——《གཟིག་ལྤགས་བཀབ་པའི་བོང་བུ》དཔེར་དྲངས་པ།
མཚོ་སྔོན་མི་རིགས་སློབ་ཆེན་བོད་རིག་པའི་སློབ་གླིང་། ལྷུན་འགྲུབ།
དང་པོ། སློབ་ཚན་གསལ་བཤད།
སློབ་ཚན་འདི་ནི་ལྗོངས་ཞིང་ལྔའི་མཉམ་སྒྲིག་སློབ་གཞི་སྟེ། སློབ་ཆུང་ལོ་རིམ་གཉིས་པའི་སློབ་ཚན་བཅུ་བཞི་པ་ཡིན། འདིའི་ཁུངས་ནི《ས་སྐྱ་ལེགས་བཤད》ཀྱི་འགྲེལ་བ་ལས་དྲངས་པ་དང་། སློབ་ཚན(བསླབ་དེབ་གསར་མའི་སྟོད་ཆ)འདིར་བཀོད་པའི་བར་བཅུག་རི་མོ་གཉིས་ལས་དང་པོ་ནི་གཟིག་ལྤགས་བཀབ་པའི་བོང་བུས་ཞིང་ནང་གི་ལོ་ཏོག་ཟོས་པ་དང་། གཉིས་པ་ནི་མི་རྣམས་ཀྱིས་གཟིག་ལྤགས་བཀབ་པའི་བོང་བུ་དེ་བསད་པའི་རྣམ་པ་བྲིས་ཡོད།
གཉིས་པ། སློབ་ཁྲིད་ཕྱིར་རྟོག་གླེང་བ།
ཇི་སྐད་དུ། ས་པཎ་མཆོག་གིས། “གང་ཞིག་ཕུན་སུམ་ཚོགས་འདོད་ན། །དེ་ཡིས་འདུ་འགོད་མང་དུ་བྱ། །”ཞེས་གསུངས་པ་ལྟར། སློབ་གསོ་ནི་ཞིབ་ཚགས་དང་གཟབ་ནན་གྱིས་བསྒྲུབ་དགོས་པའི་ལས་ཀ་ཞིག་ཡིན་པས་གྲ་སྒྲིག་ཕུན་སུམ་ཚོགས་པ་ཞིག་དགོས་པ་དང་། སློབ་ཁྲིད་ཕུན་སུམ་ཚོགས་པ་ཞིག་ཡོང་བར་དགེ་རྒན་ལ་ལས་རིགས་ཀུན་སྤྱོད་ཚང་དགོས་པ་ལས་གཞན། ཆེད་ལས་བྱང་ཚད་ལྡན་པ། སློབ་ཁྲིད་ལ་གྲ་སྒྲིག་ཡོད་མེད་དང་དེ་ལ་ཕྱིར་རྟོག་བྱེད་ཐུབ་མིན་ལ་རག་ལས། ཕམ་ཁ་ནི་རྒྱལ་ཁའི་རྩ་བ་ཡིན་ཞེས་པའང་དོན་ལ་ཕམ་ཁ་ལ་ཕྱིར་རྟོག་བྱས་ཏེ་ཉམས་མྱོང་སྤྱི་སྡོམ་དང་བསླབ་བྱ་དང་ལེན་བྱེད་ཐུབ་མིན་ལ་རག་ལས་སོ། །
སློབ་ཁྲིད་ཕྱིར་རྟོག་ཅེས་བཤད་མ་ཐག་ཏུ། དགེ་རྒན་མང་པོ་ཞིག་གི་བློ་ངོར་དེ་ནི་སློབ་ཁྲིད་རྗེས་ཀྱི་ལས་ཀ་ཞིག་ཏུ་འདོད་མོད། ཡིན་ནའང་སློབ་ཁྲིད་ཀྱི་སྦྱོར་བ་དངོས་སུ་ལག་ལེན་དུ་བསྟར་དུས། དེ་ལ་གྲ་སྒྲིག་ཕུན་སུམ་ཚོགས་པ་ཞིག་དགོས་ཏེ། སློབ་མའི་གནས་ཚུལ་ལ་དབྱེ་ཞིབ་དང་། བསླབ་གཞི་དབྱེ་ཞིབ། དམིགས་ཚད་གཏན་འཁེལ། དམིགས་ཚད་ཡོངས་འགྲུབ་བྱེད་པར་སློབ་ཁྲིད་ཐབས་ལམ་གདམ་པ། སློབ་ཁྲིད་ཐབས་ལམ་ལའང་། “སློབ་ཁྲིད་ཀྱི་དམིགས་ཚད་ལ་གཞིགས་ནས་འཁྲིད་ཐབས་གདམ་ཚུལ་དང་། བསླབ་བྱའི་ནང་དོན་ལ་གཞིགས་ནས་འཁྲིད་ཐབས་གདམ་ཚུལ། སློབ་མའི་གནས་ཚུལ་ལ་གཞིགས་ནས་འཁྲིད་ཐབས་གདམ་ཚུལ། དགེ་རྒན་རང་གི་བྱང་ཚད་ལ་གཞིགས་ནས་འཁྲིད་ཐབས་གདམ་ཚུལ། སློབ་ཁྲིད་ཀྱི་ཁོར་ཡུག་ལ་གཞིགས་ནས་འཁྲིད་ཐབས་གདམ་ཚུལ”སོགས་ཟུར་མི་འདྲ་བ་སྣ་ཚོགས་ཡོད་པས། ཐུན་དེའི་དམིགས་ཚད་ཡོངས་འགྲུབ་བྱེད་ཐུབ་མིན་དེ་སློབ་ཁྲིད་གྲ་སྒྲིག་འཐུས་ཚང་ཡིན་མིན་ལ་འབྲེལ་བ་དམ་ཟབ་ཡོད། སློབ་ཁྲིད་ཕྱིར་རྟོག་ལ་སྤྱིར་བཏང་དུ། སློབ་ཁྲིད་སྔོན་གྱི་ཕྱིར་རྟོག་དང་སློབ་ཁྲིད་སྐབས་ཀྱི་ཕྱིར་རྟོག སློབ་ཁྲིད་རྗེས་ཀྱི་ཕྱིར་རྟོག་བཅས་གསུམ་དུ་དབྱེ་རུང་སྟེ། དེ་ལས་སློབ་ཁྲིད་སྔོན་གྱི་ཕྱིར་རྟོག་ནི་སློབ་ཁྲིད་ཀྱི་བྱ་བ་མགོ་མ་བརྩམས་པའི་སྔོན་གྱི་ཕྱིར་རྟོག་ཡིན་ཏེ། ཐུན་སྔོན་མའི་སློབ་ཁྲིད་ལ་ཕྱིར་རྟོག་བྱེད་རྒྱུ་གཙོ་བོར་བཟུང་སྟེ་མ་འོངས་པའི་སློབ་ཁྲིད་འཆར་འགོད་བྱེད་པར་ཐུན་སྔོན་མའི་ཉམས་མྱོང་བསླབ་བྱ་གཞིར་བཟུང་ནས་སློབ་ཁྲིད་སྐབས་ཀྱི་ལེགས་པའི་ཆ་དང་མི་འདང་སར་ཕྱིར་རྟོག་བྱེད་པ། མི་འགྱངས་པར་ཁྲིད་དགོས་པའི་ནང་དོན་ལ་གཙོ་ཕལ་དང་དཀའ་སླའི་རིམ་པ་དགར་བ། སློབ་མའི་ཆུ་ཚད། སློབ་སྦྱོང་གི་ཀུན་སློང་དང་སྤྲོ་བ་འདྲེན་ཐུབ་པའི་སློབ་ཁྲིད་ཐབས་ལམ་སོགས་ཚང་དགོས་པས་སློབ་ཁྲིད་སྔོན་གྱི་ཕྱིར་རྟོག་ལ་དམིགས་ཚད་གསལ་སྟོན་གྱི་དགེ་མཚན་ཡོད།
སློབ་ཁྲིད་སྐབས་ཀྱི་ཕྱིར་རྟོག་ནི། མིག་སྔར་གྱི་སློབ་ཁྲིད་ཕྱིར་རྟོག་ཡིན་ལ། སློབ་ཁྲིད་ཀྱི་གོ་རིམ་ཁྲོད་དུ་ཕྱིར་རྟོག་བྱེད་རྒྱུ་གནད་དུ་འཛིན་དགོས་པ་དང་། གཙོ་བོ་འཁྲིད་བྱའི་ནང་དོན་རིམ་པ་བཞིན་སྟོན་པ་དང་། སློབ་མའི་ཤེས་ཚད། སློབ་ཁྲིད་དོ་དམ། སློབ་ཚན་དཀའ་སླ། སློབ་ཁྲིད་ཐབས་ལམ་བཀོལ་སྟངས། དགེ་སློབ་ཕན་ཚུན་རོགས་འདེགས། དུས་ཚོད་བཀོད་སྒྲིག སློབ་ཁྲིད་དུས་ལྟར་ཡོངས་འགྲུབ་བྱེད་པ་སོགས་འདུས་པས། སློབ་ཁྲིད་ཀྱི་སྐབས་སུ་ཕྱིར་རྟོག་བྱེད་པར་དགའ་བ་དང་། དེ་ལ་གོམས་པར་གྱུར་ན། སློབ་ཁྲིད་ཀྱི་ཕན་འབྲས་ཀྱང་མཐོར་འདེགས་སུ་གཏོང་ཐུབ།
སློབ་ཁྲིད་རྗེས་ཀྱི་ཕྱིར་རྟོག་ནི། དེ་སྔོན་ཁྲིད་ཟིན་པའི་ནང་དོན་ལ་ཕྱིར་རྟོག་བྱེད་པ་སྟེ། སློབ་ཁྲིད་ཀྱི་ཉམས་མྱོང་དང་སློབ་ཁྲིད་ཀྱི་ཕན་འབྲས་ལ་ཕྱིར་རྟོག་བྱེད་རྒྱུ་སྲོག་ཤིང་དུ་འཛིན་པ། དེ་ནས་སློབ་མས་ཉན་པའི་གནས་ཚུལ་དང་འཕེལ་རྒྱས་ལ་དཔྱད་འཇོག་བྱས་ཏེ་སློབ་ཁྲིད་ཀྱི་དགེ་སྐྱོན་བརྟག་པ། མཐར་ཉམས་མྱོང་སྤྱི་སྡོམ་བྱས་ཏེ་དགེ་རྒན་གྱི་འཁྲིད་ཐབས་ལ་བཅོས་བསྒྱུར་བྱེད་རྒྱུ་དེ་ཡིན། འདིས་སློབ་ཁྲིད་ཀྱི་ཉམས་མྱོང་རྣམས་གཞུང་ལུགས་ཅན་དུ་བཏང་སྟེ་དགེ་རྒན་གྱི་ཁྲིད་ཀྱི་ནུས་རྩལ་རྒྱུན་མཐུད་པའི་ངང་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་ཀྱི་ནུས་པ་ཐོན།
གསུམ་པ། སྐད་ཡིག་སློབ་ཁྲིད་ཀྱིས་སྐད་ཡིག་གི་ལག་ཆའི་རང་བཞིན་གྱི་གནད་ཟིན་དགོས།
སྐད་ཡིག་སློབ་ཚན《གཟིག་ལྤགས་བཀབ་པའི་བོང་བུ》ལྟ་བུ་ལ་མཚོན་ན། སྔོན་ལ་སློབ་ཚན་མཇུག་གི་ཐ་སྙད་བརྒྱད་པོ་སྒྲ་དག་པོར་ཀློག་པ། ཁམས་རིས་ལྟར་གཟུགས་མཛེས་པར་འབྲི་བ། དོན་ཐིག་པོར་བླངས་པའི་སྒོ་ནས་ཤེས་རྒྱུ་ནི་ཤེས་བྱ་དང་རྩལ་ནུས་དམིགས་ཚད་དུ་བཞག་ཆོག་ལ། ཐ་སྙད་བརྒྱད་པོ་འབྲི་ཀློག་ཤེས་པ་གཞིར་བྱས་ཏེ་སློབ་ཚན་གོ་བར་རྨང་གདིང་བ་དང་སྐད་ཆ་སྟབས་བདེ་རེ་བཤད་ཐུབ་རྒྱུ་ནི་ཚོར་འདུ་དང་རིན་ཐང་གི་དམིགས་ཚད་ཡིན། ཐ་སྙད་ཀློག་པ་དང་། འབྲི་བ། དོན་བཤད་པ། མཇུག་ཏུ་བསྐྱར་སྦྱོང་དང་ཉན་འབྲི་བྱེད་པ་བཅས་ནི་བརྒྱུད་རིམ་དང་ཐབས་ཤེས་ཀྱི་དམིགས་ཚད་ཡིན། དམིགས་ཚད་སློབ་གསོའི་ཁྱབ་ཁོངས་གསུམ་པོ་གཏན་ལ་ཕབ་རྗེས་ཁྲིད་ཐབས་གང་ཞིག་བཀོལ་ན་ད་གཟོད་སློབ་མའི་རྒྱུད་ལ་ཤེས་བྱ་འཇོག་ཐུབ་པ་དང་བློ་སྒོ་འབྱེད་ཐུབ་པ། སྤྲོ་བ་སློང་ཐུབ་པར་བསམ་བློ་གཏོང་དགོས་ཏེ། སློབ་ཚན་མཇུག་གི་ཐ་སྙད་བརྒྱད་པོ་སྒྲ་དག་པོར་ཀློག་པ་དང་གཟུགས་མཛེས་པར་འབྲི་བ། དོན་ཐིག་པོར་བཤད་པ་ལ་འཆད་ཉན་གྱི་འཁྲིད་ཐབས་དང་དཔེ་སྟོན་གྱི་འཁྲིད་ཐབས་གཉིས་བསྡེབས་ཏེ་ཁྲིད་ན་འཚམས་ཤིང་། ནང་སྒོས་སུ་དཔེ་སྟོན་གྱི་འཁྲིད་ཐབས་ནི་དབང་པོས་ཐད་ཀར་མཐོང་ཐུབ་པས་ལོ་ཆུང་སློབ་མས་རྟོགས་སླ་བར་མ་ཟད། འཁྲིད་ཐབས་གཞན་གྱིས་འགྲུབ་མི་ཐུབ་པའི་ལས་ཀ་མང་པོ་ཚེགས་ཆུང་ལ་དོན་ཆེ་བའི་སྒོ་ནས་སྟོན་ཐུབ་པ་སྟེ། བོད་ཡིག་གི་ཁམས་རིས་སོ་སོ་ལ་མིའི་ལུས་ཕུང་གི་མིང་བཏགས་ཡོད་པས་གསོམ་ཉམས་ལྡན་ལ། དགེ་རྒན་གྱིས་ཁམས་རིས་མ་ནོར་བའི་སྒོ་ནས་ཐ་སྙད་སྒོ་སམ་ངོས་སུ་བྲིས་ཏེ་སྒྲ་དག་པོར་ཀློག་པ་དང་སློབ་མས་དེ་ལྟར་རྗེས་ཟློས་བྱེད་པ། དོན་ཐིག་པོར་བཤད་རྗེས་བཀོལ་སྤྱོད་ཀྱི་སྟེང་ལ་འབབ་དགོས། དེ་ཡང་ཐོག་མར་སློབ་མས་འཚོ་བའི་གོམས་སྲོལ་དང་བསླབས་ཟིན་པའི་མིང་དང་སྦྲེལ་ཏེ་ངག་ཐོག་ནས་བརྗོད་པ་བཟོ་བར་སྦྱོང་བརྡར་བྱེད་དགོས་པ་དང་། དེ་ནས་རིམ་གྱིས་ཡིག་ཐོག་ནས་མཚོན་པར་སྦྱོང་བརྡར་བྱེད་དགོས། (ཚིག་སྦྱོར་ཐུང་ངུ་ནས་རིང་པོ། ཚིག་སྦྱོར་ཆ་མི་ཚང་བ་ནས་བསྟན་དོན་རྫོགས་པ། ཚིག་རྐྱང་བ་ནས་རིམ་གྱིས་ཚིག་སྦྲགས་མ་བཟོ་བ) མཐར་བོད་སྐད་ཀྱི་ཚིག་སྦྱོར་སྤེལ་བའི་ཆོས་ཉིད་དང་བསྟུན་ནས་དགེ་རྒན་གྱིས་ནོར་བཅོས་དང་མཛུབ་སྟོན་བྱེད་དགོས་ལ། དེ་ལྟར་འཁྲིད་ཀྱི་སྦྱོར་བ་ལ་ཞུགས་ཐུབ་ན་ནི། སྐད་ཡིག་གི་ལག་ཆའི་རང་བཞིན་ཡང་གསོ་སྐྱོང་བྱེད་ཐུབ་བོ་སྙམ།
བཞི་པ། སྐད་ཡིག་སློབ་ཁྲིད་ཀྱིས་སྐད་ཡིག་གི་མི་ཆོས་རང་བཞིན་གྱི་སྲོག་འཛིན་དགོས།
《སྐད་ཡིག་བསླབ་ཚན་ཚད་གཞི(བཟོ་བཅོས་མ།)》རུ།“སློབ་ཁྲིད་ཀྱི་ཁྲོད་དུ་དགེ་སློབ་གཉིས་ཀའི་རང་འགུལ་རང་བཞིན་དང་གསར་གཏོད་རང་བཞིན་གང་ལེགས་ཀྱིས་འདོན་སྤེལ་བྱེད་དགོས་པར་མ་ཟད། ཚོར་འདུ་དང་། རྣམ་འགྱུར། རིན་ཐང་ལྟ་བ་བཅས་ཀྱི་ཡང་དག་པའི་ཁ་ཕྱོགས་ལ་མཐོང་ཆེན་བྱེད་དགོས”ཞེས་བསྟན་ཡོད་པ་བཞིན། སློབ་མ་གཙོ་བོར་འཛིན་ཞིང་དགེ་རྒན་གྱིས་སྣེ་སྟོན་ཙམ་བྱེད་པའི་དེང་གི་དཀྱེལ་ཡངས་སློབ་གསོའི་ཁྱབ་ཁོངས་སུ། སློབ་མས་རང་རྟོགས་ཀྱིས་སློབ་སྦྱོང་དང་འཚོལ་དཔྱད་ཀྱི་སྙིང་སྟོབས་གསོ་སྐྱོང་བྱེད་དགོས་པའི་བླང་བྱ་བཏོན་ཡོད་ནའང་། དགེ་རྒན་གྱིས་བརྗོད་དོན་ངག་གིས་མ་འཕྲོད་པ་དང་། ཁ་མགྱོགས་པའི་དབང་གིས་སློབ་མར་བསམ་གཞིག་གི་བར་སྟོང་མེད་པ། སློབ་མའི་ཆུ་ཚད་དང་འགལ་བའི་དམིགས་ཚད་གཏན་འབེབས། དམིགས་ཚད་འགྲུབ་མི་ཐུབ་པའི་འཁྲིད་ཐབས་སྤྱོད་པ། ཤེས་བྱ་ཁོ་ན་ཁྲིད་པ་ལས་ཀུན་སྤྱོད་རྨང་ནས་བརྗེད་པ། དགེ་རྒན་ལ་དགའ་བྲོད་ཀྱིས་བརྟས་པས་སློབ་མའི་རང་སྟོབས་ཀྱི་ནུས་པ་ཞན་པ་སོགས་ནི་དགེ་རྒན་གྱི་སློབ་མའི་ཁམས་དང་མོས་པ་ལ་བསྟུན་མ་ཤེས་པའམ་སློབ་མར་རྒྱུས་ལོན་ཉུང་བའི་རྟགས་མཚན་ཤིག་ལས་མ་འདས་ལ། སྤུས་ཚད་སློབ་གསོས་དེང་གི་སློབ་སྦྱོང་ཐབས་ལམ་དང་སློབ་ཁྲིད་ཐབས་ལམ། དཔྱད་འཇོག་ཐབས་ལམ་སོགས་ལ་བཅོས་བསྒྱུར་གཏོང་དགོས་པའི་འབོད་སྐུལ་འོག་སྤྱོད་ཡོན་གཉིས་ལྡན་གྱི་འཇོན་མི་གསོ་སྐྱོང་གི་ལས་འགན་སློབ་གྲྭ་དང་དགེ་རྒན་གྱི་ཕྲག་ལ་བབས་ཡོད་སྟབས། རིག་གནས་ཀྱི་ཉིང་བཅུད་བསྡུས་ཏེ་མི་ཆོས་རང་བཞིན་གྱི་སློབ་གསོ་སྤྲོད་རྒྱུ་ཡང་གལ་ཆེན་དུ་འཛིན་དགོས། དེས་ན། སློབ་ཚན་ལས་བསྟན་པའི་མི་ཆོས་གནས་ལུགས་ཏེ། གཡོ་དང་སྒྱུ་ལ་བརྟེན་ན་རེ་ཞིག་ལེགས་ཀྱང་མཐའ་མར་རང་ཉིད་འཕུང་བར་འགྱུར་བས་མི་གཞུང་དྲང་ཞིག་བྱེད་དགོས་པའི་སློབ་གསོ་བཏང་སྟེ་ཡང་དག་པའི་མི་ཚེའི་རིན་ཐང་གི་ལྟ་བ་ཆགས་པར་རྨང་གདིང་དགོས། །