཕྱིར་ཐབས་གང་དག་ལག་ལེན་དུ་བསྟར་དགོས་པའི་སྐོར་རང་གི་ལྟ་ཚུལ་རྒྱུ་མཚན་དང་། ཁྱད་པར་བོད་ཀྱི་དཔེ་ཆོས་དག་གི་ཐུན་མིན་ཁྱད་ནུས་དང་། རྣམ་པའི་རབ་དབྱེ། ཚུལ་ཇི་ལྟ་བུས་རྒྱུན་འཛིན་དང་འཕེལ་རྒྱས་གཏོང་དགོས་པའི་སྐོར་སོགས་ལ་གོ་བྱེད་ཀྱི་དཔེ་དང་། ཤེས་བྱེད་ཀྱི་ལོ་རྒྱུས། རང་གི་རིགས་པས་དཔྱད་གླེང་རགས་ཙམ་བྱས་ཡོད།
[བརྡ་ཆད་གཙོ་བོ།] དཔེ་ཆོས། དཔེ་མིང་། རྒྱབ་ཆོས། རྒྱུན་འཛིན། འཕེལ་རྒྱས།
[ཀྲུང་གོའི་དཔེ་དེབ་དབྱེ་རྟགས།]I29[ཡིག་ཚང་མཚོན་བྱང་།]A[རྩོམ་གྱི་གོ་རིམ་ཨང་སྒྲིག]1002-946X(2014)02-022-15
            བདེན་པའི་ཆོད་སྡོམ་ནི་ཕྱི་ནང་གི་དངོས་པོའི་གནས་སྟངས་དང་མཐུན་པ་ལས་བྱུང་ཞིང་། དེ་ལྟར་འབྱུང་བ་ལའང་། དངོས་པོའི་སྣང་ཚུལ་ལ་བརྟེན་ནས་ངོ་བོ་རྟོགས་པར་བྱ་བའི་རིགས་པ་འདི་ནི་ཆོས་དང་ཚན་རིག་གང་གི་ལུགས་ལའང་གལ་ཆེ་བར་འཛིན་ཞིང་། བདེན་ཁ་སྟེར་བས་ན་རིགས་པའི་རྣམ་གྲངས་མཐའ་ཡས་པ་མཆིས་ཀྱང་རིགས་པ་འདི་ཉིད་གཞན་ཅི་བས་ཀྱང་འགངས་ཆེ་བ་མངོན་སུམ་དུ་གྲུབ་པ་ལགས་སོ། དེ་ལྟར་ཡིན་མོད། ཆོད་སྡོམ་ཇི་སྙེད་པ་དག་ལེགས་པར་དངོས་པོའི་གནས་སྟངས་དང་མཐུན་པར་བྱ་བ་ལ། ཆོད་སྡོམ་འཇོག་པ་པོ་རང་ཉིད་དངོས་པོའི་སྣང་ཚུལ་དང་ངོ་བོ་ཉིད་དཔྱོད་པ་ལ་མཐའ་གཉིས་སུ་མ་ལྷུང་བའི་དཔྱོད་ཐབས་དང་། ཡང་སྒོས་ཕྱིའི་སྣང་ཚུལ་ཁོ་ནའི་རྗེས་སུ་འབྲངས་ནས་ནང་གི་གནས་ལུགས་ཀྱི་ཚུལ་ལ་རྨོངས་པའི་བརྟུལ་བཞུགས་འཛིན་པ་སྤོང་དགོས་པ་གལ་ཆེ་ཞིང་། དེ་ལས་ལྡོག་ན་ར་རྗེས་བསྙེགས་ནས་ལུག་ཁྱུ་འཚོལ་བའི་རྣམ་ཐར་ལྷུར་བླངས་པ་ཁོ་ན་ལགས་སོ། འདིར་སྐབས་སུ་བབ་པ་བོད་ཀྱི་དཔེ་ཆོས་ཀྱི་སྐོར་ལས་ཅུང་ཟད་ཅིག་བརྗོད་པར་འདོད་པ་ལའང་། སྐད་བརྡ་དང་ལོ་རྒྱུལ། འདུ་ཤེས་དང་གོམས་དབང་། སྤྱི་ཚོགས་དང་དུས་འགྱུར་སོགས་ཡུལ་དུས་གནས་སྐབས་སྣ་ཚོགས་པ་སོགས་བོད་མིའི་རིག་གནས་འཕེལ་རིམ་དང་། འཕེལ་རིམ་སོ་སོའི་ཁྱད་པར། ཕྱི་དང་ནང་གི་རྒྱུ་རྐྱེན་ཕྲ་རགས་སྣ་ཚོགས་པ་དག་ལ་ཕྱོགས་ཡོངས་ནས་ལེགས་པར་དཔྱད་དགོས་པར་སྣང་མོད། འོན་ཏེ། དོན་ལྡན་ཚིག་ནི་གཅིག་གིས་ཀྱང་། ། ཤེས་རབ་ཅན་ལ་དོན་ཀུན་བྱེད། ། བུདྷ་ཀུན་གྱི་གསུང་གིས་ཀྱང་། ། རྨོངས་ལ་ཕན་པ་བསྒྲུབ་པ་དཀའ། །ཞེས་པའི་ལུགས་དམ་པའི་རྗེས་སུ་འབྲངས་ཏེ། རང་ནས་དཔྱད་ཞིབ་བྱས་པ་དང་གཞན་གྱིས་དཔྱད་ཟིན་པ་དང་དཔྱད་ནས་བཞག་པའི་སྡོམ་ཚིག་དག་ལའང་སོ་སོར་རྟོགས་པའི་ཤེས་རབ་ཀྱིས་ཡང་ཡང་དཔྱད་དེ། བོད་ཀྱི་དཔེ་ཆོས་ཀྱི་བྱུང་རིམ་དང་དེའི་མ་འོངས་སོགས་ཀྱི་སྐོར་ཅུང་ཟད་བརྗོད་པར་བྱའོ།   
            དང་པོ། བོད་ཀྱི་དཔེ་ཆོས་ཀྱི་བྱུང་འཕེལ།  
            གཅིག བོད་ཀྱི་དཔེ་ཆོས་ཀྱི་བྱུང་དུས།
            བོད་མིའི་ལོ་རྒྱུས་ནི་ཡུལ་དོད། ས་བྱུང་། དེ་ན་འཚོ་བའི་བོད་མིའི་མེས་པོ་དག་བྱུང་བ་ནས་མགོ་བརྩམས་པ་བསྙོན་དུ་མེད་པས། དེ་ལྟར་ན་བོད་ཀྱི་དཔེ་ཆོས་ཀྱི་ས་བོན་ཡང་བོད་མིའི་རྟོགས་པ་དང། དེ་ཉིད་ངག་གི་སྦྱོར་བར་སྤེལ་བ་ལས་བྱུང་བ་ཞེ་ཅིག་ཡིན་པས། བོད་མིའི་ལོ་རྒྱུས་དང་བོད་མིའི་དཔེ་ཆོས་ཟུང་གི་ལོ་རྒྱུས་ལ་སྔ་ཕྱིའི་དབྱེ་བ་འབྱེད་པ་ནི་བེའུ་སྔོན་སྐྱེས་དང་རྭ་ཅོ་རྗེས་སུ་སྐྱེས་སོ་ཞེས་སྣང་ཚུལ་ཙམ་ལ་བརྟེན་ནས་གནས་ཚུལ་བག་ལ་འདོར་བའི་བླུན་པོའི་ལུགས་ཡིན་ནོ།  དེས་ན་རྒྱུ་རྐྱེན་ཕྲ་རགས་སྣ་ཚོགས་པའི་དབང་གིས་འབྲས་བུ་སྐྱེ་བ་ལ་མྱུར་དལ་དང་། ཆེ་ཆུང་། མང་ཉུང་སོགས་ཀྱི་ཁྱད་པར་འབྱུང་གི་སྐྱེ་འཇིགས་ལ་སྔ་ཕྱི་ཡོད་པར་ལྟ་བ་དང་། གཅིག་ཡོད་ན་ཅིག་ཤོས་མེད་པར་ལྟ་བ་སོགས་ནི་གཞུང་ལུགས་གསར་རྙིང་གང་གི་ཕྱོགས་ལའང་མ་སྦྱང་མ་གོམས་པའི་རང་མཚང་སྟོན་པ་ཡིན། དེས་ན་དཔེ་ཆོས་ཞེས་པའི་དོན་གྱི་གོ་བ་ལེན་ཚུལ་ལ་སྔ་དེང་གི་ཁྱད་པར་ཆེན་པོ་ཡོད་པ་མངོན་སུམ་མྱོང་བས་གྲུབ་པ་ཡིན་ཏེ། སྔར་གྱི་བཙན་པོའི་དུས་ཀྱི་ཡིག་ཆ་དག་ལས་དཔེ་ཆོས་ཞེས་པའི་ཐ་སྙད་འདི་མ་མཐོང་ཞིང་། དུས་རབས་བཅུ་པའི་ཡས་མས་ནས་བཀའ་གདམས་པའི་སྐྱེས་བུ་གཙོ་བོར་གྱུར་བའི་མཁས་པ་དག་གི་བརྩམས་ཆོས་ལས་ཐ་སྙད་འདི་ཤིན་ཏུ་འབོར་ཆེན་བྱུང་། དེ་ལྟར་ཡིན་མོད། རིགས་ཚན་གྱི་གྲུབ་ཆ་དང་དབྱེ་མཚམས་ཇེ་ཞིབ་ཇེ་ཕྲར་འགྱུར་བཞིན་པའི་དེང་གི་གནས་སྐབས་སུ་ནི། དཔེ་ཆོས་ཞེས་པའི་མཚན་ཉིད་འཇོག་ལུགས་དང་། ཁྱབ་ཆེ་ཁྱད་གཟུགས་ཅན་གྱི་སྒྱུ་རྩལ། རྣམ་གྲངས་རབ་དབྱེ་སོགས་ཀྱི་སྐོར་ལ་སྔོན་གྱི་མཁས་པའི་གོ་བ་འཇོག་ལུགས་ལས་ཕུན་སུམ་ཇེ་ཚོགས་དང་གཏིང་ཇེ་ཟབ་ཏུ་གྱུར་ནས་ཡོད་པས་ཡིན། འོ་ན་དཔེ་ཆོས་ཞེས་པའི་ཐ་སྙད་འདིའི་མིང་གི་བྱུང་བ་ཇི་ལྟར་ཡིན་སྙམ་ན། དེ་ནི་བོད་གདོད་མའི་ངག་ན་མཆིས་པའི་དཔེ་ཞེས་པ་དང་ཆོས་ཞེས་པ་ཟུང་གཅིག་ཏུ་ཟླ་བསྒྲིལ་བ་ལས་བྱུང་ཞིང་། དེ་དང་དེའི་གོ་དོན་ལ་བོད་མིའི་ཤེས་རིག་འཕེལ་རིམ་མི་འདྲ་བའི་ཁྲོད་དུ་ཁྱབ་ཆེ་ཆུང་སོགས་ཀྱི་ཁྱད་པར་བྱུང་བ་ཡིན་ལ། དེ་འདྲ་བ་ནི་མིའི་རིགས་ཀྱི་རིགས་གནས་ཇི་ཡོད་ལ་མཆིས་པའི་ཁྱད་ཆོས་ཀྱང་ཡིན། དེས་ན་བོད་ཀྱི་དཔེ་ཆོས་ཀྱི་བྱུང་བ་ནི་བོད་མིའི་བྱུང་བ་དང་དུས་མཉམ་པར་བཤད་ན་དེ་ལ་ལུང་རིགས་ཀྱི་གནོད་པ་མེད་ཅིང་། རང་གཞན་ཀུན་གྱི་སྣང་ངོར་ཡང་མཛེས་པ་ཡིན། འོན་ཏེ་བོད་མིའི་ལོ་རྒྱུས་ཀྱང་མི་རིགས་གཞན་དང་འདྲ་བར་དབུ་ཚུགས་ཀྱི་དུས་ཚོད་མར་ལ་གྲི་བཏབ་པ་ལྟ་བུ་ཞིག་སུས་ཀྱང་བརྗོད་དུ་མེད་པས། དེའི་དཔེ་ཆོས་ཀྱི་ལོ་རྒྱུས་ཀྱང་དེ་དང་ཀུན་ནས་མཚུངས་པ་ཡིན། དཔེ་ཆོས་ཀྱི་ས་བོན་ནི་དཔེ་ཡིན་ཞིང། དཔེ་དེ་དག་ཀྱང་ཇི་ལྟར་དཔེ་རུ་བཀོལ་ཚུལ་གྱི་ཐབས་ནི་སྟབས་བདེ་ནས་ཕུན་ཚོགས། ཉུང་ཉུང་ནས་སྣ་མང་། རགས་པ་ནས་ཇེ་ཕྲར་སོང་བ་ཡིན་ཏེ། དེའི་རྒྱུ་རྐྱེན་ཡང་མིའི་རིགས་ཀྱི་རྣམ་པར་དཔྱོད་པའི་རིགས་པ་གོང་ནས་གོང་དུ་འཕེལ་བ་དང་། བརྡ་སྤྲོད་སོགས་ཀྱི་ཉེར་མཁོ་ཡང་ཇེ་མང་དུ་སོང་བ་སོགས་ཀྱི་དགོས་པ་དུ་མ་ལ་བརྟེན་ནས་བྱུང་བ་ཡིན་གྱི་རྒྱུ་མེད་རྐྱེན་མེད་དུ་བྱུང་བ་ཞིག་མིན་པ་ནི་ཀུན་གྱིས་བློ་ན་ངེས་ནས་ཡོད་པ་བཞིན་ནོ།
            གཉིས། བོད་ཀྱི་དཔེ་ཆོས་ཀྱི་ཤེད་ཤུགས་རྒྱས་དུས།
            གོང་དུ་སྨོས་པ་བཞིན་བོད་ཀྱི་དཔེ་ཆོས་ཀྱི་ས་བོན་ཏེ་དཔེ་ཙམ་པོ་བ་ནི་གནའ་དུས་ནས་བོད་མིའི་ལོ་རྒྱུས་དང་མཉམ་པར་མཆིས་མོད། ད་ལྟ་མཇལ་དུ་ཡོད་པའི་བོད་བཙན་པོའི་དུས་རབས་མཇུག་མ་སྒྲིལ་བའི་གོང་གི་ཡིག་ཚང་དང་ཆོས་འབྱུང་། མགུར་གླུ་དང་མོ་ཡིག་སོགས་བརྩམས་ཆོས་སྣ་ཚོགས་པ་དག་ལ་བལྟས་ན། དཔེ་བཀོལ་གྲངས་མང་ཞིང་། བཀོལ་ཚུལ་གྱི་སྒྱུ་རྩལ་ཡང་ངོ་མཚར་ཆེ་བ་ཞིག་ཏུ་ཡོད་པ་མངོན་སུམ་ཡིན་མོད། སྐབས་དེ་དག་ཏུ་དཔེ་དང་ཆོས་ཞེས་པའི་ཐ་སྙད་འདི་གཉིས་ཟླ་གཅིག་ཏུ་བསྒྲིལ་ཏེ་དཔེ་ཆོས་ཞེས་པའི་མིང་གསར་པ་ཞིག་ད་དུང་ཐོན་མེད་སྙམ། དེས་ན་བོད་ཀྱི་བཙན་པོའི་དུས་སྐབས་སུའམ་ཡང་ན་དེའི་ཡར་སྔོན་གྱི་དུས་ཚོད་ནི་བོད་ཀྱི་དཔེ་ཆོས་མཚན་ཉིད་འབྱུང་བའི་རྒྱུ་རྐྱེན་ཕུན་སུམ་ཇེ་ཚོགས་ཀྱི་དུས་ཡིན་པ་ལས། བོད་ཀྱི་དཔེ་ཆོས་ཀྱི་གསོན་ཤུགས་ཤིན་ཏུ་རྒྱས་པའི་སྐབས་ཡིན་པར་ངོས་འཛིན་ཐབས་གཏན་ནས་མེད། འོ་ན་གང་གི་དུས་སུ་འཇོག་འོས་སམ་སྙམ་ན། འཇོག་དུས་རྒྱུ་མཚན་དང་བཅས་པ་བརྗོད་པར་བྱ་བ་འདི་ལྟ་སྟེ། སྔོན་གྱི་མཁས་པ་དག་གིས་བྱས་པའི་བརྩམས་ཆོས་དག་ལས་དཔེ་ཆོས་ཞེས་པའི་མིང་འདི་བསྟན་པ་ཕྱི་དར་གྱི་སྐབས་སུ་དབུ་རུ་བྱང་གི་ཕྱོགས་སུ་སངས་རྒྱས་ཀྱི་བསྟན་པ་སྤེལ་བ་ལ་ཕྱག་རྗེས་དང་གདལ་ཀ་ཆེ་བའི་བཀའ་གདམས་པའི་གླེགས་བམ་ཕྱོགས་གཅིག་ཏུ་སྒྲིག་པ་པོ་དགེ་བཤེས་བྲག་དཀར་བ་སོགས་ཀྱི་《དཔེ་ཆོས་རིན་ཆེན་སྤུངས་པ་》རྒྱས་འབྲིང་བསྡུས་གསུམ་དག་ལས་བྱུང་ཞིང་། དེ་ཡང་ལྕེ་སྒོམ་རྫོང་པ་ཤེས་རབ་རྡོ་རྗེས་བསྒྲིགས་པའི་དཔེ་ཆོས་འབྲིང་པོ་ལས། “དཀའ་བའི་གནད་ཀྱི་འཇལ་ལོན་ཕྱིར་དཔེ་ཆོས་དྲུག་བརྒྱ་ལྷག་བྱུང་ཞིང་། དེ་དག་ལས་ཕལ་ཆེར་ཞིག་ནི་དཔེ་ཙམ་པོ་བ་ལ་དཔེ་ཆོས་ཀྱི་མིང་དུ་བྱས་པ་ཡིན་གྱི།  དཔེ་ཆོས་མཚན་ཉིད་པ་ནི་རྣམ་གྲངས་བརྒྱ་ལ་ཉེ་བ་ཙམ་ལས་མ་བྱུང་ངོ་”ཞེས་བྱུང་བ་ལྟར་ཡིན། དེ་ལྟ་ན་ཅིའི་ཕྱིར་དེ་དག་ལ་དཔེ་ཆོས་ཞེས་སྤྱི་སྤམ་གྱི་ཚུལ་དུ་བྱས་པ་ཡིན་ནམ་སྙམ་ན། སྐབས་དེ་ཤེད་ན་དེང་ལྟ་བུའི་ཤེས་བྱའི་རིགས་དབྱེ་ཞིབ་མོར་བྱེད་པའི་སྲོལ་མ་བྱུང་ཞིང་། དཔེ་དང་དཔེ་ཆོས་དང་། ཁ་དཔེ། ཁ་དངགས། གཏམ་དཔེ་སོགས་དོན་གཅིག་མིང་གི་རྣམ་གྲངས་སུ་གོ་བཞིན་ཡོད་པས་སོ། དགེ་བཤེས་པོ་ཏོ་བས་ཆོས་བཤད་དང་། བགྲོ་གླེང་སོགས་གང་གི་གནས་སྐབས་སུའང་དཔེ་ཆོས་ཀྱི་སྒྱུ་རྩལ་ལ་བརྟེན་ནས་གཞན་ལ་གོ་བ་སྟེར་བ་འགངས་ཆེར་འཛིན་ཚུལ་སྔོན་གྱི་བཀའ་གདམས་གོང་མ་རྣམས་ཀྱི་གསུང་ལས་མཐོང་ཐུབ་པ་ཡིན་ཞིང་། དཔེ་ཆོས་ཀྱི་སྒྱུ་རྩལ་གྱི་ཁྱད་ཆོས་བླ་ན་མཐོ་བའང་དོན་གྱི་གནད་འགག་གི་མདུད་མདོ་འགྲོལ་བ་ཉིད་ཡིན་ཏེ། དེ་ཡང་《དཔེ་ཆོས་རིན་ཆེན་སྤུངས་པ་》ལས། “དེས་ན་ཁོང་གཞན་གྱིས་མ་གོ་ཡིས་དོགས་ནས། ཆོས་ཐམས་ཅད་དཔེ་སྣ་ཚོགས་ཀྱི་སྒོ་ནས་དོན་གཏན་ལ་ཕབ་ཅིང་སྟོན་པ་ཡིན་ཏེ། དེ་ཡང་དགེ་བའི་བཤེས་གཉེན་པོ་ཏོ་བ་དེས། དཔེ་དུ་མའི་སྒོ་ནས་མཚོན་ཏེ་གསུངས་པའི་དགོས་པ་ནི། དཔེའི་སྒོ་ནས་དོན་མྱུར་དུ་རྟོགས་པར་འགྱུར་ཏེ། རྟོགས་པ་བརྗོད་པའི་སྡེ་བྱ་བ་ཡང་དཔེའི་སྒོ་ནས་བསྟན་པ་གསུངས་པ་ཡིན། མདོ་སྡེ་པད་མ་དཀར་པོ་དང། དཀོན་མཆོག་ཏ་ལ་ནས་ཀྱང་དཔེས་བསྟན་ན་རྟོགས་སླ་བར་གསུངས་”①ཞེས་དང་། ཡང་སངས་རྒྱས་ཀྱིས་གསུངས་པའི་མདོ་ཐམས་ཅད་ནས་ཀྱང་དཔེ་ཁོ་ན་སྦྱར་ཅིང་གསུངས། བསྟན་བཅོས་ཐམས་ཅད་ནས་ཀྱང་དཔེ་ཁོ་ནས་གསུངས། དེ་དང་འདྲ་བར་དགེ་བའི་བཤེས་གཉེན་པོ་ཏོ་བ་ཉིད་ཀྱིས་ཀྱང་ཆོས་ཐམས་ཅད་དཔེ་སྣ་ཚོགས་དང་སྦྱར་ཅིང་གསུངས་པ་སོགས་ལས་ཀྱང་དཔེ་ཆོས་ཀྱི་སྒྱུ་རྩལ་ཁྱབ་ཆེ་ཁྱད་གཟུགས་ཅན་པོ་ནི་བརྗོད་དོན་ལ་གོ་བ་ལོན་ཆེད་དང་། ངེས་པ་སྐྱེད་ཕྱིར་ཡིན་པ་ཤིན་ཏུ་གསལ་ལོ། ད་ལྟ་ངེད་ཅག་གིས་མཇལ་དུ་མཆིས་པའི་ཆོས་འབྱུང་དང་ལོ་རྒྱུས། ནང་ཆོས་དང་དམངས་སྒྲུང་སོགས་རྩོམ་རིག་གི་བརྩམས་ཆོས་གང་འདྲ་ཞིག་ལ་བལྟས་ཀྱང་། བསྟན་པ་ཕྱི་དར་གྱི་དུས་ཏེ། ཇོ་བོ་རྗེ་ཨ་ཏི་ཤས་(1040ལོར་བོད་དུ་བྱོན་)བོད་དུ་བྱོན་ཞིང་སློབ་མ་མང་དུ་བསྐྱངས་པ་དང་། ལྷག་པར་དུ་འབྲོམ་རིན་པོ་ཆེ་(1004-1064)དང་དེའི་དངོས་སློབ་སྐུ་མཆེད་གསུམ་དུ་གྲགས་པའི་ཡ་གྱལ། ཆོས་འཆད་པ་ལ་མཁས་ཤིང་བསྟན་པ་ལ་གདལ་ཀ་ཆེ་བ་པོ་ཏོ་བ་རིན་གསལ་(1027-?)སོགས་ཀྱིས་སློབ་མ་བརྒྱ་སྟོང་ཕྲག་མང་པོ་བསྐྱངས་ཤིང་བསྟན་པ་རིན་པོ་ཆེ་དབུ་རུ་བྱང་གི་ཕྱོགས་ནས་ཕྱོགས་ཀུན་ཏུ་སྤེལ་བའི་ཐུགས་སྐྱེད་དང་མཛད་པ་ཆེ་བ་དང། ལམ་རིམ་དང་བསྟན་རིམ། བློ་སྦྱོང་སོགས་གཞུང་མང་དུ་བརྩམས་པ་དག་ལས་བརྗོད་བའི་དོན་ཟབ་ཅིང་བརླིང་བ་དག་སྐྱེ་བོ་བློ་རབ་འབྲིང་ཐ་གསུམ་གྱིས་ཁྱད་མེད་དུ་གོ་བའི་ཆེད་དུ་བོད་པའི་དཔེ་ཆོས་མང་པོ་ཞིག་བསྟན་ནས་ཡོད་ཅིང་། ཕྱིས་ཀྱི་རྗེ་ཙོང་ཁ་པ་སོགས་མཁས་པ་དུ་མས་ཀྱང་དེ་དག་གི་རྗེས་སུ་ཞུགས་ནས་ལམ་གྱི་རིམ་པའི་བརྩམས་ཆོས་དག་ལས་དཔེ་ཆོས་དེ་དག་ལེགས་པར་བཀོལ་མོད། འཇམ་མགོན་ས་པཎ་གྱིས་《ལེགས་པར་བཤད་པ་རིན་པོ་ཆེའི་གཏེར་》སོགས་གཏེར་གསུམ་གྱིས་གཙོས་པའི་ཆོས་དང་འཇིག་རྟེན་གྱི་རིག་གནས་མང་དུ་བརྩམས་ཤིང་། ལྷག་པར་དུ་གནའ་བོའི་རྒྱ་གར་བའི་ཐ་སྙད་རིག་གནས་ཀྱི་སྐོར་མང་དག་བོད་ཀྱི་སྐད་དུ་བསྒྱུར་བ་དང་། དོན་གྱི་གོ་བ་ལ་ཕན་པའི་དཔེ་ཆོས་ཀྱང་ཕལ་ཆེར་གནའ་བོའི་རྒྱ་གར་བ་དག་གི་གཏམ་རྒྱུད་ངག་རྒྱུན་དང། སྟོན་པའི་མཛད་པ། རིགས་བྱེད་པའི་རྟོགས་པ་འཆར་ཡན་གྱི་གཏམ་རྒྱུད་སོགས་སྤྱད་པས།  ཕྱིས་ས་དགེ་བཀའ་རྙིང་སོགས་ཀྱི་མཁས་པ་མང་དག་གིས་ཀྱང་དེའི་རྗེས་སུ་འབྲངས་བས། དེས་སྤྱིར་ན་གཞན་གྱི་རིག་གནས་ནང་འདྲེན་བྱས་པས་རང་གི་རིག་གནས་ཕུན་སུམ་ཚོགས་སུ་ཕྱིན་མོད། འོན་ཏེ་བོད་ཀྱི་དཔེ་ཆོས་ཀྱི་མེ་ཏོག་མགོ་འབུད་མ་ཐག་པ་དག་ལ་ནི་སད་སེར་ཐོ་བས་བཅོམ་པ་བཞིན་དུ་སྣང་བས། དེས་ན་བོད་ཀྱི་དཔེ་ཆོས་ཀྱི་གསོན་ཤུགས་རྒྱས་སྒང་གི་དུས་ནི་བསྟན་པ་ཕྱི་དར་གྱི་དབུ་ཚུགས་པ་ནས་རྗེ་ས་པཎ་འཁྲུངས་པ་དང་། འཁྲུངས་ནས་ཀྱང་ནར་སོན་ཤིང་ཐུན་མོང་དང་ཐུན་མིན་རིག་གནས་ཀྱི་བསྟན་བཅོས་རིམ་པར་མཛད་པ་དང་། ཕྱིས་ཀྱི་གྲུབ་མཐའ་རིས་མེད་ཀྱི་མཁས་པ་མང་དག་གིས་དེ་འདྲའི་རྩོམ་སྲོལ་གྱི་རྗེས་སུ་ཞུགས་ནས་དཔེ་ཆོས་ཕལ་ཆེར་གནའ་བོའི་རྒྱ་གར་བའི་ལུགས་སུ་བྱས་པའི་བར་དུ་འཇོག་འོས་པར་སེམས།  
            གསུམ། ད་ལྟའི་གནས་བབས། 
            བོད་ཀྱི་དཔེ་ཆོས་རྩམ་དྲི་དང་འོ་དྲི་འཐུལ་བ་དག་ལས་ཕལ་ཆེར་ཞིག་ནི་སྔོན་གྱི་བཀའ་གདམས་པའི་མཁས་པ་དག་གིས་བྱས་པའི་ལམ་རིམ་དང་བློ་སྦྱོང་སོགས་ཀྱི་དཔེ་ཆ་དག་ཏུ་མཇལ་དུ་མཆིས་ཤིང་། མཇལ་དུ་མཆིས་པ་དེ་དག་ཀྱང་ད་ལྟའི་རིགས་ཚན་གྱི་རྣམ་དབྱེ་དང་། སྒྱུ་རྩལ་གྱི་ཁྱད་པར་སོགས་དང་བསྟུན་ན་ཤིན་ཏུ་རགས་པ་ཙམ་སྟེ། དཔེ་ཆོས་ཀྱི་མཚན་ཉིད་དང་ངོ་བོ། སྒྲ་བཤད་འདྲེན་ཚུལ། སྒྱུ་རྩལ་གྱི་ཁྱད་ཆོས་དང་བྱེད་ནུས་སོགས་ལ་ཞིབ་ཆ་དེ་ཙམ་མེད་པས་ཡིན། དེ་ཡང་དཔེ་ཆོས་ཞེས་པ་སྐྱེས་བུ་གསུམ་གྱི་ལམ་གྱི་རིམ་པའི་ཆོས་རྣམས་དཔེའི་སྒོ་ནས་སྟོན་པས་དཔེ་ཆོས་ཞེས་བྱའོ་ཞེས་ཨཱ་ཀྱ་ཡོངས་འཛིན་སོགས་ཀྱིས་གསུངས་པ་ལྟར། དཔེ་ཆོས་ཀྱི་སྒྲ་བཤད་ཙམ་ཡང་དེང་གི་རིག་ཚན་ཞིབ་འཇུག་གི་རེ་བ་དང་བསྟུན་ན། ཤིན་ཏུ་རགས་པའམ་ཡང་ན་དཔེ་ཆོས་རྩོམ་རིག་གི་རྣམ་དབྱེ་འབྱེད་བྱེད་དུ་མི་འགྱུར་བའི་སྐྱོན་དུ་མའང་མཆིས། འོན་ཏེ་དེ་ཙམ་གྱིས་སྐབས་དེ་ཤེད་ཀྱི་དཔེ་ཆོས་དག་ནི་དཔེ་ཆོས་མཚན་ཉིད་པ་མ་ཡིན་པའི་རྣམ་རྟོག་འཛིན་མི་རུང་སྟེ། དེ་དག་ལ་དཔེ་མིང་ཟུར་དུ་དབྱུང་ཚུལ་དང་། རྒྱབ་ཆོས། རྒྱས་བསྡུས་གང་རུང་དུ་བཅོས་པ་སོགས་ཀྱི་ཞུན་བརྡར་བྱས་ན་བོད་པའི་དཔེ་ཆོས་རང་མཚན་པར་འགྱུར་ཆོག་ཆོག་ཡིན་པའི་ཕྱིར། དེའི་ཕྱིར་ད་ལྟའི་གནས་སྐབས་སུ་བོད་ཀྱི་དཔེ་ཆོས་ཀྱི་གྲངས་འབོར་ཉུང་ཞིང་། ཅུང་ཟད་མཆིས་པ་དག་ཀྱང་དེ་དག་གི་རྒྱབ་ཆོས་སྣོན་འཕྲི་དང་། རྒྱབ་ཆོས་ལས་དཔེ་མིང་ཟུར་དུ་བཀོལ་ཚུལ་སོགས་ལ་ལག་ལེན་གྱི་ངལ་བ་མེད་པར་ལུས་པ་ནི་རང་ཅག་ཕྱི་རབས་པ་དག་གི་སྐྱོན་ཁོ་ན་ཡིན་ཏེ། བྱ་མཆད་ཀ་བའི་བློ་སྦྱོང་དོན་བདུན་མ་ལས། “ལེ་ལན་ཐམས་ཅད་གཅིག་ལ་གདའ། ཀུན་ལ་བཀའ་དྲིན་ཆེ་བར་སྒོམས་”②ཞེས་གསུངས་པ་བཞིན། ལེ་ལན་རང་ལ་ཐུག་པ་མ་ཤེས་པར་གྱོད་གཞན་ལ་བརྡལ་བའི་ལོག་རྟོག་འདི་ནི་ཉེས་པ་ཀུན་གྱི་རྩ་བ་ཡིན་པ་ཤེས་པར་བྱའོ། མིག་སྔར་བོད་ཀྱི་དཔེ་ཆོས་ཀྱི་སྐོར་ལ་ཞིབ་འཇུག་བྱས་པའི་བརྩམས་ཆོས་མི་ཉུང་བ་ཞིག་མཐོང་རྒྱུ་ཡོད་མོད། དེ་དག་ལས་མི་ཉུང་བ་ཞིག་གིས་ནི་དཔེ་ཆོས་དང་དཔེ་ཙམ་པོ་བ་ཟུང་གཅིག་ཏུ་ངོས་འཛིན་པར་སྣང་བས་དཔེ་ཆོས་ཀྱི་སྒྱུ་རྩལ་དེ་དཔེ་ཙམ་པོ་བ་ལས་ལྷག་པའི་ཁྱད་པར་འདོན་མ་ཐུབ་པར་ལུས་པ་དང་། འགའ་ཞིག་ལ་ནི་སྔོན་གྱི་དཔེ་རྙིང་དག་ལ་བལྟ་ཀློག་མ་བྱས་པ་དང་ཅུང་ཟད་བྱས་པར་མངོན་ཡང་དེ་ཙམ་གྱི་ཞིབ་ཕྲ་དང་རྒྱ་མི་ཆེ་བའི་སྐྱོན་ཡང་མང་དག་མངོན་ནས་འདུག་པས། བོད་པའི་དཔེ་ཆོས་ཀྱི་ཞིབ་འཇུག་དེ་ད་དུང་ལམ་ཐག་རིང་པོ་ཞིག་བགྲོད་རྒྱུར་ལུས་ནས་ཡོད། དེ་སྔོན་དགེ་རྒན་དཔའ་རིས་སངས་རྒྱས་ཀྱིས་《བོད་ཀྱི་དཔེ་ཆོས་ཚིག་མཛོད་》ཅེས་པའི་གླེགས་བམ་ཅུང་མཐུག་པ་ཞིག་བརྩམས་གནང་འདུག་པ་དེ་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་ནས་དཔར་དུ་བཏབ་འདུག་མོད། ཞིབ་པར་མཇལ་ན་ཕྱོགས་གཅིག་ཏུ་བསྒྲིགས་པ་ཀུན་ཁ་དཔེའམ་གཏམ་དཔེ་ཙམ་ལས་གཞན་དཔེ་ཆོས་མཚན་ཉིད་པ་ནི་རེ་ཟུང་ཙམ་ལས་མི་སྣང་བས། དཔེ་ཆོས་དང་དཔེ་ཙམ་པོ་བ་གཉིས་ཀྱི་རྣམ་དབྱེ་མི་འབྱེད་པ་འདི་དེ་གཉིས་ཀྱི་དུས་ཀྱི་སྔ་ཕྱིའི་ཁྱད་པར་དང་། རྒྱུ་འབྲས་ཀྱི་ཁྱད་པར། སྤྱོད་སྒོ་ཆེ་ཆུང་། སྒྱུ་རྩལ་གྱི་ཟབ་ཁྱད་སོགས་སྒོ་དུ་མ་ནས་མཉམ་འཇོག་མ་གནང་བའི་སྐྱོན་ཡིན་པར་སྣང་ངོ་། དེ་ལྟར་སྔོན་གྱི་བོད་པའི་དཔེ་ཆོས་མི་ཉུང་བ་ཞིག་དཔེ་རྙིང་དག་གི་ཁྲོད་དུ་ལུས་པ་དང་། མི་རིགས་གཞན་གྱི་དཔེ་ཆོས་མང་པོ་ཞིག་དགོས་པའི་དབང་གིས་བསྒྱུར་ལེན་བྱས་པ། དཔེ་ཆོས་ཀྱི་འབྱུང་ཁུངས་ཏེ་མིའི་སྤྱི་ཚོགས་ཀྱི་འཚོ་བ་དངོས་ལས་བྱུང་དང་འབྱུང་བར་འགྱུར་བའི་དོན་ངོ་མཚར་ཅན་རྣམས་ལ་བློས་བསླངས་དང་སྒྱུ་རྩལ་གྱི་ཞུན་བརྡར་མ་བྱས་པའམ་བྱས་ཉུང་དྲགས་པ། དཔེ་ཆོས་ཀྱི་ལོ་རྒྱུས་རིན་ཐང་དང་སློབ་གསོའི་རིན་ཐང་སོགས་རྩོམ་གྱི་རིག་སྒོ་གཞན་གྱིས་དོད་བྱེད་མི་ཐུབ་པའམ་བྱེད་དཀའ་བ་སོགས་ཀྱི་གནད་དོན་མང་དག་ཞིག་ལ་གཏིང་ཚུགས་པའི་བསམ་གཞིག་མ་ཐུབ་པས། ད་གཟོད་བོད་ཀྱི་དཔེ་ཆོས་ཀྱི་གྲངས་དང། སྤྱོད་ཚད། ཞིབ་འཇུག་གི་འབྲས་བུ་སོགས་ཕྱོགས་གང་ཐད་ནས་ཀྱང་མི་རིགས་གཞན་མང་པོ་ཞིག་དང། ལྷག་པར་དུ་ནང་སའི་དཔེ་ཆོས་དང་བསྡུར་ན་གནམ་སའི་ཁྱད་པར་ཤོར་ནས་ཡོད་པ་ནི་མངོན་སུམ་ཡིན་ནོ།
            གཉིས་པ། བོད་པའི་དཔེ་ཆོས་ཀྱི་རིན་ཐང་།
            ཕྱི་ནང་གི་དངོས་པོ་གང་ལའང་ཇི་སྲིད་དེ་དག་གི་རིན་ཐང་ངོ་མ་འཕྲོད་པ་དེ་སྲིད་དུ་མཉམ་འཇོག་དང་མཐོང་ཆེན་མི་བྱེད་པ་ནི་མིའི་རིགས་སྤྱིའི་ཁྱད་ཆོས་སུ་སྣང་བ་བཞིན། བོད་ཀྱི་ས་སྐྱེས་རྡོ་སྐྱེས་ཀྱི་དཔེ་ཆོས་ཀྱང་བོད་མི་རྣམས་ལ་དོན་གྱི་གོ་བརྡ་སྤྲོད་པ་དང། ངོ་མཚར་གྱི་གླེང་སློང་བ། དུབ་པའི་ཁམས་སངས་བ། འདས་དོན་གྱི་ཁ་ངོ་གསལ་བ་སོགས་ཀྱི་ཐད་མི་རིགས་གཞན་གང་གི་དཔེ་ཆོས་ཀྱིས་ཚབ་བྱེད་མི་ནུས་པའི་གསང་གནད་འདི་མ་རྟོགས་བར་དུ་འདིའི་ཕྱོགས་ལ་ཞིབ་འཇུག་དང།  བཙལ་འཚོལ།  སྔོག་འདོན།  གླེགས་བམ་ཕྱོགས་གཅིག་ཏུ་བསྡེབས་པ་སོགས་ཀྱི་ངལ་བ་དང་དུ་ལེན་མཁན་དཀོན་པ་ཡིན་པས། འདིར་ཡང་དེ་འདྲའི་དགོས་པ་མང་དག་གཉེར་ཕྱིར་བོད་ཀྱི་དཔེ་ཆོས་ཀྱི་རིན་ཐང་སྐོར་བརྗོད་པར་འདོད་དོ།   
            གཅིག ལོ་རྒྱུས་ཀྱི་རིན་ཐང་སྐོར།
            དེ་ཡང་དཔེ་ཆོས་ཀྱི་འབྱུང་ཁུངས་ནི་མིའི་སྤྱི་ཚོགས་ཀྱི་འཚོ་བ་དང་རྣམ་དཔྱོད་ཅན་གྱི་བློ་ཡི་བཀོད་པ་ཟུང་ལས་བྱུང་བ་ཡིན་པས། བོད་ཀྱི་ལོ་རྒྱུས་ཀྱི་དུས་རིམ་མི་འདྲ་བའི་ཁྲོད་དུ་བྱུང་བའི་དཔེ་ཆོས་དག་གིས་དུས་སྐབས་སོ་སོའི་མིའི་བསམ་སྤྱོད་དང་། དགེ་སྡིག་གི་ངོས་འཛིན། འཚོ་བའི་གནས་སྟངས། རྒྱན་གོས་ཆས་ལུགས། མ་འོངས་པའི་རེ་འདུན། དགའ་སྡུག་ཆགས་ཞེན། ཆབ་སྲིད་ཀྱི་འགྱུར་བ། མི་རིགས་གཞན་དང་འབྲེལ་འདྲིས་ཀྱི་ལམ་ལུགས། ཤེས་པ་ཡུལ་ཅན་གྱིས་ཤེས་བྱའི་ཡུལ་འཇལ་ལུགས་སོགས་མདོར་ན་ཡུལ་དུས་གནས་སྐབས་མི་འདྲ་བ་དག་གི་སྣང་ཚུལ་མང་དག་ཅིག་དངོས་ཤུགས་བརྒྱུད་གསུམ་ནས་རྟོགས་ཐུབ་པ་ཡིན་པས། བོད་ཀྱི་དཔེ་ཆོས་ནི་བོད་ཀྱི་ལོ་རྒྱུས་ཀྱི་སྣང་ཚུལ་བག་ལ་གཞའ་བ་མང་དག་རྟོགས་པར་བྱ་བ་ལ་ངེས་པར་མཁོ་བ་ཞིག་ཡིན་ཞིང་། དཔེ་ཆོས་རྣམས་ལོགས་སུ་བོར་ནས་ལོ་རྒྱུས་ཆོས་འབྱུང་སོགས་ལས་ཡོད་ཚད་རྟོགས་རེ་བྱེད་པ་ནི་ཕྱོགས་རེ་བའི་བསམ་ཚོད་ཙམ་དུ་ཟད་དེ། གང་ལྷུ་ལག་མ་ཚང་བའི་ཧྲིལ་པོ་དེ་ཡང་ནམ་ཞར་སྐྱོན་ཅན་ཡིན་པས་འདོད་པ་ཡོངས་སུ་བསྐོངས་དཀའ་བ་བཞིན་ནོ།  དེ་ཡང་འདིར་དཔེ་ཆོས་ཀྱིས་དུས་ཀྱིས་བསྐལ་བའི་སྣང་ཚུལ་མང་དག་ཅིག་རྟོགས་རྒྱུར་ནུས་པ་ཇི་འདྲ་ཐོན་མིན་སྐོར་དཔེ་མཚོན་འགའ་ཞིག་བརྗོད་པར་བྱ་བ་ལ་འདི་ལྟ་སྟེ། “ཕ་མཁར་ཐོབ་འདྲ་”ཞེས་པ་ནི་“འཕན་ཡུལ་གྱི་རྨ་སྒྲོ་གཉིས་འཐབ་པས། རྨ་རྒྱལ་ནས་སྒྲོའི་ཕ་མཁར་རྨ་ཡིས་ཐོབ་པས། རྨའི་རྒད་པོ་ཚེ་རིང་བ་ཅིག་ན་རེ། སྒྲོའི་ཕྱ་མཁར་ཐོབ་པ་འདི་རྨི་ལམ་མིན་ན་རུང་སྟེ་ཟེར་སྐད་”③ཅེས་པ་ལས་བྱུང་བ་ཡིན་པས། དེས་སྐབས་དེ་ཤེད་ན་བོད་མི་རྣམས་ཀྱིས་རང་རང་གི་སྡེ་རིས་ལོགས་སུ་བཅད་དེ། ཡུལ་དཔོན་ལུང་དཔོན་འགའ་ལ་སྐྱབས་སུ་བཅོལ་ནས་འཚོ་ཐབས་བྱེད་ཚུལ་དང་། ཡུལ་ལུང་ཕན་ཚུན་དབར་དང་། སྡེ་དགོན་ཕན་ཚུན་དབར་ཁེ་ཕན་རྩོད་ཕྱིར་འཁྲུག་ལོང་གི་མུན་པ་རུབ་ནས་ཡོད་ཚུལ་ཤེས་ཐུབ་ཅིང་། གཞན་ཡང་ཡུལ་ལུང་དབར་གྱི་འཁོན་འཁྲུག་ལས་བྱུང་བའི་འཁོན་འཛིན་གྱི་ཡིད་བྱེད་ཆུང་བྱིས་པ་ཡན་ནས་རྒན་སོ་བུད་ཀུན་གྱི་ཁོང་ན་ཅི་བས་སྲ་ཞིང་མཁྲེགས་པ་རེ་བཟུང་ནས་ཡོད་ཚུལ་དང་། ཕན་ཚུན་ཕར་འཕྲོག་ཚུར་ལེན་དང་། ཚུར་ཐོབ་ཕར་ཤོར་གྱི་འདུ་ལོང་ཁྲོད་དུ་མི་ཚེ་ཐག་པ་ཧྲུལ་པོ་བཞིན་དུ་དམ་དུམ་དུ་ཆད་པ་དང་ཆད་པ་དག་མཐུད་པ་ལྟ་བུ་སྟེ། མི་ཚེ་མངར་མོ་ལས་ཁ་སྐྱུར་མང་ཞིང་སོས་དལ་ལས་འཇིགས་ཡེར་མང་བའི་འཚོ་བ་སྐྱེལ་ཚུལ་རྟོགས་སླ་བ་ཡིན། གཞན་ཡང། འབན་གུང་རྒྱལ་གྱི་རུབ་ཆོས་དང་། ནན་ཏར་བྱས་ན་མི་བས་ཡི་དྭགས་འགྲོགས་བདེ་ལྟ་བུ་སོགས་དཔེ་ཆོས་མང་པོ་ཞིག་གིས་སྐབས་དེའི་ཞི་བདེ་མ་ཡིན་པའི་སྤྱི་ཚོགས་ཀྱི་རྣམ་པ་སྒོ་ཀུན་ནས་མཚོན་ནས་ཡོད། ཡང་། སྲན་ཕྱེ་ཞེས་པ་ནི། “སྔོན་ཞང་ཞུང་གི་མི་གཅིག་དང་བོད་གཅིག་འགྲོགས་ནས་རྒྱ་གར་རྡོ་རྗེ་གདན་དུ་འགྲོ་བ་ལ། ཞང་ཞུང་གི་མི་དེ་རྒྱགས་ནས་གཙང་མའི་ཕྱེ་མང་པོ་ཡོད། བོད་དེ་ལ་སྲན་ཕྱེ་བྲེ་བཞི་ལས་མེད་པ། བོད་དེས་འུ་རང་གཉིས་ཕྱེ་བསྲེས་ལ་བཟའ་བྱས་པས། ཞང་ཞུང་བ་ན་རེ།  ཁྱོད་ཀྱི་ཕྱེ་ཉུང་བ་དང་ངའི་མང་བས་མ་བསྲེ་ཟེར། དེས་ང་རང་གི་ཕྱེ་ཟས་ཚོད་ན་ངས་མི་ཟ་བྱས་པས། འོ་ན་རུང་ཟེར་ཏེ་བསྲེས་ནས་ཁ་གཏིང་ཐམས་ཅད་དཀྲུགས་ནས་ཟོས་པས། ཞག་འགའ་ལོན་ནས་ད་ཁྱོད་ཀྱི་ཕྱེ་ཁ་སང་དུ་ཟད། ད་ཁྱོད་ངའི་ལ་མ་ཟ་ཟེར་བ་ལ། བོད་ན་རེ། ངའི་ཕྱེ་ཟད་ཙམ་ན་མི་ཟ་བར་ཆད་པ་ཡིན་ཏེ། ངའི་ཕྱེ་ད་རུང་མ་ཟད་སྲན་མ་ཚིག་གི་བ་འདི་ཐམས་ཅད་ངའི་ཕྱེ་ཡིན་ཟེར་ལོ། ། དེར་ཟད་ཟད་མཉམ་པོར་ཟོས་སྐད་”④ཅེས་པའི་གཏམ་རྒྱུད་ལས་བྱུང་བ་ཡིན་པས། དེས་དགེ་བཤེས་པོ་ཏོ་བ་སོགས་བྱོན་དུས་སུའམ་ཡང་ན་དེའི་སྔ་གོང་གང་རུང་དུ་བོད་དང་ཞང་ཞུང་ཟུང་ལས་ཞང་ཞུང་བའི་འཚོ་བའི་ཁ་སྟབས་བཟང་བ་དང་། རྣམ་རིག་གམ་བློ་གྲོས་ནི་དེ་ལས་ལྡོག་པར་ཡོད་ཚུལ་ཤེས་ཐུབ་པ་དང་། གཞན་ཡང་ཕྱིས་སུ་བོད་ཀྱི་དམངས་ཁྲོད་ཀྱི་སྒྲུང་གཏམ་སྟེ། ཨ་ཁུ་སྟོན་པའི་གཏམ་རྒྱུད་དུའང་ཨ་ཁུ་སྟོན་པས་རང་གི་སྲན་རྩམ་བུ་གུ་རྡོག་རྡོག་གི་ནས་རྩམ་དང་བསྲེས་པའི་གཏམ་རྒྱུད་ནི་གོང་གི་དཔེ་ཆོས་ཀྱི་རྒྱབ་ཆོས་དང་གཅིག་མཚུངས་ཡིན་པ་ཞིག་བྱུང་ཡང་། དེ་ནི་གང་ཟག་གི་མིང་བརྗེས་སྤོར་བྱས་པ་ཙམ་ལས་དོན་དུ་སྔོན་གྱི་གཏམ་རྒྱུད་ཕྱིས་སུ་བཀོལ་བ་ཙམ་དུ་སོང་བས། ཨ་ཁུ་སྟོན་པ་ཞེས་པའི་གང་ཟག་ཞིག་ལོ་རྒྱུས་ཐོག་དངོས་སུ་བྱོན་མྱོང་མེད་པའི་ཤེས་བྱེད་བླ་ན་མེད་པ་ཡང་ཡིན་ནོ། དེ་འདྲའི་ཤེས་བྱེད་གཞན་མང་པོ་ཡོད་ཀྱང་ཡི་གེ་མང་བར་དོགས་ནས་རེ་རེ་བཞིན་འགོ་དཔར་མི་བྱའོ།
            གཉིས། སློབ་གསོའི་རིན་ཐང་སྐོར།
            རབ་འབམས་ཤེས་བྱའི་གནས་དང་དེ་དག་གི་གནད་ཟབ་མོ་རྣམས་ཤེས་པར་བྱ་བ་ལ། ཤེས་བྱ་སྤྱིའམ་ཡང་ན་སྐབས་བབ་ཀྱི་བྱེ་བྲག་གང་རུང་ལ་རང་གིས་ཇི་བཞིན་ཤེས་ཤིང་གཞན་ལའང་ཚུལ་བཞིན་སྟོན་པ་ལ་སྤོབས་པའི་གདེང་ཐོབ་པའི་བཤེས་གཉེན་ཞིག་བསྟེན་པ་ལས་གཞན་བྱར་མེད་ཅིང་། རྒྱ་ལ་བརྩོན་པ་དྲག་པོས་རང་སྟོབས་ཀྱིས་སྦྱངས་ཁུལ་བྱས་རྗེས་ཐ་སྙད་པའི་རིག་གནས་ཀྱི་ཕྱོགས་སྣེ་འགའ་ཞིག་ལ་ངེས་པ་ཐོབ་པའང་སྲིད་མོད། གཞུང་ཆེན་པོ་རྣམས་ཀྱི་ཟབ་མོའི་དོན་ནི་ཇི་བཞིན་རྟོགས་པ་ཅིས་ཀྱང་དཀའ་བ་ཡིན་ཏེ། འདི་ལ་དགོངས་ནས་“རིག་པ་དཔེ་ཆ་ལས་རྙེད་པ་དག་ནི་འཕྱོན་མ་སྦྲུམ་ནས་བཙས་པའི་བུ་བཞིན་ཀུན་གྱི་སྣང་ངོར་མཛེས་པ་མ་ཡིན་”ཞེས་མཁས་པ་དུ་མས་གསུངས་སོ། དེས་ན། སློབ་དཔོན་གྱིས་གང་བཤད་བའི་དོན་རྣམས་ལྷན་སྐྱེས་ཀྱི་རིག་སྟོབས་དང་སྦྱང་སྟོབས་ལས་བྱུང་བའི་ཤེས་རབ་ཀྱི་རྩལ་སྟོབས་འདྲ་མིན་སྣ་ཚོགས་ལྡན་པའི་སློབ་མ་རྣམས་ཀྱིས་གོ་བར་བྱ་བ་ལ། ཕལ་ཆེར་ཤེས་བྱའི་དོན་སྟོན་བྱེད་ཀྱི་རྗོད་བྱེད་ཚིག་གི་སྒྱུ་རྩལ་ལ་རགས་ལུས་པ་ཡིན་གྱི་གཞན་ཚིག་སྦྱོར་འབྲེལ་མེད་ཉག་ཉོག་དང་། ཚིག་སྐམ་སྒྱུ་རྩལ་གྱི་བརླན་མེད་པ་དག་གིས་གང་དུའང་མི་ཡོང་ངོ་། ཡང་ཅིག་བརྗོད་ན། བཤེས་གཉེན་གྱི་མཚན་ཉིད་《མདོ་སྡེ་རྒྱན་》དང་།《གསང་སྒྲོན་》སོགས་ལས་མང་དུ་གསུངས་ཀྱང་དེ་ལྟའི་མཚན་ཉིད་ཚང་དཀའ་ན། མ་མཐར་ཡང་རང་གིས་ཤེས་པ་དང་ཤེས་པ་དེ་དག་ཚུལ་ཇི་ལྟ་བུའི་སྒོ་ནས་སློབ་ཚུལ་ལ་མཁས་པ་ཞིག་དགོས་ཤིང་།  《ཐེག་པ་སྤྱི་བཅིངས་ཀྱི་རྩ་འགྲེལ་》 ལས།“གཞན་ཡང་ཤེས་བྱའི་སྡེ་སྣོད་ཐ་དག་ལ་མཁས་ན་ལེགས་མོད་ཀྱི། འོན་ཀྱང་རང་གི་གཞུང་ལུགས་ཁས་གང་བླངས་པའི་ཚིག་དོན་མ་ལུས་པ་ཁོང་དུ་ཆུད་པ་ཞིག་ནམ་ཡང་དགོས་སོ་”⑤ཞེས་དང་། གཞན་ཡང་། གཞུང་ཕལ་ཆེར་ལས་ཀྱང་འདི་དང་འདྲ་བར་གསུངས་མོད། རང་གིས་གང་ཤེས་གཞན་གྱིས་ལེགས་པར་གོ་བར་བྱ་བ་ལ། ས་པཎ་གྱི་《མཁས་འཇུག་》སོགས་ལས།“སེང་གེའི་ལྟ་སྟངས་ཀྱིས་ཁྱད་པར་གྱི་གཞི་བླངས། སྦལ་པའི་འཕར་བས་སྐབས་དོན་སོ་སོར་དབྱེ། རུས་སྦལ་གྱི་འགྲོས་ཀྱིས་ཚིག་དོན་འཇེབས་པར་བཤད་་'⑥ཅེས་པའི་ངང་ཚུལ་འཛིན་པ་ལ་མཁས་པར་དགོས་ཤིང་། ལྷག་པར་དུ་ཁམས་དུབ་ཅིང་རྨུགས་པ་དང་། ཚིག་དོན་གྱི་དཀའ་གནད་གཏན་ལ་འབེབས་པ་སོགས་ལ་ངོ་མཚར་བའི་གཏམ་མམ་དཔེ་ཆོས་སོགས་ཀྱི་ལག་ལེན་མེད་ཐབས་མེད་པ་མངོན་སུམ་མྱོང་བས་གྲུབ་པ་ཡིན་ཏེ། སྔོན་གྱི་བཀའ་གདམས་རྙིང་མ་སྤྱི་དང་ཁྱད་པར་པོ་ཏོ་བ་རིན་ཆེན་གསལ་གྱི་ཆོས་བཤད་རྣམས་ཉན་པ་པོ་བློ་རབ་འབྲིང་ཐ་གསུམ་གང་གིས་ཀྱང་གོ་སླ་བས་བོད་ཀྱི་རིགས་གནས་སྤྱི་ལ་ཕྱག་རྗེས་འགྲན་ཟླ་དང་བྲལ་བ་ཞིག་འཇོག་ཐུབ་པའང་དཔེ་ཆོས་ཀྱི་སྒྱུ་རྩལ་སྣ་ཚོགས་པ་དག་ནམ་མཁོའི་དུས་སུ་ཅི་བདེར་བཀོལ་ཤེས་པ་ལས་བྱུང་བ་ཞིག་ཡིན། དཔེ་ཆོས་ཀྱིས་སློབ་གསོར་ཐོན་པའི་རིན་ཐང་ནི་ངོ་མཚར་ཞིང་རྒྱ་ཆེ་བ་ཞིག་ཡིན་མོད། རང་རེའི་ད་ལྟའི་གནས་སྐབས་སུ་རང་མི་རིགས་ཀྱི་དཔེ་ཆོས་ནི་གྲངས་འབོར་ཉུང་བ་དང། ཅུང་ཟད་མཆིས་པ་དག་ཀྱང་སྔོན་གྱི་དཔེ་རྙིང་དག་གི་ཁྲོད་དུ་ཁུ་སིམ་མེར་ལུས་ནས་ཐོས་བསམ་བྱེད་མཁན་ཉུང་བ་དང། ཅུང་ཟད་ཐོས་པ་དག་གིས་ཀྱང་དེ་དག་སློབ་གསོའི་ལག་ལེན་ཁྲོད་དུ་ཚུལ་བཞིན་བཀོལ་ཤེས་པ་ཉུང་བ་བཅས་ཉུང་བ་གསུམ་གྱི་དཀའ་བས་མནར་བཞིན་པ་ནི་དོན་དངོས་ཡིན། གཤམ་དུ་དཔེ་ཆོས་ཀྱི་སློབ་གསོའི་རིན་ཐང་ལས་འཕྲོས་ཏེ། དེའི་སྒྱུ་རྩལ་གྱི་རྣམ་གཞག་འགའ་ཞིག་དཔེ་དང་བཅས་ཏེ་ངོ་སྤྲོད་པར་བྱ་བ་ལ་འདི་ལྟ་སྟེ།
            (གཅིག) དོན་གྱི་དཀའ་གནད་འགྲོལ་བའི་རིན་ཐང་།
            དོན་གྱི་དཀའ་གནད་འགྲོལ་བ་ལ་ངེས་པར་ཚིག་གི་སྒྱུ་རྩལ་ལ་བརྟེན་དགོས་ཤིང་། དེའང་དོན་གྱི་གསལ་བྱེད་དཔེ་ཡིན་པ་དང་། དཔེ་བཀོལ་ལུགས་ཀྱི་སྒྱུ་རྩལ་ཚད་རིམ་མཐོན་པོར་སོན་པ་ནི་དཔེ་ཆོས་ཉིད་ཡིན་པས། འདིའི་ལུགས་ལ་མཁས་ན་ཟབ་དོན་ནམ་དཀའ་གནད་འགྲོལ་བ་ལ་ཤིན་ཏུ་ནས་ཀྱང་རྔོ་ཐོགས་པར་འགྱུར་རོ།
            དེ་ཡང། དགེ་བཤེས་སྣེའུ་ཟུར་པས་རོང་དུ་སྔགས་པ་ཚན་ཅིག་ཆང་ཕུད་གཏོར་བ་ལ་ཁྲེལ་བས། སྔགས་པ་ལྷ་མོ་འབར་བྱ་བས་ཆང་ཕུད་གཏོར་ནས། “དཀོན་མཆོག་གསུམ་བཞེས། ཆོས་སྐྱོངས་སྲུང་མ་བཞེས། དུས་གསུམ་ཕ་མ་བཞེས། འགྲོ་དྲུག་སེམས་ཅན་བཞེས། ད་ལུས་རྒྱུ་ཅང་གདའི་ཟེར་་'⑦ཞེས་པ་ལྟ་བུར་རྒྱབ་ཆོས་ཙམ་ལས་དཔེ་མིང་མེད་ཀྱང་དཔེ་མིང་ཟུར་དུ་འཁོལ་ཆོག་ཆོག་ཡིན་ཏེ། སྔགས་པའི་ཆང་མཆོད་དམ་ཡང་ན་དཔེ་མིང་ཐོས་དུས་རྒྱབ་ཆོས་ལྷང་གིས་གསལ་ཕྱིར་གཅིག་ཀྱང་མི་སྤོང་སྔགས་པ་ལྷ་མོ་འབར་གྱི་ཆང་མཆོད། ཅེས་པ་སོགས་ཅི་བདེར་སྦྱར་ཆོག་ཅིང་། དེ་ཡང་དཔེ་འདིས་གསལ་བར་བྱ་བའི་དོན་ནི་དཔེ་ཆ་དེ་ཉིད་ལས། “དེ་བཞིན་དུ་དཔལ་ལྡན་ཨ་ཏི་ཤའི་བྱང་ཆུབ་ལམ་གྱི་རིམ་པ་འདི་ལ་རྒྱུད་སྡེ་བཞི་དང་སྡེ་སྣོད་གསུམ་གྱི་དོན་གང་ཡང་མ་འདུས་པ་མེད། དེ་ལྟར་ན་ཇོ་བོའི་སྨན་འདི་སྦྱར་ལེགས་པ་ཞིག་ལགས་པས། འདི་ལ་བག་རེ་གསོལ་བར་ཞུ། གསོལ་གྱི་གཏིང་ལ་མི་སྐྱུག་པར་ཞུ། སྐྱུག་སྐྱུག་འདྲ་ན་མཆིལ་མ་དང་ཕུ་ཡིས་གདབ། རྡོ་གྲང་རླན། སྐྲ་འཐེན་པ་ཚུན་ཆོད་བྱེད་པར་ཞུ། དེ་ནས་ད་ལྟ་ཁ་ན་མི་གསོལ་ན་ཡང་། ཕྱིས་གསོལ་བའི་ཆེད་དུ་ཨམ་ཕྲག་གཡོན་ཁོ་ནར་བཞུགས་པར་ཞུ ཁྲུལ་དོགས་ན་ཕུགས་སུ་ཡང་འཕུལ་བར་ཞུ་གསུངས་”ཞེས་བྱུང་བྱ་བཞིན། དཔེ་ཆོས་འདི་ཉན་པ་པོ་དག་ལ་བསྟན་པ་ཙམ་གྱིས་བསྟན་པ་ཐམས་ཅད་གྲུ་བཞི་ལམ་དུ་ཁྱེར་ཤེས་པའི་ལམ་སྒྲོན་ཞེས་པའམ། ལམ་རིམ་གྱི་ཆེ་བ་བཞིའམ་ལྔའི་དོན་ཇི་ཡིན་ཚེགས་མེད་བདེ་བླག་ཏུ་རྟོགས་པའི་བྱེད་ནུས་ཡོད་པ་ཡིན་ལ། གཞན་ཡང་དཔེ་ཆོས་གྱི་སྒྱུ་རྩལ་ནི་བརྒྱ་གོ་གཅིག་ཆོད་ཀྱི་ཚུལ་དུ་མཆིས་པས། ཟ་ཤེས་ན་ཤ་ཞིམ་པོ་རུས་པའི་དབྲག་ན་ཡོད་པ་བཞིན་དེ་ཉིད་སྤྱོད་ཤེས་ན་དེ་ཉིད་ལ་སྐབས་བབ་ཀྱི་གནད་ཟབ་མོ་གང་དང་གང་ཡང་བསེད་བཀྲོལ་ཐུབ་པའི་ནུས་པ་ལྡན་པ་ཡིན་ནོ།
            ཡང། “སྔར་ཡིག་མཁན་ཞིག་གིས་རབ་བྱུང་རྣམས་ལ་གདམས་པ་བྱས་ལོ། ཀྱེ་མཐོ་སར་བྱོན་པ་ལགས་ཀྱི་དམའ་སར་མ་བབས་མཛོད། །ཆེ་དགུ་ཟིན་པ་ལགས་ཀྱི་ཆུང་བའི་ཁར་མ་བཏང་(གཏོང་)། །ཐར་པར་གཤེགས་པ་ལགས་ཀྱི་ཆུང་བའི་ཁ་མ་འཛིན། །འཇིག་རྟེན་བསླུ་བ་ལགས་ཀྱི་གཉེན་ལ་མ་ཆགས་མཛོད། །སྤྱོད་པ་སྒྱུ་མ་ལགས་པས་ལྟ་བ་ཡངས་པར་མཛོད། །ཟང་ཟིང་ལས་རྣམས་སྤོངས་ལ་སྒོམ་སྒྲུབ་དང་དུ་བཞེས། །བུ་སྐལ་ཆོས་ལ་མཛོད་ལ་ཆུང་བར་ཆོས་སྤྱོད་སེམས། །འདི་དང་ཕྱི་མར་སྐྱིད་པ་ཉམས་སུ་བསྟར་བར་མཛོད། །གདམ་ངག་ལགས་ཀྱི་ཐུགས་སུ་ཞོག་ཟེར་སྐད། །”⑧ཅེས་པ་ལྟ་བུ་སྟེ། འདིའི་དཔེ་མིང་མི་གསལ་ཡང། ཡིག་མཁན་གྱི་གདམས་ངག་ཅེས་གསོལ་ཆོག་ཆོག་ཡིན། ཡིག་མཁན་གྱི་གདམས་ངག་ཅེས་པའི་ཚིག་གི་ཟུར་ལས་མི་ཚེ་ཐོས་བསམ་ལ་བསྐྱལ་ཀྱང་ལྟ་སྤྱོད་རྣམ་དག་མེད་པ་དག་ལ་ཟུར་ཟ་བྱས་པ་ངམ་ངམ་ཤུགས་ཤུགས་ཀྱིས་རྟོགས་ཐུབ་པ་ཡིན། དེའང་སྤྱིར་ཡིག་མཁན་ནི་ཡི་གི་འབྲི་ཀློག་ལ་མཁས་པ་ཙམ་གྱི་དོན་ཡིན་པས། དེ་ལྟ་བུས་ཀྱང་གདམས་པ་ཟབ་མོ་འདི་ལྟ་བུ་བསྟན་ན། གཞན་དོན་ཁུར་དུ་འཁྱེར་བའི་དམ་བཅས་པ་དག་སོས་དལ་བག་ཡངས་སུ་སྐད་ཅིག་ཀྱང་སྡོད་པའི་གནས་མེད་དོ་སྙམ་པའི་སྤོབས་པའི་གཟེངས་བསྟོད་ཐུབ་པ་དང། གཞན་དོན་ཁ་ཆོས་སུ་སོང་ནས་རང་དོན་ཁོ་ན་དོན་དུ་གཉེར་བའི་གང་ཟག་དག་ལ་ཟུར་ཟའི་ལྕགས་ཀྱིས་བྲབ་པས། ཡར་བསྐུལ་དང་ཟུར་ཟའི་ཚིག་ལས་བཟང་བསྟོད་ངན་སྨོད་ཀྱི་ཆགས་སྡང་ལྷོག་ལྷོག་ཏུ་བཞུར་ནས་ཡོད། དེ་བཞིན་དུ་གོང་དུ་དྲངས་མ་ཐག་པའི་དཔེ་ཆོས་ཏེ། སྔགས་པའི་ཆང་མཆོད་ཅེས་པས་ཀྱང་འདི་འདྲའི་ནུས་པ་ཐོན་ནས་ཡོད་དེ། བསྟན་པ་ཕྱི་དར་གྱི་ཡས་མས་སུ་སྔགས་པ་རལ་པ་ཅན་མང་དག་ཅིག་གིས་སྦྱོར་སྒྲོལ་དང་མངོན་སྤྱོད་ཀྱི་ལས་ལ་གཞོལ་ཏེ། བསྟན་པའི་རྣམ་གཞག་འཛད་པར་བྱས་པས་སྐབས་དེ་ཤེད་ན་སྔགས་པ་དག་ལ་གཞུང་ལུགས་ཆེན་མོར་ཐོས་བསམ་སྒོམ་གསུམ་བྱེད་པ་དག་གིས་འཕྱ་སྨོད་བྱས་པ་ཡིན་པ་དང་། 《དཔེ་ཆོས་རིན་ཆེན་སྤུངས་པ་》སོགས་ལས་ཀྱང་། སྔགས་པ་ར་གསོད་ཅེས་པ་དང་། སྔགས་པ་མར་ནག་ཆོང་མཁན། ང་ལ་དབང་ཡོད་ན་བདེ་བ་ཅན་ལས་འདི་ན་སྐྱིད། ཅེས་པ་སོགས་བྱུང་བའི་དཔེ་ཆོས་མང་དག་ཅིག་ནི་ལྟ་སྤྱོད་འཛོལ་བའི་སྔགས་པ་དག་ལ་སྨོད་བྱེད་ཡིན་པ་བཅས་ཕལ་ཆེ་བ་ཞིག་གིས་སྔགས་པ་དག་ལ་ཡིད་མི་བདེ་བའི་ལྟ་ཚུལ་འཛིན་མོད། དེ་ལྟ་བུའི་སྔགས་པས་ཀྱང་ཆང་གི་མཆོད་པ་བྱེད་དུས་སེམས་སྐྱེད་ཚུལ་འདི་འདྲ་ཡིན་ན། རང་རེ་རྣམས་ཅིའི་ཕྱིར་ལམ་ལོག་ཏུ་གོལ་ཉན་ནམ་སྙམ་པའི་ངེས་ཤེས་སྐྱེ་སླ་ལ། ལམ་བཟང་པོར་གཤེགས་བཞིན་པ་དག་ལ་སྐུལ་འདེད་དུ་འགྱུར་བ་དང་ངན་པར་བྱོལ་བ་རྣམས་ལ་ཕྱིར་ཟློག་རུ་བཅུག་པའི་ནུས་པ་ཐོན་ཡོད།
            དེ་ལྟར་གོང་དུ་དཔེ་ཆོས་རྩོམ་རིག་གི་སྒྱུ་རྩལ་ལ་བརྟེན་ནས་དོན་གྱི་དཀའ་གནད་འགྲོལ་ཚུལ་ཅུང་ཟད་བརྗོད་པར་བྱས་པ་ནི་དཔེ་མཚོན་ཙམ་ཞིག་ཡིན་གྱི། དེ་ཙམ་གྱི་དཔེ་ཆོས་ཀྱིས་དོན་གནད་འགྲོལ་ཚུལ་ད་དུང་རྟོགས་དཀའ་བ་ཡིན་པས། ངེས་པར་དུ་བོད་པའི་རྣམ་རྟོག་ལས་འཁྲུངས་པའི་དཔེ་ཆོས་ལས་བྱུང་བའི་སྒྱུ་རྩལ་གྱི་ཁྱད་ཆོས་མ་ལུས་པ་ཁོང་དུ་ཆུད་དགོས་པ་དང་། ཁོང་དུ་ཆུད་པ་རྣམས་ཀྱང་སློབ་གསོའི་ལག་ལེན་གྱི་ཁྲོད་དུ་ཅི་བདེར་བཀོལ་ཐུབ་པ་ཞིག་དགོས་ལ། རྒྱུན་དུ་སྔོན་གྱི་དཔེ་རྙིང་དག་དང་མི་རྒན་བློ་རིག་བཀྲ་བ་དག་གི་ངག་ལས་བྱུང་བའི་དཔེ་ཆོས་འབོར་ཆེན་དག་ལ་སློབ་སྦྱོང་དང་། ཞིབ་འཇུག་གཏིང་ཟབ་དགོས་པ་མ་ཟད། དཔེ་ཆོས་ཀྱང་རྩོམ་རིག་སྤྱི་དང་འདྲ་བར་འདིའི་འབྱུང་ཁུངས་ནི་འཚོ་བ་དངོས་ཡིན་པས་རྟག་ཏུ་འཚོ་བར་ཉམས་ཞིབ་དང་ལྟ་རྟོག་གི་བྱང་ཆ་ཐོན་པར་བྱེད་པ་དང་། དཔེ་ཆོས་ཀྱི་རྒྱུ་ཆ་བཙལ་འཚོལ་དང་དེ་དག་ལས་སྣོན་ཁུ་བསྡུ་སོགས་དང་དོན་དངོས་ཀྱི་སློབ་གསོའི་བྱ་བའི་ཁྲོད་དུ་ལག་ལེན་ལ་མཁས་པར་གྱུར་ཚེ། ད་གཟོད་དཔེ་ཆོས་ཀྱི་ངོ་མཚར་ཞལ་རས་ལྷང་གིས་མཇལ་ཐུབ་པར་འགྱུར་རོ།
            (གཉིས་) ཉན་པ་པོའི་ཡིད་རྨུགས་གསོ་བའི་རིན་ཐང་།
            དེ་ཡང་《དཔེ་ཆོས་རིན་ཆེན་སྤུངས་པ་》ལས། “དེས་ན་ཁོང་གཞན་གྱིས་མ་གོ་ཡིས་དོགས་ནས། ཆོས་ཐམས་ཅད་དཔེ་སྣ་ཚོགས་ཀྱི་སྒོ་ནས་དོན་གཏན་ལ་ཕབ་ཅིང་སྟོན་པ་ཡིན་ཏེ། དེ་ཡང་དགེ་བའི་བཤེས་གཉེན་པོ་ཏོ་བ་དེས། དཔེ་དུ་མའི་སྒོ་ནས་མཚོན་ཏེ་གསུངས་པའི་དགོས་པ་ནི། དཔེའི་སྒོ་ནས་དོན་མྱུར་དུ་རྟོགས་པར་འགྱུར་ཏེ། རྟོགས་པ་བརྗོད་པའི་སྡེ་བྱ་བ་ཡང་དཔེའི་སྒོ་ནས་བསྟན་པ་གསུངས་པ་ཡིན། མདོ་སྡེ་པདྨ་དཀར་པོ་དང་དཀོན་མཆོག་ཏ་ལ་ནས་ཀྱང་དཔེས་བསྟན་ན་རྟོགས་སླ་བར་གསུངས་”ཞེས་པ་བཞིན། སློབ་གསོའི་བྱ་བའི་ཁྲོད་དུ་ཉན་པ་པོ་དག་ཁམས་དུབ་ཅིང་ལྷག་པར་རྨུགས་པར་འགྱུར་འགྲོ་བའི་སྣང་ཚུལ་མང་དུ་ཡོད་པས། དེའི་རྒྱུ་མཚན་ཡང་ཕལ་ཆེར་ཞིག་ནི་སློབ་དཔོན་གྱིས་བཤད་བའི་དོན་རྣམས་ཉན་པ་པོས་ཚུལ་བཞིན་མི་གོ་ཞིང་། དེ་ལྟར་མི་གོ་བའི་དབང་གིས་ཡི་མུག་པར་གྱུར་ཏེ་སེམས་ཀྱི་གཟེངས་བསྟོད་མ་ཐུབ་པ་ལས་བྱུང་བ་དང་། ཡང་མི་ཉུང་བ་ཞིག་ནི་གང་བཤད་བྱའི་དོན་ཉན་པ་པོས་གོ་བར་གྱུར་ཀྱང་སློབ་དཔོན་གྱིས་གཞུང་བཤད་གཙོ་བོར་བྱེད་པ་ལས་རྗོད་བྱེད་ངག་སྦྱོར་གྱི་སྒྱུ་རྩལ་སྣ་ཚོགས་ལ་མཉམ་འཇོག་མེད་པའི་དབང་གིས་བྱུང་བ་ཡིན། འོ་ན་ངག་སྦྱོར་གྱི་སྒྱུ་རྩལ་ཞེས་པ་དེ་གང་ལ་གོ་དགོས་སྙམ་ན། དཔེ་ཆོས་གཙོ་བོར་གྱུར་བའི་ངོ་མཚར་བས་ཉན་འདོད་ལ། དོན་གྱི་གནད་འགག་ལེགས་པར་འགྲོལ་བས་མི་ཤེས་ངལ་བའི་འཁུན་སྒྲ་མེད་པ། སེམས་ཀྱི་སྤྲོ་སྣང་བསྐྱེད་པས་ཉན་འདོད་ཀྱི་བློ་ཤེད་ཆེ་བ་སོགས་དགེ་མཚན་དུ་མའི་རང་བཞིན་ཅན་དག་ལ་ཟེར་བ་ཡིན། དེའི་དབང་གིས་སྔོན་གྱི་སློབ་གསོའི་ལས་ལ་མཁས་པའི་བཤེས་གཉེན་དུ་མས། “རྨུགས་པ་རྣམས་ལ་ངོ་མཚར་གྱི།།གཏམ་བཤད་ནས་ནི་ཉན་དུ་བཞུགས།”ཞེས་དགོངས་པ་གཅིག་དང་མགྲིན་དབྱངས་གཅིག་གིས་ལན་གཅིག་མིན་དུ་མར་གསུངས་ཡོད། དེས་ན་འདིར་ཡང་དཔེ་ཆོས་ཀྱིས་ཉན་པ་པོའི་ཡིད་རྨུགས་པའམ་ཁམས་དུབ་པ་ཇི་ལྟར་གསོ་བའི་སྒྱུ་རྩལ་གྱི་ཕྱོགས་སྣེ་འགའ་ཞིག་ལ་དཔེར་བརྗོད་དང་སྦྲགས་ཏེ་ཅུང་ཟད་རེ་དཔྱད་པར་བྱའོ།
            དེ་ཡང་《དཔེ་ཆོས་རིན་ཆེན་སྤུངས་པ་》ལས། དལ་འབྱོར་གྱི་མི་མཐུན་ཕྱོགས་སྤང་དགོས་པའི་དཔེ་ལས་དལ་འབྱོར་གྱི་ལུས་རྟེན་འདི་ཉིད་སྙིང་པོ་མ་ལོན་པར་འཆི་ན་ཤིན་ཏུ་ཕངས་པ་ཡིན་པའི་སྐོར་གྱི་དཔེ་ཆོས་འདི་ལྟ་སྟེ། གཙང་པའི་ཉ་ཞེས་པ་ནི། “འོ་སྐོལ་གཙང་པའི་ཨ་ར་བ་(གླུ་བྲོ་བ་)ཚན་ཅིག་གིས་དབུས་སུ་ཉའི་ཚོད་མ་བྱས་པས། གཅིག་གི་ནད་ལ་བརྒྱབ་སྟེ་སྐྱུག་སྐྱུག་འདྲ་སྟེ་སྐེ་ལྷམ་སྒྲོག་གིས་བསྡམས་པས། གནས་མོ་ན་རེ། དེ་ཙུག་བྱེད་པ་ཅི་ཡིན་ཟེར་བས། ཁོ་ན་རེ།  སྐྱུག་ཏུ་ཕངས་པ་ཞིག་སྐྱུག་པར་གདའ་ཟེར་ལོ་(རོ་)”⑨ཞེས་པའི་སྒྲུང་ལས་བྱུང་ཞིང་། དཔེ་ཆོས་འདི་ཉིད་དགེ་བཤེས་པོ་ཏོ་བས་མི་ལུས་དོན་ཅན་མ་བྱས་པར་ཕ་རོལ་དུ་སོང་ན་དཀའ་ཚེགས་བརྒྱ་ཕྲག་ཁྱད་དུ་བསད་ནས་རྒྱ་མཆོའི་གཏིང་དུ་ལན་གཅིག་ཕྱིན་ནས་སླར་ལག་སྟོང་དུ་ལོག་ཡོང་བ་དང་འདྲ་བའི་གནད་དོན་གོ་བའོ་དོན་དུ་བཀོལ་མོད། དེ་ཡང་སྐབས་བབ་ཀྱི་འཁྲིད་བའི་ནང་དོན་དང་། ཡུལ་དུས་གནས་སྐབས་སོགས་གང་དང་ཡང་འཚམ་པར་བཀོལ་ཆོག་པ་ཡང་ཡིན། སྤྱིར་ན་དཔེ་ཆོས་འདིའི་དཔེ་མིང་དེ་ཙམ་ལེགས་པོ་མ་བྱུང་ཞིང་། དེའི་རྒྱབ་ཆོས་ལ་ལེགས་པར་བརྟགས་ན་དཔེ་མིང་ཟུར་དུ་འདོན་ཆོག་ཆོག་ཡིན་ཏེ། དཔེར་ན། གཙང་པས་ཉ་ཚོད་སྐྱུག་པ། ཞེས་པའམ་ཡང་ན་གཙང་པས་སྐྱུག་པ་འགོག་ཕྱིར་ལྷམ་སྒྲོག་གྲོགས་སུ་དྲངས་པ་ཞེས་གང་བདེར་བརྗོད་ཆོག་པ་ལྟ་བུའོ།  དེའི་རྒྱུ་མཚན་ཡང་དཔེ་མིང་ཐོས་དུས་རྒྱབ་ཆོས་ལྷང་གིས་དྲན་པ་དང་། རྒྱབ་ཆོས་བསམ་དུས་དཔེ་མིང་ངག་ལ་ལེན་ཐུབ་པའི་ཁྱད་ཆོས་ཀྱིས་ཡིན་པས་སོ། དཔེ་ཆོས་འདི་དང་འདི་འདྲ་བ་དག་བརྗོད་པ་པོ་དང་ཉན་པ་པོ་སུ་ཞིག་ཡིན་ཡང་། ངག་ལ་འཁྱེར་བདེ་ཞིང་སེམས་ལ་འཛིན་བདེ་བ་དང་། རྣ་བས་ཐོས་ནས་སེམས་ཀྱིས་བསམ་མ་ཐག་ཏུ་རང་དབང་མེད་པར་དགོད་སྒྲ་འཆོར་ནས་ཡོང་བ་ནི་གོང་དུ་བརྗོད་མ་ཐག་པའི་ཉན་པ་པོ་ཁམས་དུབ་ཅིང་རྨུགས་པ་དག་གི་རིག་པའི་གཟེངས་བསྟོད་པ་ལ་སྨན་པའི་སྒྱུ་རྩལ་གྱི་བྱེ་བྲག་ཅིག་ཡིན་པར་གོར་མ་ཆག དེ་ཡང་ངེས་པར་ཡིན་ཏེ། སློབ་གཉེར་བ་དག་གི་གིགས་སུ་གྱུར་བ་མཐར་ཐུག་པ་ནི་བྱིང་རྒོད་གཉིས་ཡིན་ཞིང་། དེ་ལས་བྱིང་བ་རགས་པ་དང་ཕྲ་མོ་གང་ཞིག་ཡིན་རུང་དེའི་གཉེན་པོ་སྟེ། དགོད་བྲོ་ལ་ངོ་མཚར་བའི་དཔེ་ཆོས་འདི་ལྟ་བུ་དགོས་ཤིང་། འདི་འདྲའི་དཔེ་ཆོས་ལག་ལེན་དུ་བསྟར་མ་ཤེས་ན་ཉན་པ་པོའི་ཁམས་གསོ་བའི་ཐབས་གཞན་ལག་ཏུ་བསྟར་ཁུལ་བྱས་ཀྱང་ཕལ་ཆེར་ཞིག་ངལ་བ་འབྲས་མེད་དུ་འགྲོ་བ་མངོན་སུམ་མྱོང་བས་གྲུབ་བོ། ད་དུང་དཔེ་ཆོས་རྒན་མོའི་དད་པ་ཞེས་པ་དང་། བྲ་བ་བསད་པས་རྒན་མོའི་འཚོ་ཐལ་ཆད་པ། གཞོན་ནུ་མའི་སྙིང་རྗེ། དགེ་བཤེས་སྟོད་ལུང་པས་སྤྱན་སྔ་བ་ལ་ཕུལ་བའི་མར་ཐུད། ཀློག་སྐྱ་རྒན་པོའི་བསམ་ཚུལ། རྒན་པོའི་ཆོས་སོགས་ངོ་མཚར་དགོད་བྲོའི་ཁྱད་ཡོན་ལྡན་པ་ཤིན་ཏུ་མང་བས་རེ་རེ་ནས་འདྲེན་མི་བཟོད་དོ།
            དེ་ལྟར་དཔེ་ཆོས་ཀྱིས་ཉན་པ་པོའི་ཡིད་དུབ་པའམ་རྨུགས་པ་གང་རུང་གསོ་བའི་སྐོར་ལ་དཔེ་བརྗོད་འགའ་ཞིག་གོང་དུ་ཅུང་ཟད་བཤད་ཟིན་ཅིང་། དེ་ཡང་མང་པོ་ཞིག་རེ་རེ་ནས་འདྲེན་པའི་དགོས་པ་ཆུང་ལ། “དོན་ལྡན་ཚིག་ནི་རེ་རེས་ཀྱང། །ཤེས་རབ་ཅན་ལ་དོན་ཀུན་སྟེར། །བུདྔྷ་ཀུན་གྱི་གསུང་གིས་ཀྱང་། །རྨོངས་ལ་ཕན་པ་འགྲུབ་པ་དཀའ། །་'ཞེས་པའི་དོན་ལྟར་ཉན་ཤེས་པ་དང་གོ་ཐུབ་པ་དག་ལ་དེ་ཙམ་གྱིས་ཆོག་པར་སེམས། སྐབས་སུ་བབ་པ་དཔེ་ཆོས་ཀྱིས་ཉན་པ་པོའི་ཁམས་དུབ་པ་གསོ་བའི་སྒྱུ་རྩལ་གྱི་རྣམ་གྲངས་ནི་མཐའ་ཡས་པ་ཞིག་མཆིས་ཏེ། 《མེ་ལོང་མ་》ལས་ཀྱང་། “སྙན་ངག་མཛེས་པར་བྱེད་པ་ཡི། །ཆོས་རྣམས་རྒྱན་ཞེས་རབ་ཏུ་བརྗོད། །དེ་ནས་དེ་ལྟའང་རྣམ་རྟོག་སྟེ། །དེ་དག་མ་ལུས་སུས་འཆད་ནུས། །”ཞེས་པ་ལྟར་ཡིན་ཞིང་། དེའི་རྒྱུ་མཚན་མཐར་ཐུག་པའང་སྒྱུ་རྩལ་གྱི་ཐབས་འཕྲུལ་ཇི་སྙེད་པ་དག་ནི་མིའི་རྣམ་རྟོག་ལས་བྱུང་ཞིང་། དེའང་མིའི་རྣམ་རྟོག་ལ་འདི་སྲིད་དང་འདི་མི་སྲིད་བྱ་བ་མེད་པས་དེ་ལས་བྱུང་བའི་སྒྱུ་འཕྲལ་གྱི་རྣམ་གཞག་མ་ལུས་པ་སུ་ཞིག་གིས་འཆད་པར་ནུས་ཏེ་མི་ནུས་སོ། འོན་ཀྱང་ཁོ་བོས་དུས་ཚོད་ཅུང་རིང་པོ་ཞིག་བེད་སྤྱད་ནས་བོད་པའི་དཔེ་ཆོས་དག་ལ་ཞིབ་འཇུག་ཅུང་ཟད་བྱས་ཁུལ་གྱི་འབྲས་བུ་སྟེ། དཔེ་ཆོས་ཀྱིས་ཉན་པོའི་ཁམས་དུབ་པ་གསོ་བའི་སྒྱུ་རྩལ་གྱི་རྣམ་གྲངས་གཙོ་བོར་གྱུར་བ་འགའ་ཞིག་ཕྱོགས་གཅིག་ཏུ་བསྡུས་ན་འདི་སྟེ།
            ༡ དཔེ་ཆོས་ཀྱི་རྒྱབ་ཆོས་དག་ནི་འཚོ་བའི་ཁྲོད་དུ་བྱུང་བའམ་འབྱུང་འགྱུར་དག་ལས་ངོ་མཚར་བློས་བླང་འོས་པ་རྣམས་ལ་སྒྱུ་རྩལ་གྱི་ལས་སྣོན་ཡང་ཡང་བྱས་པ་ལས་བྱུང་བ།
            ༢ དཔེ་མིང་བཀོལ་ཚུལ་ལ་མཁས་ན་དཔེ་མིང་ཐོས་པས་རྒྱབ་ཆོས་ལྷང་གིས་དྲན་པས་དྲན་པའི་ཡིད་དབང་གསོ་བའི་ནུས་པ་ལྡན་པ།
            ༣ བརྗོད་བྱ་དྲང་འཁྱོག་གང་རུང་ངམ།  དངོས་བསྟན་སྦས་དོན་སོགས་མང་དུ་མཆིས་པས་དོན་གྱི་གནད་སྟོན་པ་ལ་བརྒྱ་གོ་གཅིག་ཆོད་ཀྱི་ནུས་པ་ལྡན་ལ། བསྡུས་བརྗོད་ཀྱི་སྒྱུ་རྩལ་སྣ་ཚོགས་པས་རབ་ཏུ་བཅིངས་པས་ཉན་པ་པོར་བསམ་གཞིག་གི་གོ་སྐབས་ལེགས་པར་འབྱེད་པ།
            ༤ ཡ་རབས་ལུགས་ལ་བསྟོད་ཅིང་མ་རབས་ངན་པར་སྨོད་པས་བླང་དོར་གྱི་གནད་སྟོན་པ་ལ་མཛུབ་མོ་རི་སྟོན་གྱི་སྒྱུ་རྩལ་ལྡན་པ།
            ༥ སྒྱུ་རྩལ་གྱི་སྙན་རོ་ཁོག་རུམ་དུ་སྦྲུམ་པས་བློ་རབ་འབྲིང་ཐ་གསུམ་གང་ལའང་མངར་སྐྱུར་ཁ་གསུམ་གྱི་སྙན་རོ་མཆོག་ཏུ་སྟེར་བ།  
             ༦ ངག་ལ་འཛིན་བདེ་ཞིང་ཡིད་ལ་ངེས་སླ་བའི་ཁྱད་ཆོས་ལྡན་པ་སོགས་སོ།
            གསུམ་པ།  བོད་ཀྱི་དཔེ་ཆོས་ཁྱབ་གདལ་གཏོང་ཐབས།
            གཅིག རྒྱུན་འཛིན་དང་ཞུན་བརྡར།
            རིགས་པའི་གནད་གང་ཡང་ཡུལ་དུས་ཀྱི་དགོས་པ་དང་བསྟུན་ནས་རྒྱུན་འཛིན་བྱ་ཤེས་ན། དེས་གནས་སྐབས་ཀྱི་དགོས་པ་དོན་དུ་གཉེར་བ་ལ་ཕན་པར་བྱ་ཡི། དགོས་པའི་དམིགས་ཡུལ་ལ་ཅུང་ཟད་ཀྱང་མི་སེམས་པར་འདོད་ཅན་སྐྱེས་བུས་ནོར་གསོག་པའི་རྗེས་སུ་སོང་ན་མཐར་རང་ལག་ཏུ་ཐོབ་པ་མང་ཡང་དགོས་པའི་དུས་སུ་བཀོལ་སྤྱོད་ཆོག་པ་ཉུང་ངོ་། འཛམ་གླིང་གི་མི་རིགས་སུ་འདྲ་ཞིག་ཡིན་ཡང་དེའི་རིག་གནས་ཡོད་དོ་ཅོག་ནི་སྔ་རབས་པ་དག་གི་བསམ་སྤྱོད་ཀྱིས་བསྐྲུན་པའི་རིག་གནས་རྣམས་རྒྱུན་འཛིན་གྱི་ལག་ལེན་ལས་བྱུང་ཞིང་། དེ་འདྲའི་རྒྱུན་འཛིན་མེད་ན་ཉམས་མྱོང་ངམ་ཤེས་བྱ་མང་པོ་ཞིག་སླར་རེ་རེ་ནས་འཚོལ་དགོས་པས་དེ་འདྲའི་ངལ་བ་སུ་ཡིས་དང་དུ་ལེན། རྒྱུན་འཛིན་པ་ལའང་ཇི་ལྟར་འཛིན་པའི་ཐབས་ལ་མཁས་དགོས་ཀྱི། ཐབས་དང་བྲལ་བའི་རྩོལ་བ་ཕལ་ཆེར་ངལ་བ་འབྲས་མེད་དམ་ཡང་ན་དམིགས་པ་དང་འབྲས་བུ་གོ་ལྡོག་ཡོང་བ་ཡིན། དེ་འདྲའི་ཐབས་བཟང་པོ་མ་ནོར་མ་འཁྲུལ་བ་ཞིག་དགོས་པ་ལ་ངེས་པར་སྔོན་དུ་འགྲོ་དགོས་པའི་ཆ་རྐྱེན་ཏེ། ཤེས་བྱ་གང་ཡང་ཡུལ་དུས་གནས་སྐབས་ཀྱི་རྒྱ་ལས་ཐར་མི་ཐུབ་པའི་ཆོས་ཉིད་དམ་གཏན་ཚིག་འདི་ངོས་འཛིན་ཐུབ་པ་བྱས་ཏེ། དཔྱད་པར་བྱ་གཞི་ལ་སོ་སོར་རྟོགས་པའི་ཤེས་རབ་ཀྱིས་ཡང་ནས་ཡང་དུ་དཔྱོད་དགོས་ཀྱི། མ་དཔྱད་མ་བརྟག་པ་ལས་བྱུང་བའི་རྣམ་གཞག་ཇི་ཡོད་འཁྱག་སྟེང་གི་མཁར་དང་། བྱེ་མའི་ཁང་བུ་བཞིན་དུ་དོན་གྱི་བྱ་བ་བྱེད་པའི་སྲོག་དབུགས་ཀྱིས་སྟོང་པ་ཞེ་ཅིག་ཡིན། དེས་ན། བོད་ཀྱི་དཔེ་ཆོས་སྔར་ཡོད་ཡོད་པ་དག་རྒྱུན་འཛིན་པར་བྱ་བ་ལའང་དེ་འདྲའི་ཐབས་མ་ནོར་བ་དགོས་པས། དེའི་སྐོར་གྱི་དཔེ་དང་རྒྱུ་མཚན་རྣམས་ཅུང་ཟད་སྤྲོ་བར་བྱའོ།
            (གཅིག) རྒྱབ་ཆོས་བསྡུ་ལེན།
            དཔེ་ཆོས་ཀྱི་དཔེ་མིང་ཇི་སྙེད་པ་དག་ནི་དེ་དག་རང་རང་གི་རྒྱབ་ཆོས་ཀྱི་བརྗོད་བྱ་འདྲ་མིན་ལས་སྒྱུ་རྩལ་མཁན་པོས་བསལ་བསྲེ་འདོར་ལེན་བྱས་པ་ལས་བྱུང་ཞིང་། རྒྱབ་ཆོས་ཀྱིས་དབེན་པའི་དཔེ་མིང་ཇི་ཡོད་དཔེ་ཙམ་པོ་བ་ཁོ་ནར་ཟད་པས། དེ་དག་གི་ནུས་པ་དཔེ་ཆོས་མཚན་ཉིད་པ་དག་ལས་ཤིན་ཏུ་ཞན་པ་ཡིན། དཔེ་ཆོས་ལ་དཔེ་མིང་གིས་དྲངས་པའི་ཚིག་ངོའི་གོ་དོན་དང་། ཚིག་གི་ཤུན་ལྤགས་རེ་རེ་ནས་བཤུས་ན་ཤུན་ལྤགས་རེ་རེའི་འོག་ན་ཟབ་དགོངས་སྙིང་པོ་ཅན་གྱི་དོན་རེ་རེ་ཡོད་ཅིང་། དེའང་ཤུན་ལྤགས་ཇི་ཙམ་གྱིས་གཏིང་རིང་བར་བཤུས་ན་དོན་སྟོན་ཚུལ་གྱི་སྒྱུ་རྩལ་གྱི་ཁྱད་ཆོས་ཀྱང་ཇེ་བཟང་ཇེ་ཟབ་ཡིན་ཏེ། 《རྩོམ་རིག་གི་བརྡ་ཆད་ཚིག་མཛོད་》ལས། “རྗོད་བྱེད་ཚིག་གི་ལུས་ཇི་འདྲ་ཞིག་ཡིན་ནའང་རུང་། དཔེ་ཆོས་ནི་རྣམ་པ་ཀུན་ཏུ་དོན་བརྗོད་རྩོམ་ལུས་ཀྱི་རྣམ་པ་ཁོ་ནས་ཐོན་ནས་འོང་ཞིང་། དེ་ཡང་རྩོམ་པ་པོས་མི་སྣ་དང་བརྒྱུད་རིམ་བསྒྲུབ་བཞེངས་དང་། ཐ་ན་སྐབས་འགར་འོས་ཤིང་འཚམ་པའི་ཡུལ་ལྗོངས་ཀྱི་བཀོད་པ་སོགས་ཀྱང་ལས་སྣོན་བྱས་ཏེ། མགོ་རྔ་ཚང་བའི་ཚིག་ངོའི་དོན་ནམ་བྱང་རིམ་དང་པོའི་གོ་དོན་བསྟན་པ་མ་ཟད། དཔེའི་ནུས་པ་ལ་བརྟེན་ནས་དེ་དང་འབྲེལ་བའི་གབ་དོན་ནམ་སྦས་དོན་ཡང་སྟོན་པ་ཡིན་ནོ །་'⑩ཞེས་བྱུང་བ་ལྟར་ཡིན་ལ། སྐབས་འདིའི་སྦས་དོན་ཞེས་པའང། རྣམ་གྲངས་གཅིག་གཉིས་ཁོ་ན་མ་ཡིན་པར། ཀློག་པ་པོ་དང་ཉན་པ་པོ་རྣམས་ཀྱི་དཔྱོད་བྱེད་རིག་པའི་རྩལ་འདྲ་མིན་ལས་གབ་དོན་ཡང་འདྲ་མིན་མང་དུ་འབྱུང་བ་དག་ལ་གོ་དགོས་པར་སེམས། དེ་ལྟར་ན། དཔེ་ཆོས་ཀྱི་གཞི་གྲུབ་པ་ལ་ཐོག་མར་དེའི་རྒྱབ་ཆོས་གྲུབ་དགོས་ཤིང་། རྒྱབ་ཆོས་དག་ལ་སྒྱུ་རྩལ་གྱི་ལས་སྣོན་ནམ་ཞུན་བརྡར་ཡང་ཡང་བྱས་རྗེས་ད་གཟོད་དེའི་དཔེ་མིང་ཟུར་དུ་བཀོལ་ཚུལ་ལ་མནོ་བསམ་གཏོང་དགོས་པས། དེ་གཉིས་དབར་རྒྱུ་འབྲས་སྔ་ཕྱིའི་འབྲེལ་བ་ཡོད།
            (གཉིས་) སྔོན་གྱི་མཁས་པའི་བརྩམས་ཆོས་དག་ལས་ཕྱོགས་གཅིག་ཏུ་བསྡུ་བ།
            དཔེ་ཆོས་ཀྱི་རྒྱབ་ཆོས་སྔོན་བྱུང་ཟིན་པ་རྣམས་ཕྱོགས་གཅིག་ཏུ་བསྡུ་བར་བྱ་བ་ལ། གཙོ་བོར་བསྡུ་ཐབས་རྣམ་པ་གསུམ་དུ་དབྱེ་ཆོག་པར་སེམས་ཏེ། དེ་ཡང་《དཔེ་ཆོས་རིན་ཆེན་སྤུངས་པ་》ལས། “སྤྱིར་དཔེ་ལ་བསམ་གྱིས་མི་ཁྱབ་ཀྱང་། དགེ་བའི་བཤེས་གཉེན་དེས་མདོ་རྒྱུད་བསྟན་བཅོས་རྣམས་ལ་གཟིགས་པ་དང་། དགེ་བཤེས་སྟོན་པ་ལས་གསན་པ་དང་། འཇིག་རྟེན་པ་ལས་གསན་ཅིང་དགོངས་པ་རྣམས་གང་ཟག་གཞན་དང་གཞན་ལ་དུས་གཞན་དང་གཞན་དུ་གསུངས་པ་རྣམས་ཕྱོགས་གཅིག་ཏུ་བསྡུས་པའོ་”⑾ཞེས་གསུངས་པ་དང་དོན་གཅིག་ཡིན། དེ་ཡང་“མདོ་རྒྱུད་བསྟན་བཅོས་རྣམས་ལ་གཟིགས་པ་དང་”ཞེས་པས་དཔེ་ཆོས་ཀྱི་རྒྱབ་ཆོས་དངོས་སམ་ཡང་ན་རྒྱབ་ཆོས་སུ་ལས་སྣོན་བ་འོས་པ་མང་དག་ཅིག་ནི་སྔོན་གྱི་མཁས་པས་བྱས་པའི་བརྩམས་ཆོས་འདྲ་མིན་སྣ་ཚོགས་དག་ལས་བྱུང་བ་ཡིན་པར་བསྟན་པ་དང་། “དགེ་བཤེས་སྟོན་པ་ལས་གསན་པ་དང་། འཇིག་རྟེན་པ་ལས་གསན་ཅིང་”ཞེས་པས་དཔེ་ཆོས་ཀྱི་རྒྱབ་ཆོས་སུ་གྲུབ་ཟིན་པའམ་ཡང་ན་རེ་ཞིག་མ་གྲུབ་ཀྱང་སྒྱུ་རྩལ་གྱི་ལས་སྣོན་ཅུང་ཟད་ལ་བརྟེན་ན་འགྲུབ་པར་འགྱུར་བ་མང་དག་ཅིག་ནི་འཇིག་རྟེན་པའི་ཤེས་པ་ཅན་གྱི་མི་དང་ལྷག་པར་དུ་རྒན་པོ་དག་གི་ངག་ཏུ་མང་དུ་བཟུང་ནས་ཡོད་པས། དེ་དག་ཉན་ནས་བསྡུ་ལེན་དགོས་པར་བསྟན་པ་དང་།“དགོངས་པ་རྣམས་”ཞེས་པས་ཕྱི་དངོས་པོའི་སྣང་ཚུལ་སྣ་ཚོགས་པ་དག་ལ་ནང་བསམ་པའི་བློ་ཡིས་དཔྱད་དེ། འཚོ་བའི་ཁ་རིས་ངོ་རིས་ལས་དཔེ་ཆོས་ཀྱི་རྒྱབ་ཆོས་སུ་བཀོལ་འོས་པ་རྣམས་ལ་སྒྱུ་རྩལ་གྱི་ཞུན་བརྡར་ལ་བརྟེན་ནས་ཕྱོགས་བསྡུས་དང་། ཡང་འཚོ་བའི་ཁྲོད་དུ་དངོས་སུ་དབང་པོས་གཞལ་དཀའ་བའམ་རེ་ཞིག་འཇལ་མི་ཐུབ་ཀྱང་རྟོག་བཟོའི་ལམ་ལ་བརྟེན་ནས་ཕྱོགས་བསྡུས་བྱེད་དགོས་པར་བསྟན་པ་བཅས་ཐབས་ལམ་གསུམ་དུ་བསྟན་ཡོད་ལ། དེ་ནི་དོན་དུའང་ལེགས་པར་གནས་པ་ཡིན་ནོ། གཞན་ཡང་དཔེ་ཆ་འདི་ལས་ཚིག་ངོར་དངོས་སུ་མ་བསྟན་ཀྱང་། “མདོ་རྒྱུད་བསྟན་བཅོས་”ཞེས་པའི་ཚིག་ཤུལ་ལས་མི་རིགས་གཞན་གྱི་དཔེ་ཆོས་དག་ཀྱང་རང་རིགས་ཀྱི་བསམ་པའི་འཁྱེར་སོ་དང་། གོམས་པ་གཤིས་སུ་འཇགས་ཚུལ། འཚོ་བ་སྐྱེལ་ལུགས། དད་པའི་རང་བཞིན་སོགས་དང་བསྟུན་ནས་ལས་སྣོན་བྱས་ནས་བསྡུ་ལེན་བྱེད་དགོས་པའི་ཐབས་ཀྱང་བསྟན་ནས་ཡོད་དོ་སྙམ། སྔོན་གྱི་མཁས་པའི་བརྩམས་ཆོས་དག་ལས་དཔེ་ཆོས་ཀྱི་རྒྱབ་ཆོས་སུ་དངོས་སུ་གྲུབ་ཟིན་པའམ་ཡང་ན་ངོ་མཚར་བའི་སྒྲུང་དང་། ཡ་མཚན་པའི་བྱུང་བ་སོགས་དཔེ་ཆོས་ཀྱི་རྒྱབ་ཆོས་སུ་འགྲུབ་འོས་པ་རྣམས་བཙལ་འཚོལ་བྱ་བ་ལ་གཅིག་ནས་མདོ་རྒྱུད་བསྟན་བཅོས་དང་། ཡིག་ཚང་ལོ་རྒྱུས། རྣམ་ཐར་དམངས་སྒྲུང་སོགས་ལ་ལྟ་ཀློག་རྒྱ་ཆེན་གྱི་བརྩོན་འགྲུས་དགོས་པ་དང་། དཔེ་ཆོས་ཀྱི་ཐུན་མིན་སྒྱུ་རྩལ་དག་ལ་ལྟོས་ནས་རྣམ་དཔྱོད་བཟང་པོས་བསལ་བསྲེ་འདོར་ལེན་དགོས་པ་ཡིན་ཞིང་། གཉིས་ནས་རྩོམ་རིག་སྤྱི་དང་ཡང་སྒོས་བོད་ཀྱི་དཔེ་ཆོས་ལ་མཆིས་པའི་ཐུན་མིན་སྒྱུ་རྩལ་དག་སོར་ཆུད་པ་བྱས་ཏེ། རྒྱབ་ཆོས་ཀྱི་བསལ་བསྲེ་འདོར་ལེན་ལ་མཁས་པ་དང། དཔེ་མིང་ཟུར་དུ་དབྱུང་ཚུལ་སོགས་རྟོགས་ཐུབ་པ་ཞིག་ངེས་པར་དགོས་སྙམ། ཆ་རྐྱེན་འདི་གཉིས་ལས་གང་རུང་ཞིག་མ་ཚང་ནའང་སྔོན་གྱི་ཡིག་ཚང་དག་ལས་བྱུང་བའི་དཔེ་ཆོས་ཀྱི་རྒྱབ་ཆོས་དག་བསྡུ་ལེན་ལ་རྨོངས་པར་འགྱུར་ཞིང་། རེ་ཞིག་བསྡུ་ལེན་གྱི་ངལ་བྱ་བསྟེན་ཁུལ་བྱས་ཀྱང་འབྲས་བུ་དམིགས་ཐོག་ཏུ་འབབ་པ་ཞིག་ཡོང་དཀའོ།
            (གསུམ་) འཚོ་བའི་ཁྲོད་ནས་བསྡུ་ལེན།
            འཚོ་བ་ནི་རིག་གནས་སྤྱི་དང་ཡང་སྒོས་སྒྱུ་རྩལ་གྱི་གྲངས་ཇི་སྙེད་པ་དག་གི་འབྱུང་ཁུངས་ཡིན་པས། འཚོ་བའི་སྣང་ཚུལ་སྣ་ཚོགས་པ་དག་ལ་གཟབ་སྦྱོང་དང་། མཉམ་འཇོག གནད་འགག་འཛིན་པའི་བློ་མིག་གསལ་བ་སོགས་བྱུང་ན་ད་གཟོད་འཚོ་བ་ནི་ངོ་མ་ནམ་ཡང་འཛད་དུ་མེད་པའི་ཤེས་བྱའི་ཆུ་གཏེར་ཆེན་པོ་ཞིག་ཡིན་པར་ངེས་ཤེས་སྐྱེ་བར་འགྱུར་རོ། གོང་དུ་བརྗོད་པའི་སྔོན་གྱི་མཁས་པ་དག་གི་བརྩམས་ཆོས་ལས་དཔེ་ཆོས་ཀྱི་རྒྱབ་ཆོས་བཙལ་འཚོལ་བྱེད་རྒྱུ་ནི་ངེས་པར་ཚད་བཀག་རང་བཞིན་ཤིན་ཏུ་ཆེ་བ་ཞིག་སྟེ། བརྩམས་ཆོས་ཀྱི་རྣམ་གྲངས་དང་། དེ་དག་ལས་དངོས་སུ་བསྟན་པའམ་ཤུགས་བསྟན་སོགས་གང་ཡིན་རུང་། གང་ལྟར་བཙལ་ནས་རྙེད་པར་འགྱུར་བའི་དཔེ་ཆོས་ཀྱི་གྲངས་ཚད་དང་། སྒྱུ་རྩལ་གྱི་ལས་སྣོན་སོགས་ལ་ཚད་བཀག་ངེས་ཅན་ཞིག་ལྡན་པས་ཡིན། འོན་ཀྱང་འཚོ་བའི་ཁྲོད་ནས་བསྡུ་ལེན་བྱེད་པར་རང་གི་ཤེས་རབ་དང་བརྩོན་པས་འབྱོར་ན་ཕྱོགས་གཅིག་ཏུ་བསྡུ་བར་འོས་པའི་དཔེ་ཆོས་ཀྱི་རྒྱབ་ཆོས་ལ་ནམ་ཞར་ཡང་མཐའ་མི་མངོན་པ་ཞིག་ཡོད། དེ་ཡང་འཚོ་བའི་ཁྲོད་ནས་ཇི་ལྟར་བསྡུ་ལེན་བྱ་བའི་ཐབས་འགའ་ཞིག་འདིར་དཔེས་ཉེ་བར་མཚོན་ནས་བརྗོད་པར་བྱ་སྟེ།   
            “དགེ་བཤེས་པོ་ཏོ་བ་གངས་སྐྱ་མོ་ན་བཞུགས་ཙ་ན། ནང་མ་གཅིག་མི་གཅིག་གིས་བོང་དོར་གཅིག་ལ་ལུག་ཁལ་གྱི་ནང་དུ་ལ་མ་ཁྲེས་རེ་བཅུག་ནས་འགིལ་བ་གཟིགས། དེ་ནས་སང་ནང་པར་ལ་མ་ཁྲེས་གཉིས་གཉིས་བཅུག་ནས་འགེལ་བ་གཟིགས་པས། ཁོང་གི་ཐུགས་ལ་བླ་མས་སློབ་མ་སྐྱོང་བའང་འདི་དང་འདྲ་བ་ཞིག་དགོས་སྙམ་”⑿ཞེས་པ་ལྟར་འཚོ་བའི་སྣང་ཚུལ་ཇི་སྙེད་པ་དག་ལ་དཔྱད་དཔྱོད་ཀྱི་སྤྲོ་བ་དང་། སྣང་ཚུལ་ཉག་ཉོག་བོར་ནས་སྙིང་པོ་བསྡུ་ཚུལ་ལ་མཁས་པ་ཞིག་དགོས་པ་ཡིན་ཏེ། པོ་ཏོ་བ་ཁོང་བོད་ཀྱི་དཔེ་ཆོས་ཀྱི་མཛོད་ཀྱི་ལྡེ་མིག་འཛིན་པོར་གྱུར་བའང་དོན་དུ་འཚོ་བ་དངོས་ལ་ལྟ་རྟོག་དང་ཉམས་ཞིབ་ལ་མཁས་ཤིང་བྱང་བས་ཡིན་ནོ།  
            འཚོ་བར་ཟབ་འཇུག་ཅེས་པའང་འཇིག་རྟེན་འདིར་མང་མང་དུ་མཉམ་དུ་འཚོ་བཞིན་པ་ཙམ་ལ་མི་ཟེར་གྱི། རང་གཞན་གྱི་འཚོ་བའི་གོམས་ལུགས་དང་། དད་མོས་སོགས་ལེགས་ཉེས་ཀྱི་སྤུ་རིས་སྣ་ཚོགས་པ་དག་ལེགས་པར་འབྱེད་པ་ལ་མཁས་དགོས་ཤིང་། དེ་འདྲའི་བློ་རིག་བཀྲ་བའི་སྟེང་དུ་སྒྱུ་རྩལ་གྱི་ལྷ་མིག་ཀྱང་ངེས་པར་ལྡན་པ་ཞིག་དགོས་པ་ཡིན་ནོ། དེ་ལྟར་འོང་བ་ལའང་། སྔོན་མཁས་པ་དུ་མས་མིའི་བསམ་སྤྱོད་སྣ་ཚོགས་པ་ལས་བྱུང་བའི་ལུས་ངག་གི་རྣམ་འགྱུར་སྣ་ཚོགས་པ་དག་དང་། རི་ལུང་གི་རྣམ་པ། དུས་བཞིའི་འགྱུར་བའི་ཁྱད་ཆོས་ཕྲ་མོ། བྱ་རི་དྭགས་སོགས་ཀྱི་འཚོ་བའི་རོལ་ལུགས་སོགས་ལ་སྒྱུ་རྩལ་གྱི་ལྷ་མིག་སྤྱད་དེ་སྤྱོད་པར་བྱེད་པའི་ལག་ལེན་ལ་མིག་དཔེ་བལྟ་དགོས་ཏེ། དཔེར་ན་སྔོན་གྱི་མཁས་པ་དུ་མས་བྱ་ཁུག་རྟས་ཚང་བཅའ་ལུགས་ལ་ཞིབ་མོའི་བློ་ཡིས་བརྟགས་པ་དང། སྐྱ་ཀ་དང་འུ་གུ་ཆུང་ཕན་ཚུན་འགྲས་ཏེ་མི་ཤ་ལེན་ལུགས། འུག་པ་དང་སྲམ་གྱི་འབྲེལ་བ། རྨིག་པས་སྦྲུལ་གསོད་སྟངས། ཙིག་གུས་ལོངས་སྤྱོད་གསོག་ཚུལ། རྟ་གཡག་དོར་སྡེབ་ཀྱི་མཐའ་འབྲས། རྫིང་གི་ནང་འཚོ་བཞིན་པའི་ཉ་དང་ཉེའུ་དབར་གྱི་འབྲེལ་བ། སྐྱ་ཀ་མ་བུའི་འབྲེལ་བ། གླག་ཕོ་མོས་རེའུ་ལུ་གུ་སོགས་གནམ་དུ་འཁྱེར་ཚུལ་སོགས་མདོར་ན་འཇིག་རྟེན་གྱི་སྣང་ཚུལ་སྣ་ཚོགས་པ་དག་ལ་སྒྱུ་རྩལ་གྱི་ལྷ་མིག་གིས་བལྟས་ཤིང་སྒྱུ་རྩལ་གྱི་བློ་གྲོས་ཀྱིས་དཔྱད་པས། སྒྱུ་རྩལ་གྱི་ལས་སྣོན་དང་ཞུན་བརྡར་ལས་བྱུང་བའི་དགོད་བྲོ་ལ་ཉམས་དགའ་བ། ལེགས་སྨོན་ཉེས་སྤྱུགས་དང་གལ་པོ་ཆེ་ལ་ནམ་དགོས་དུས་སུ་སྤྱོད་ཆོག་ཆོག་ཡིན་པའི་དཔེ་ཆོས་མི་ཉུང་བ་ཞིག་བྱུང་བ་དང། དཔེ་ཆོས་དེ་དག་གླེགས་བམ་གྱི་ཕྱོགས་གཅིག་ཏུ་མ་བསྐྱིལ་ཡང། རང་ཉིད་ཐོས་པ་གསོག་རྒྱུར་དགའ་བ་ཞིག་ཡིན་ན་སྔོན་གྱི་དཔེ་ཆ་དག་ལས་མཐོང་རྒྱུ་ཡོད་པ་དེ་ལྟར་ཡིན་པས། འཚོ་བའི་ཁྲོད་ནས་དཔེ་ཆོས་བསྡུ་ལེན་ཇི་ལྟར་དགོས་ལུགས་ཐད་ཀྱི་གཞུང་ལུགས་སམ་ཉམས་མྱོང་དུ་མ་ཞིག་མེས་པོ་རྣམས་ཀྱིས་བཞག་ནས་ཡོད་པས་དེ་འདྲའི་རིགས་ལ་སྣང་ཆུང་དང་ཐ་ན་ཁྱད་གསོད་མེད་པར་ལག་ཏུ་བཀོལ་རྒྱུར་སྤྲོ་བར་འོས་ལ། གཞན་ཡང་མི་རིགས་གཞན་གྱི་དཔེ་ཆོས་ཞིབ་འཇུག་གི་ཁྲོད་ལས་བྱུང་བའི་ཉམས་མྱོང་དག་ཀྱང་རང་གི་དགོས་མཁོ་བཞིན་དུ་ལག་ཏུ་བླངས་ན་དཔེ་ཆོས་ཀྱི་བསྡུ་ལེན་ལ་འདེང་ཐོབ་པའི་བློ་གྲོས་རྒྱས་པར་འགྱུར་རོ་སྙམ།
            (བཞི་)  རྟོག་བཟོ།
            རྟོག་བཟོ་ཞེས་པ་ནི་མི་འོས་རྫུན་བཟོ་དང་།  གང་བསམ་ཅི་དྲན་མ་ཡིན་པར་ཡུལ་གྱི་སྣང་ཚུལ་སྣ་ཚོགས་པ་དག་རྩ་བར་བྱས་ཏེ། དེ་དག་ལ་རང་གི་རྟོག་པའི་རྩལ་གྱིས་ལས་སྣོན་ཁྱད་པར་ཅན་བྱས་པ་ལ་ཟེར་བ་ཡིན་པས། དོན་དུ་རྟོག་བཟོ་ཞེས་པའང་འཚོ་བ་དང་ཁ་བྲལ་ན་བྱ་བ་བྱེད་པའི་ནུས་པ་དབེན་པར་འགྱུར་བ་འཛམ་གླིང་གི་རྩོམ་རིག་སྨྲ་བ་དང་མཚན་ཉིད་རིག་པ་སྨྲ་བ་ཕལ་ཆེར་ཁ་གཅིག་གྲགས་ཡིན་པ་ནི། ཅི་འདྲའི་རྟོག་པ་རྒྱ་ཡན་དུ་བྱུང་བའི་རྟོག་བཟོའང་དོན་དུ་འཚོ་བའི་ཁྲོད་ལས་བྱུང་བའི་བག་ཆགས་ཀྱི་ས་བོན་ཞིག་སྔོན་དུ་འགྲོ་དགོས་པའི་ཕྱིར། ཅི་ཡང་རུང་བའི་བག་ཆགས་ཤིག་སྔོན་དུ་མ་སོང་ན་རྟོག་བཟོ་བ་ཐབས་བྲལ་ལ། རྟོག་བཟོ་བྱ་རུ་བཏུབ་ཀྱང་གཞན་གྱིས་བློས་མྱོང་རོལ་མི་ཐུབ་པས་སོ།
            དཔེ་ཆོས་ཞེས་པའང་དོན་དངོས་ཐོག་རྟོག་བཟོའི་དཔེ་ཆོས་དང་རྟོག་བཟོ་མ་ཡིན་པའི་དཔེ་ཆོས་གཉིས་སུ་བསྡུ་ཆོག་པར་སེམས་ཤིང་། རྟོག་བཟོ་མ་ཡིན་པའི་དཔེ་ཆོས་དེ་དག་ཀྱང་དོན་དུ་སྒྱུ་རྩལ་གྱི་རྟོག་པས་གང་ལ་གང་འཚམ་གྱིས་ལས་སྣོན་བྱས་ཡོད་པ་ཞེ་ཅིག་ཡིན་ལ། དེ་ལྟར་མ་ཡིན་ན་སྒྱུ་རྩལ་བརྩམས་ཆོས་སུ་ཡེ་ནས་འགྲུབ་ཐབས་མེད་པའི་ལུགས་འདི་ཡང་མཁྱེན་དགོས་པའི་གནད་དམ་པ་ཡིན་པས། ཅི་དང་གང་ཡང་ལྟོས་བཅས་ཀྱི་ལུགས་ལ་བརྟེན་ནས་དཔྱད་དཔྱོད་བྱ་དགོས་པ་ནི་གལ་ཆེན་པོ་ཡིན་ནོ། དེས་ན་མིའི་རྟོག་པ་དང་ཁྱད་པར་སྒྱུ་རྩལ་གྱིས་ཕྱུག་པའི་བློ་གྲོས་ནི་རྒྱུ་སྔོན་སོང་གི་བག་ཆགས་ཏེ་སྐྱེས་སྟོབས་ཀྱི་ཤེས་རབ་དང་། མང་ཐོས་ལུང་གིས་ཕྱུག་པའི་རྗེས་ཐོབ་ཀྱི་ཤེས་རབ། དེ་ཟུང་གི་སྟེང་དུ་ཤེས་བྱ་གང་ཡང་ལག་ལེན་དུ་ཡང་ཡང་བཀོལ་བའི་ཉམས་མྱོང་གིས་ཕྱུག་པ་གསུམ་གྱི་འབྲས་བུ་ཡིན་པས། དེ་གསུམ་མ་ཚང་བའམ་ཡང་ན་ཡན་ལག་འགའ་ཞིག་མ་ཚང་ནའང་རྩོམ་གྱི་རིག་པ་ལ་དེ་ཙམ་གྱིས་ཁྱད་ཆོས་འདོན་མི་ཐུབ་པས། རྒྱུ་དེ་གསུམ་ལ་འབད་པ་དགོས་རྒྱུ་འགངས་ཆེ་བ་ཡིན། མདོར་ན་སྔོན་གྱི་མི་ཚོས་བྱས་པའི་སྒྱུ་རྩལ་གྱི་རྣམ་གྲངས་དུ་མ་གླེགས་བམ་གྱི་ཕྱོགས་གཅིག་དུ་བསྐྱིལ་བ་དག་ལ་སློབ་སྦྱོང་དང་། དེ་སྟེང་དུ་རང་གི་བློ་གྲོས་ཀྱི་རྩལ་ལས་བྱུང་བའི་སྒྱུ་རྩལ་གྱི་ལག་ཐབས་ཇི་སྙེད་པ་དག་ཀྱང་བསྣོན་པ་བཏབ་སྟེ། འཚོ་བའི་ཁྲོད་ཀྱི་སྣང་ཚུལ་ཁྱབ་ཆེ་ཁྱད་གཟུགས་ཅན་ནམ་ཚབ་མཚོན་རང་བཞིན་ལྡན་པ་དག་ལ་སྒྱུ་རྩལ་གྱི་བཀོད་པ་ལེགས་པར་འཐེན་ནས་བོད་ཀྱི་དཔེ་ཆོས་རྩོམ་རིག་འདི་ཉིད་གྲངས་ཚད་དང་། སྒྱུ་རྩལ་གྱི་རིན་ཐང་སོགས་ཕྱོགས་གང་ཅིར་མི་རིགས་གཞན་ལས་མི་དམན་པའི་བྱ་བ་གཉེར་ཐུབ་ན། རང་རིགས་ཀྱི་སྲོག་རྩ་སྟེ་སྐད་དང་ཡི་གིའི་ཞབས་ཕྱི་ལེགས་པར་བསྒྲུབ་ཐུབ་བོ།
            བཞི་པ། ལག་ལེན་དུ་བཀོལ་ནས་དཔེ་ཆོས་ཀྱི་ཚེ་ཐག་སྲིང་དགོས་པ།
            ཤེས་བྱ་གང་ཡང་དོན་དངོས་ཀྱི་ལག་ལེན་དུ་མི་མཁོ་ན་རིམ་གྱིས་མི་རྣམས་ཀྱི་དྲན་པའི་ཡུལ་ལས་བག་ཏུ་གཞའ་བའམ་ཡང་ན་ལག་ལེན་ཏུ་ཡུན་རིང་མ་བསྟར་ན། དེ་དང་འབྲེལ་བའི་ཤེས་བྱ་དག་ཀྱང་ཕྱི་རབས་པ་རྣམས་ཀྱིས་མི་ཤེས་པར་འགྱུར་བ་ནི་མངོན་སུམ་མྱོང་བས་གྲུབ་ལ། མིའི་རིགས་ཀྱི་རིག་གནས་ཀྱི་སྣང་ཚུལ་མང་པོ་ཞིག་ཀྱང་འཇིགས་ནས་མི་མངོན་པར་གྱུར་བ་ནི་རྒྱུ་མཚན་གཙོ་བོ་འདི་གཉིས་ལ་ཐུག་པ་ཡིན། འདི་འདྲའི་སྣང་ཚུལ་ནི་ཕལ་ཆེར་གྱིས་རྒྱུན་གཏན་ཅན་དུ་བརྩིས་ནས་དེ་ལ་མཉམ་འཇོག་ཆེར་མི་བྱེད་མོད། དོན་དངོས་ཐོག་ཇི་སྲིད་མིའི་རིགས་འཚོ་སྡོད་བྱེད་པ་དེ་སྲིད་དུ་ཤེས་བྱ་འདི་མཁོ་དང་འདི་མི་མཁོ་བྱ་བ་མི་སྲིད་དེ། མིའི་རྣམ་རྟོག་ལ་མཐའ་མེད་པས་དེ་ལས་བྱུང་བའི་འདོད་པའང་མཐའ་མི་མངོན་པ་དང་། མཐའ་མི་མངོན་པའི་འདོད་པ་འགེངས་བྱེད་ཀྱི་རིག་པའམ་ཐབས་ཀྱང་ཇི་སྙེད་ཅིག་མཁོ་བ་ཡིན། དེས་ན་བོད་ཀྱི་དཔེ་ཆོས་ཀྱང་ཇི་སྲིད་བོད་མི་རྣམས་ཐོས་བསམ་གྱི་ཤེས་རབ་གོང་ནས་གོང་དུ་འཕེལ་དགོས་པ་དེ་སྲིད་དུ་མཁོ་བ་ཡིན་ཞིང་། གལ་ཏེ་ནམ་ཞིག་ཤེས་རབ་དམ་པ་རྙེད་པར་གྱུར་བའི་ཚེ་དེ་དུས་གཞི་ནས་མི་མཁོ་བར་འགྱུར་ཏེ། གྲུ་དང་ཟམ་པ་སོགས་གྱི་རྩོལ་བ་དོན་དུ་གཉེར་བ་ཆུ་ཀླུང་གི་ཕ་རོལ་དུ་བགྲོད་ཆེད་ཡིན་གྱི། དམིགས་སར་ཐོན་ཚེ་དེ་དག་མཁོ་བ་མེད་པར་འགྱུར་བ་བཞིན་ནོ། དེས་ན་བོད་ཀྱི་དཔེ་ཆོས་ཀྱི་རྒྱུན་འཛིན་ལུགས་དང་གསར་དུ་བསྐྱེད་ཚུལ། ཁྱབ་གདལ་གཏོང་ལུགས་སོགས་ཀྱང་ལག་ལེན་དུ་མང་དུ་བཀོལ་རྒྱུ་དེ་ཡིན་པ་གོར་མ་ཆག་པས། མང་མང་གིས་རང་ནུས་དང་བསྟུན་ནས་ལག་ལེན་དུ་བསྟར་རྒྱུ་གལ་ཆེའོ། ལག་ལེན་ཞེས་པའང་དོན་དུ་ཟུར་སྣེ་འདྲ་མིན་ནས་ཞིབ་འཇུག་གང་མང་བ་རྒྱུ་དང་། དེ་དག་ལས་ཐོན་པའི་འབྲས་བུ་རྣམས་ཀྱིས་ལག་ལེན་ཁྲོད་དུ་ནུས་པ་འདོན་རྒྱུ་དེ་ཡིན་པས། ལག་ལེན་དུ་བསྟར་མཁན་ཡང་སྐྱེ་བོ་སྤྱི་དང་ཡང་སྒོས་ཤེས་བྱ་སྣ་ཚོགས་གཞན་ལ་སྟོན་མཁན་གྱི་དགེ་རྒན་རྣམས་ཡིན་པར་སེམས། དེའི་དབང་གིས་འདིར་ཡང་རང་གི་བློ་བརྟུལ་ལས་བྱུང་བའི་བསམ་ཚུལ་འགའ་ཞིག་དང། མི་རིགས་གཞན་གྱིས་བཀོལ་ཟིན་པའི་ཐབས་འགའ་ཞིག་ཟུར་དུ་བརྒྱན་ཁུལ་བྱས་ཏེ། བོད་ཀྱི་དཔེ་ཆོས་དག་ལག་ལེན་དུ་བཀོལ་ཚུལ་འགའ་ཞིག་ཕྱོགས་བསྡུས་ཀྱི་ཚུལ་དུ་བརྗོད་ན།   
            ༡ དཔེ་ཡོད་དོ་ཅོག་དཔེ་ཆོས་དུ་མི་སེམས་པར་དཔེ་ཆོས་མཚན་ཉིད་པ་དག་ཕྱོགས་གཅིག་ཏུ་བསྡེབས་དགོས་པ།   
            ༢ དཔེ་ཆོས་ཀྱི་རྒྱབ་ཆོས་ཀྱི་བརྗོད་དོན་གཙོ་བོ་རྟོགས་སླ་ཕྱིར་རི་མོ་དང་འགུལ་རིས་འོད་སྡེར་སོགས་བསྒྲིག་བཟོ་སོས་པ།   
            ༣ སྔོན་གྱི་དཔེ་ཆོས་དག་གི་རྒྱབ་ཆོས་ལ་ལས་སྣོན་དང་དཔེ་མིང་འོས་ཤིང་འཚམ་པར་བཅོས་དགོས་པ།   
            ༤ དཔེ་ཆོས་གང་མང་བློར་འཛིན་པ་དང་། བློར་བཟུང་བ་རྣམས་ནམ་དགོས་དུས་སུ་འཁོན་ཐོགས་མེད་པར་སྤྱོད་དགོས་པ།   
            ༥ ངས་ཤེས་ང་མཁས་སྙམ་པའི་ང་རྒྱལ་བོར་ཏེ། དམངས་ཀྱི་ངག་སྦྱོར་ལས་བྱུང་བའི་གཏམ་རྣམས་ཉན་འདོད་པ་དང། ཉན་པ་དག་ལ་བསལ་བསྲེ་འདོར་ལེན་གྱིས་རང་གིས་ངེས་ཤེས་སྐྱེད་པ་རྣམས་གཞན་ལ་དངོས་ཤུགས་གང་རུང་ནས་བརྒྱུད་སྤྲོད་བྱེད་དགོས་པ་སོགས། དེ་ལྟར་བོད་ཀྱི་དཔེ་ཆོས་ཀྱི་དར་རྒུད་སོགས་ལས་འཕྲོས་ནས་རང་གི་བློ་རྩིང་པོས་དཔྱད་པའི་རྙེད་དོན་ཅུང་ཟད་བརྗོད་ཁུལ་བྱས་པ་འདིའང་དཔེ་ཆོས་རྩོམ་རིག་འདི་ཉིད་སླར་སྔར་གྱི་འཛུམ་ཞལ་ངོམ་པར་འགྱུར་ན་ཅི་མ་རུང་སྙམ་པའི་ལྷག་བསམ་གྱིས་བསྐུལ་ནས་བྲིས་པ་ལ་འགལ་འཁྲུལ་ཇི་ཡོད་མཁས་པའི་ཚོགས་ལ་བཟོད་གསོལ་ཞུའོ།།
            ལུང་འདྲེན་དཔྱད་ཡིག
①④⑨⑾⑿《དཔེ་ཆོས་རིན་སྤུངས་པའི་འགྲེལ་པ་བཞུགས་སོ་》ལྕེ་སྒོམ་རྫོང་པ་ཤེས་རབ་རྡོ་རྗེས་མཛད། 1991ལོར་མི་རིགས་དཔེ་སྐྲུན་ཁང་ནས་བསྐྲུན།    P15  P267  P165  P16  P16  P170
②བློ་སྦྱོང་བརྒྱ་རྩ་ཕྱོགས་བསྒྲིགས་》 སེར་གཙུག་ནང་བསྟན་དཔེ་རྙིང་ཕྱོགས་བསྒྲིགས་ཁང་།   P403
⑤《གྲུབ་མཐའ་སྤྱི་བཅིངས་རྩ་འགྲེལ་》 དམ་པ་བདེ་གཤེགས་དང་ཡེ་ཤེས་རྒྱལ་མཚན་གྱིས་མཛད། 1997ལོར་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་ནས་བསྐྲུན། P38
⑥《མཁས་པ་འཇུག་པའི་སྒོ་》ས་པཎ་གྱིས་མཛད། 1981ལོར་མི་རིགས་དཔེ་སྐྲུན་ཁང་ནས་བསྐྲུན།   P85
⑦⑧《སྤྱན་སྔ་བློ་གྲོས་རྒྱལ་མཚན་གྱི་གསུང་འབུམ་》པོད་དང་པོ། སེར་གཙུག་ནང་བསྟན་དཔེ་རྙིང་ཕྱོགས་བསྒྲིགས་ཁང་། P87  P148
⑩《文学术语词典》(美)艾布拉姆斯著,北京大学出版社,2009.11

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1