༄༅།། དཔལ་རྡོར།

ཚུལ་ཁྲིམས་བཟང་པོས་བྲིས། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 08-31


ལྷོ་ནུབ་མི་རིགས་སློབ་ཆེན་གྱི་དགེ་རྒན་ཆེན་མོ་དཔལ་རྡོར་ལགས་ཀྱི་གནས་ཚུལ་རགས་བསྡུས།
ཚུལ་ཁྲིམས་བཟང་པོས་བྲིས།

        དེ་ཡང་བོད་རིག་པའི་མཁས་དབང་དཔལ་རྡོར་ལགས་ནི་མདོ་ཁམས་ཆུ་བཞི་སྒང་དྲུག་ལས་འབྲི་ཟླ་ཟལ་མོ་སྒང་གི་སའི་ཆར་གཏོགས། སྲིད་པའི་གངས་རྒན་གྱིས་བཀླུབས་པའི་ཁྲོ་ཟིལ་ཕྲོམ་རྡོ་རྗེ་གཡུང་དྲུང་གི་འདབས་ཞོལ། ཁྲོ་ཆུ་སྔོན་མོ་ལྷུང་ལྷུང་དུ་བཞུར་བའི་འགྲམ་ངོགས་ཏེ་སྡེ་དགེ་འཁོར་ལོ་མདོ་རུ་1966ལོར་སྐྱེས་ཤིང་། ཁོང་གི་ཁྱིམ་རྒྱུད་ནི་སྡེ་དགེ་རྒྱལ་པོའི་ནང་བློན་ལས་ཞབས་ཕྱི་ཉེར་ལྔ་ཞེས་པའི་ཁོངས་སུ་གཏོགས་ཤིང་། ཆུང་བྱིས་པའི་དུས་ནས་ཡ་རབས་སྤྱོད་བཟང་གི་ཁྱིམ་གྱི་སློབ་གསོའི་མངའ་འོག་ནས་འཚར་ལོངས་བྱུང་། སློབ་ཆུང་མཐར་ཕྱིན་རྗེས་ཞང་པོ་རྫོགས་ཆེན་ཀུན་བཟང་སྤྲུལ་སྐུའི་རྗེས་སུ་འབྲངས་ཏེ་རྫོགས་ཆེན་དུ་སློབ་གཉེར་ཕྱིན་ཞིང་། བཅུ་ཕྲག་རིག་པའི་གནས་ལ་སྒོ་ཀུན་ནས་འཇུག་འགོ་བརྩམས། 1981ལོར་སི་ཁྲོན་ཞིང་ཆེན་བོད་ཡིག་སློབ་གྲྭ་གསར་དུ་བཙུགས་ཤིང་སློབ་མ་བསྡུ་བའི་འགོ་བརྩམས་པས། ཁོང་ཕུལ་དུ་བྱུང་བའི་རྒྱུགས་འབྲས་དང་བཅས་སྒྲ་རིག་པའི་ཆེད་སྦྱོང་འཛིན་གྲྭ་རུ་ཞུགས། དེ་རུ་བོད་ཀྱི་མཁས་པ་ཆེན་པོ་གཟན་དཀར་མཆོག་སྤྲུལ་ཐུབ་བསྟན་ཉི་མའི་མདུན་ནས་སུམ་རྟགས་དང་། དཔལ་སྤུངས་མཁན་ཆེན་དིལ་ཆུང་བློ་ཆོས་ཀྱི་མདུན་ནས་སྙན་འགྲེལ་དཎྜིའི་དགོངས་རྒྱན་དང་། སུམ་རྟགས་འགྲེལ་པ་ལེགས་བཤད་སྣང་བ་དང་སི་ཏུའི་འགྲེལ་ཆེན་བཅས་བརྡ་སྤྲོད་ཀྱི་སྐོར་དང་། སྡེ་བྲིས་སོགས་སློབ་སྦྱོང་བྱས། སྤྲུལ་སྐུ་རྡོར་ལོའི་མདུན་ནས་བློ་གསལ་འཇུག་ངོགས་དང་བློ་གསལ་རིག་སྒོ། དག་ཡིག་བློ་གསལ་དགའ་སྟོན། སྙན་ངག་ཡང་གསལ་སྣང་མཛོད། རྒྱལ་དབང་ལྔ་པའི་སྙན་འགྲེལ་དབྱངས་ཅན་དགྱེས་གླུ་དང་དབྱངས་ཅན་སྒྲ་མདོ་སོགས་ཞུས། མཁན་ཆེན་པདྨ་ཚེ་དབང་གི་མདུན་ནས་མི་ཕམ་མཁས་འཇུག་དང་དབུ་མ་རྒྱན་གྱི་རྣམ་བཤད་འཇམ་དབྱངས་བླ་མ་དགྱེས་པའི་ཞལ་ལུང་། བོད་སྤྲུལ་མདོ་སྔགས་བསྟན་པའི་ཉི་མའི་གསུང་ཤེར་ཕྱིན་ཚིག་དོན་རྣམ་བཤད་མ་ཕམ་ཞལ་ལུང་དང་། ལྟ་གྲུབ་ཤན་འབྱེད་གནད་ཀྱི་སྒྲོན་མེའི་རྩ་འགྲེལ། དགེ་རྩེའི་སྒྲ་འགྲེལ་འོད་ཟེར་བརྒྱ་པ་སོགས་ཞུས། ར་སྐོར་ཐུབ་བསྟན་ནོར་བུའི་མདུན་ནས་ཚད་མ་རིགས་གཏེར་སོགས་དང་། དགེ་མང་མཁན་པོ་དབང་ལོའི་མདུན་ནས་ཡོན་ཏན་མཛོད་འགྲེལ་པ། དགེ་བཤེས་བློ་བཟང་དོན་གྲུབ་ཀྱི་མདུན་ནས་བློ་རིགས་དང་རྟགས་རིགས། བྲག་དཀར་བློ་བཟང་དཔལ་ལྡན་གྱིས་མཛད་པའི་བསྡུས་གྲྭ། རྨུགས་སངས་སྤྲུལ་སྐུའི་མདུན་ནས་ལོ་རྒྱུས་དཔྱིད་ཀྱི་རྒྱལ་མོའི་གླུ་དབྱངས་དང་མཁན་པོ་བསོད་རིག་མདུན་ནས་བསྡུས་གྲྭ་དང་ཚད་མའི་སྐོར། རྒྱལ་རབས་གསལ་བའི་མེ་ལོང་སོགས་ཞུས། གཞན་ཡང་སྐུ་ནུབ་འོད་ཟེར་རྡོ་རྗེ། མདོ་ཟླ་གསལ་དབང་མོ། མཁན་པོ་དུང་མགོ །ཨ་བསེ་མཁན་པོ་ཆོས་གྲགས་སོགས་མདོར་ན་སྐབས་དེར་སི་ཁྲོན་ཞིང་ཆེན་བོད་ཡིག་སློབ་གྲྭ་རུ་མཁས་པའི་བྱ་བ་རྣམ་གསུམ་གྱི་རྒྱལ་མཚན་ཐོགས་པའི་སྐྱེས་བུ་གསེར་རིའི་ཕྲེང་བ་ལྟར་དུ་མ་ཕེབས་ཡོད་པས། ཁོང་རྣམ་པའི་སྐུ་མདུན་ནས་བགྲང་བྱ་ལྔའི་རིང་ལ་ལྟོ་སྐྱ་གོས་ཧྲུལ་དང་འབད་པ་ལྷུ་ལེན་སྒོས་སྤྱི་བཅུ་ཕྲག་རིག་གནས་དང་སྒོས་སུ་ཐུན་མོང་རིག་གནས་ལ་སྦྱོང་བ་དཔྱིས་ཕྱིན་པ་གནང་།

 2019ལོར་དཔལ་རྡོར་ནས་གཙོ་སྐྱོང་གནང་བའི་རྒྱལ་ཁབ་སྒྱུ་རྩལ་ཐེབས་རྩ་ཚོགས་པའི་རོགས་སྐྱོར་ལས་གཞི་《བོད་ཀྱི་པར་རྐོས་ལག་རྩལ་གྱི་སྒྱུ་རྩལ་ཤེས་ལྡན་མི་སྣ་གསོ་སྐྱོང》གི་གྲུབ་འབྲས་འགྲེམ་སྟོན་མཛད་སྒོ་སྡེ་དགེ་རྫོང་དུ་སྤེལ།

ཁོང་ནི་ལྷན་སྐྱེས་ཀྱི་རིག་པ་གྲུང་ཞིང་སྦྱོང་སྟོབས་ཀྱི་བརྩོན་འགྲུས་ལྡན་པའི་གཞོན་ནུ་བློ་གྲོས་ཅན་ཞིག་ཡིན་སྟབས། 1986ལོར་སི་ཁྲོན་ཞིང་ཆེན་བོད་ཡིག་སློབ་གྲྭ་ནས་སློབ་མཐར་ཕྱིན་རྗེས་འབྲེལ་ཡོད་སྡེ་ཁག་གིས་ལས་བགོས་བྱས་པ་ལྟར་པེ་ཅིང་དུ་ཕེབས་ནས་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་སུ་ལས་གནས་ལ་ཞུགས་ཤིང་། དེ་གའི་ལོ་རྒྱུས་ཡིག་ཚགས་ཁང་ནས་བོད་ས་གནས་སྲིད་གཞུང་གི་ལོ་རྒྱུས་ཡིག་ཚགས་ལེགས་སྒྲིག་དང་དཀར་ཆག་བྲིས་ཏེ། ཡིག་ཚགས་རིག་པའི་སྐོར་ལ་ཞིབ་འཇུག་དང་རྒྱུས་ལོན་གང་ལེགས་གནང་། 1987ལོ་ནས་བགྲང་བྱ་གསུམ་ཙམ་གྱི་རིང་ལ་བོད་ལྗོངས་མི་རིགས་སློབ་གྲྭ་ཆེན་མོ་རུ་ཞུགས་ནས། དེང་རབས་ཀྱི་རྒྱའི་སྐད་ཡིག་དང་རྒྱ་བོད་ལོ་ཙཱ་སོགས་མདོར་ན་དེང་རབས་ཀྱི་ཤེས་བྱ་གང་མང་ཞིག་གི་གཞུང་ལུགས་དང་ལག་ལེན་ཟུང་འབྲེལ་སྒོས་ཐོས་བསམ་གང་ལེགས་གནང་། 1989ལོར་ཁྲེང་ཏུའུ་རུ་ཕེབས་ནས་བཀའ་བསྟན་དཔེ་བསྡུར་གྱི་ལས་ལ་ཞུགས་པ་དང་། ཁོང་ཐོག་མ་བཀའ་བསྟན་དཔེ་བསྡུར་ཁང་དུ་ཕེབས་སྐབས་གཟན་དཀར་ཐུབ་བསྟན་ཉི་མ་མཆོག་གིས་འཆར་འགོད་མཛད་པའི་དཔེ་བསྡུར་བྱེད་སྟངས་སྐོར་གྱི་བཀོད་སྒྲིག་ཅིག་ཡོད་པ་དེ་ལ་བརྟེན་ནས་ལས་ཀ་སྒྲུབ་འགོ་བརྩམས་པ་དང་། དེ་ལྟར་གཞི་རྒྱ་ཆེ་བའི་སྒོ་ནས་བོད་ཀྱི་ཡིག་ཆ་ཕྱོགས་སྒྲིག་བྱེད་པ་ནི་ཐེངས་དང་པོ་ཡིན་པས། དཔེ་བསྡུར་དང་བསྡུར་མཆན་འགོད་སྟངས་སོགས་ལ་ཚད་གཞི་དང་མ་ལག་ཧ་ལམ་མེད་པ་དང་། ལས་མི་མང་ཤོས་སྤྱི་ཚོགས་ནས་ཐོན་ཞིང་དཔེ་བསྡུར་གྱི་སྐོར་ལ་ཉམས་མྱོང་མེད་པ་སོགས་དཀའ་ཁག་དུ་མ་དང་འཕྲད་ཀྱང་དཔའ་མ་ཞུམ་པར་ཐབས་ཤེས་སྣ་མང་སྤྱོད་པ་རེད།

ལྷོ་ནུབ་མི་རིགས་སློབ་གྲྭ་ཆེན་མོའི་ཀྲུང་གོའི་སྐད་ཡིག་རྩོམ་རིག་སློབ་གླིང་གི་2019ལོའི་བོད་ཀྱི་སྐད་ཡིག་རྩོམ་རིག་ཆེད་ལས་འབུམ་རམས་པའི་དཔྱད་རྩོམ་ཁ་བྱང་གཏན་འབེབས་ཀྱི་སྙན་ཞུ་ལ་ཞུགས་པ།

        1991ལོར་ཕྱིར་པེ་ཅིང་དུ་ཕེབས་ནས་ཀྲུང་གོ་བོད་རིག་པ་དཔེ་སྐྲུན་ཁང་གི་བོད་ཡིག་རྩོམ་སྒྲིག་ཁང་དུ་རྩོམ་སྒྲིག་པའི་འགན་བཞེས་ཤིང་། མཁན་ཆེན་ཁྲོ་རུ་ཚེ་རྣམ་ལགས་ཀྱིས་མཛད་པའི་དབྱངས་ཅན་གྱི་མདོའི་འགྲེལ་པ་ཉུང་ངུ་རྣམ་གསལ་དང་། བརྡ་སྤྲོད་པ་ཙནྡྲ་པའི་མདོའི་འགྲེལ་པ་ཟླ་བའི་འོད་ཟེར་པོ་ཏི་གཉིས་གྱི་བདག་ཉིད་ཅན་དང་། མི་ཉག་མགོན་པོ་སོགས་ཀྱིས་བརྩམས་པའི་གངས་ཅན་མཁས་དབང་རིམ་བྱོན་གྱི་རྣམ་ཐར་མདོར་བསྡུས་སོགས་དཔེ་སྒྲིག་གནང་ནས་རྩོམ་སྒྲིག་གི་སྐོར་ལ་ཕྱག་ལས་མི་ཉུང་བ་གནང་། སྤྱི་ལོ་1991ལོར་བཀའ་བསྟན་དཔེ་བསྡུར་མ་དཔེ་སྐྲུན་གྱི་ཆེད་དུ་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱི་བཀའ་མངགས་ལྟར་ཧྭ་ཀོང་རྩིས་འཁོར་ཀུང་སི་དང་མཉམ་འབྲེལ་གྱི་བོད་ཡིག་གི་རྩིས་འཁོར་མ་ལག་གསར་སྤེལ་གྱི་ལས་གཞི་ལ་ཞུགས་ཏེ། སྐབས་དེར་བོད་ཡིག་རྩིས་འཁོར་གྱི་ཡིག་གཟུགས་མཛེས་ཤོས་དང་སྤྱོད་རྒྱ་ཆེ་ཤོས་བོད་ཡིག་ཧྭ་ཀོང་རྟགས་ཅན་ཡིག་གཟུགས་གསར་སྤེལ་བྱས། ཀློག་པ་པོ་རྣམས་ཀྱི་མིག་ལམ་དུ་བོད་ཡིག་ཡིག་གཟུགས་ཤིན་ཏུ་མཛེས་པ་ཞིག་སྟོན་ཐུབ་པའི་ཆེད་དུ། ལག་རྩལ་པ་དང་ལྷན་དུ་ལེགས་བཅོས་ཐེངས་མང་བྱས་མཐར་གཡུར་དུ་ཟ་བའི་གྲུབ་འབྲས་ཐོབ། ཡིག་གཟུགས་དེའི་ཐོག་ནས་ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་གིས་བཀའ་བསྟན་དཔེ་བསྡུར་མ་སོགས་དཔེ་བསྐྲུན་བྱས་པ་དང་། དེ་དང་ཆབས་ཅིག་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་དང་། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ཡུན་ནན་མི་རིགས་དཔེ་སྐྲུན་ཁང་།མཚོ་སྔོན་མི་རིགས་པར་འདེབས་ཁང་སོགས་འབྲེལ་ཡོད་དཔེ་སྐྲུན་དང་པར་འདེབས་སྡེ་ཁག་བཅུ་ཕྲག་གིས་ཧྭ་ཀོང་རྩིས་འཁོར་གྱི་མ་ལག་བཀོལ་སྤྱོད་བྱས་ཏེ་བོད་ཡིག་གི་དཔེ་དེབ་མང་པོ་དཔེ་སྐྲུན་བྱས། ད་ལྟ་སྐབས་དེར་པར་དུ་བསྐྲུན་པའི་བཀའ་བསྟན་དཔེ་བསྡུར་མ་སོགས་མཇལ་ན་ཡིག་གཟུགས་དེ་ཆ་ཚད་ལྡན་ཞིང་ཤིན་ཏུ་མཛེས་ཆ་དོད་པ་ཞིག་ཡིན།

2016ལོར་གཟན་དཀར་མཆོག་སྤྲུལ་ཐུབ་བསྟན་ཉི་མས་གཙོ་སྐྱོང་གནང་བའི་《རྫོགས་པ་ཆེན་པོའི་ཚིག་མཛོད》རྩོམ་སྒྲིག་གི་བགྲོ་གླེང་ཚོགས་འདུ་ལ་ཞུགས་པ། 

        བཀའ་བསྟན་དཔེ་བསྡུར་གྱི་ལས་གཞི་དེ་ནི་དུས་རབས་ཉི་ཤུ་པའི་བོད་ཀྱི་རིག་གནས་དང་འབྲེལ་བའི་ལས་ཀ་ཆེ་ཤོས་ཤིག་ཡིན་ཏེ། ནང་དོན་ཆ་ཚང་ཞིང་སྒྲིག་སྟངས་ལེགས་པ་དང་དཔེ་ཆའི་སྤུས་ཚད་ཤིན་ཏུ་མཐོ་བ་སོགས་འཛམ་གླིང་གི་སྔོན་ཐོན་ཅན་གྱི་གྲས་སུ་སླེབས་དགོས་པའི་འཆར་གཞི་ཡོད་སྟབས། 1991ལོའི་ཟླ་བ་བརྒྱད་པར་བཀའ་བསྟན་དཔེ་སྡུར་དང་རྩོམ་སྒྲིག་བྱེད་སྟངས་སྐོར་བོད་ཀྱི་མཁས་པ་རྣམས་ལ་བསམ་འཆར་བསྡུ་ལེན་བྱེད་པའི་ཆེད་དུ་ཕྱོགས་བཞི་ལ་བསམ་འཆར་བསྡུ་ལེན་བྱེད་པར་བཏང་བ་ལས། ཁོང་དང་ཀྲུའུ་ཝེ་གཉིས་ལྷ་སར་ཕེབས་ཏེ། མཁས་དབང་དུང་དཀར་བློ་བཟང་འཕྲིན་ལས་དང་ཆབ་སྤེལ་ཚེ་བརྟན་ཕུན་ཚོགས། དགེ་བཤེས་ཡེ་ཤེས་དབང་ཕྱུག །འབྲོག་མི་བྱམས་པ་བློ་གྲོས་སོགས་ལ་དེའི་སྐོར་གྱི་དགོངས་འཆར་བསྡུ་ལེན་བྱས་པ་དང་རྗེས་ཕྱོགས་དཔེ་སྐྲུན་ལེགས་འགྲུབ་ཡོང་བར་ནུས་པ་ཆེན་པོ་ཐོན།
        1994ལོ་ནས་2003ལོའི་བར་ཁྲེང་ཏུའུ་རུ་བཀའ་བསྟན་དཔེ་སྡུར་ཅུས་ཀྱི་དཔེ་བསྡུར་དང་དཔེ་སྒྲིག་ཁང་གི་ཀྲུའུ་རེན་གྱི་ཐུགས་འགན་བཞེས་ཞིང་། བསྟན་འགྱུར་པར་གཞི་ཁག་བཞི་དང་། བཀའ་འགྱུར་པར་གཞི་ཁག་བརྒྱད་ཀྱི་དཔེ་བསྡུར་དང་དཔེ་སྒྲིག །ཞུ་དག་བཅས་ཀྱི་ལས་ཀ་དངོས་ལ་ཞུགས་ཏེ་འབད་འབུངས་བྱས། ཁོང་གིས་གསུང་རྒྱུར་བཀའ་བསྟན་དཔེ་སྡུར་ཁང་དུ་ལོ་ངོ་བཅུའི་རིང་ལ། འབའ་པ་བཀྲ་ཤིས་ཚེ་རིང་དང་གཟན་དཀར་རིན་པོ་ཆེ་རྣམ་གཉིས་ཀྱི་ཐད་ཀའི་དབུ་ཁྲིད་འོག་ཏུ། དཔེ་ཝར་རིན་པོ་ཆེ། ལྕགས་ལ་བུ་ཕྲུག །རྒྱལ་མོ་འབྲུག་པ། མ་གྲོང་དགེ་འདུན། བཙན་ལྷ་ངག་དབང་། སྣང་རའི་འགྱུར་མེད་སོགས་བོད་ཀྱི་རྩོམ་སྒྲིག་དང་སློབ་གསོའི་མཁས་ཆེན་རྣམས་དང་ལྷན་དུ་བཀའ་བསྟན་དཔེ་སྡུར་དང་དཔེ་སྒྲིག་གི་ལས་ཀ་ལས་རྒྱུའི་སྐལ་བ་བྱུང་བ་ནི་ཧ་ཅང་རྙེད་དཀའ་བའི་སྐལ་བ་བཟང་པོ་རེད་གསུངས།
        1995ལོའི་ཟླ་5པར་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོའི་བོད་ལྗོངས་ཚོམས་ཆེན་དུ་བསྟན་འགྱུར་དཔེ་བསྡུར་མའི་དེབ་དང་པོའི་ཐོག་མའི་འགྲེམས་སྤེལ་མཛད་སྒོ་སྤེལ་བ་དང་། ཁོང་དང་བཀྲ་ཤིས་ཚེ་རིང་དང་། དཔེ་ཝར་རིན་པོ་ཆེ་སོགས་ཆེད་དུ་ཕེབས། དེ་ལྟར་ཁོང་ནི་བཀའ་བསྟན་དཔེ་བསྡུར་གྱི་ཐོག་མའི་འཆར་འགོད་དང་། དཔེ་སྒྲིག་པར་སྐྲུན་སོགས་ཀྱི་གོ་རིམ་ཡོངས་ལ་ཞུགས་ནས་གཉིད་ཆག་ཟས་བརྗེད་ཀྱིས་འབད་འབུངས་གནང་བ་དང་། ཁོང་གིས་བསྟན་འགྱུར་དཔེ་བསྡུར་མའི་དཀར་ཆག་སྟོད་སྨད་གཉིས་ཅན་ཞིག་བསྒྲིགས་ཤིང་། དེའི་ནང་མཛད་པ་པོ་དང་བསྒྱུར་བ་པོ། བསྒྱུར་སའི་གནས་ཡུལ། དེ་མིན་བསྒྱུར་ཞུས་བྱེད་མཁན་སོགས་ཀྱི་གནས་ཚུལ་བཀོད་ཡོད་པས་སྔོན་གྱི་གསུང་རབ་རི་བོའི་གཏོས་དང་མཉམ་པ་རྣམས་ཀྱི་དཀར་ཆག་སྒྲིག་སྟངས་དང་མི་འདྲ་ཞིང་གནའ་དེང་ཟུང་འབྲེལ་གྱི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་དུ་མ་ལྡན།
        1998ལོ་བཀའ་བསྟན་དཔེར་བསྡུར་ཁང་གི་ངལ་གསོའི་དུས་ཚོད་དང་སྦྲགས་ནས་ཐེངས་དང་པོ་ཨ་རི་རུ་རྒྱལ་སྤྱིའི་ངེས་དོན་གསུང་རབས་ཉམས་གསོ་ཁང་(Nitartha International)གིས་གདན་ཞུས་བྱས་པ་ལྟར་ཕེབས་ཤིང་། བོད་ཡིག་ཡིག་གཟུགས་སམ་བྷོ་ཊ་ཞེས་པའི་གསར་བཟོའི་ལས་ལ་ཞུགས་པ་དང་། ཁོང་གིས་གསར་དུ་བཟོས་པའི་བོད་ཡིག་ཡིག་གཟུགས་དེ་གཉིས་ནི་མིག་སྔའི་བོད་ཡིག་ཡིག་གཟུགས་ཀུན་ལས་ཡག་ཤོས་སུ་གྱུར་ཡོད། ཁོང་ཨ་རིར་ཐེངས་དང་པོ་ཕེབས་སྐབས་སྐུ་ཞབས་འཇམ་དབྱངས་རྣམ་རྒྱལ་ལམ་རྗེན་སི་མན་སི་(E. Gene Smith)དང་ཐུགས་འཕྲད་བྱུང་བར་མ་ཟད། སྐུ་ཞབས་འཇམ་དབྱངས་རྣམ་རྒྱལ་(E. Gene Smith)གྱིས་ཐུགས་གཙིགས་ཆེན་པོའི་ངང་ཁོང་ལ་དཔེ་རྙིང་དཀར་ཆག་སྒྲིག་སྟངས་སྐོར་ངོ་སྤྲོད་གནང་བ་དང་། རྩོམ་པ་པོ་ཆེ་གེ་མོའི་བླ་མ་དང་དེའི་སློབ་མ། འབྲེལ་ཡོད་བརྩམས་ཆོས་སོགས་རིགས་སྦྲེལ་ནས་མཉམ་དུ་འཆར་ཐུབ་པའི་གློག་ཀླད་ཐོག་གི་དཀར་ཆག་སྒྲིག་སྟངས་རྣམ་པ་གསར་པ་དེ་དག་གིས་ཁོང་ལ་བློ་སྐྱེད་མི་དམན་པ་ཐོབ། མདོར་ན་ཁོང་གིས་བཀའ་བསྟན་དཔེ་བསྡུར་ཁང་དུ་ཕྱག་ལས་གནང་སྐབས་ངལ་གསོའི་དུས་ཚོད་བེད་སྤྱོད་ནས་ཕྱི་རྒྱལ་དུ་དཔེ་མཛོད་རིག་པ་དང་དཀར་ཆག་རིག་པའི་སྐོར་ལ་སློབ་སྦྱོང་བྱེད་དུ་ཕེབས་ཤིང་། བཀའ་བསྟན་དཔེ་བསྡུར་དང་དཀར་ཆག་སྒྲིག་སྟངས་ཀྱི་ཐད་གཞུང་ལུགས་དང་ཉམས་མྱོང་ཟུང་འབྲེལ་ཐོག །སྲོལ་རྒྱུན་དང་དེང་རབས་ཀྱི་ལེགས་ཆ་མཐའ་དག་གཅིག་ཏུ་སྡེབ་ཅིང་ཐུན་མིན་གྱི་ཁྱད་ཆོས་ལྡན་པའི་ཐབས་ཤེས་མཆོག་ཏུ་གྱུར་པ་བཀོལ་སྤྱོད་གནང་།
        2003ལོར་ཨ་རི་ལ་ཕེབས་ཤིང་ངེས་དོན་གསུང་རབ་ལས་ཁུངས་སུ་མདོ་སྔགས་གཞུང་ཆེན་བརྒྱད་དཔེ་སྒྲིག་གི་ལས་ཀར་ཞུགས། དེ་རུ་མདོ་སྔགས་གཞུང་ཆེན་བརྒྱད་ཀྱི་དཀར་ཆག་བསྒྲིགས་ཤིང་ཞུ་དག་གི་ཕྱག་ལས་མཛད། 2004ལོར་བོད་བརྒྱུད་ནང་བསྟན་དཔེ་ཚོགས་ལྟེ་གནས་(TBRC)སུ་ཕེབས་ནས་2011ལོ་བར་སྐུ་ཞབས་འཇམ་དབྱངས་རྣམ་རྒྱལ་(E. Gene Smith)གྱི་ལྷན་དུ་ལས་ཀ་བགྱིས་ཤིང་། ཁོང་གི་སློབ་སྟོན་འོག་དྲ་ཐོག་ཏུ་དཔེ་ཆ་གང་མང་བསྒྲིགས་ནས་དཀར་ཆག་བཟོས་པ་དང་། དེང་རབས་དཔེ་མཛོད་རིག་པའི་གཞུང་ལུགས་དང་ལག་ལེན་སོགས་ཕྱོགས་གང་ཐད་ནས་ནང་བྱན་ཆུད་ཅིང་། བོད་ཀྱི་ཡིག་ཚང་ལ་རྒྱུས་མངའ་ཤིན་ཏུ་ཆེ་བས་དཀར་ཆག་སྒྲིག་སྟངས་སོགས་ལ་ཐུན་མིན་གྱི་ཁྱད་ཆོས་རབ་ཏུ་ལྡན། གཟན་དཀར་རིན་པོ་ཆེ་དང་སྐུ་ཞབས་འཇམ་དབྱངས་རྣམ་རྒྱལ་(E. Gene Smith)རྣམ་གཉིས་ནི་བློས་ཐུབ་ཀྱི་གྲོགས་པོ་ཡིན་པས། སྐུ་ཞབས་འཇམ་དབྱངས་རྣམ་རྒྱལ་(E. Gene Smith)གྱིས་ཁ་ཆེམས་སུ་ཁོང་གིས་བསྡུ་རུབ་བྱས་པའི་དཔེ་ཆ་ཡོད་རྒུ་གཟན་དཀར་ཐུབ་བསྟན་ཉི་མ་ལགས་ཀྱི་ཕྱག་ཏུ་འབུལ་རྒྱུ་དང་། དཔེ་ཆ་འདི་དག་ནི་ཤར་ཕྱོགས་ནས་བྱུང་བས་སླར་ཡང་ཤར་ཕྱོགས་སུ་ཕུལ་ནས་མ་འོངས་པར་དཔེ་ཆ་དེ་རྣམས་ཤར་ནུབ་ཐུན་མོང་གིས་སྤྱོད་ཐུབ་པ་བྱེད་དགོས་ཞེས་གསུངས་པས། 2007ལོར་དཔལ་རྡོར་ལགས་གཟན་དཀར་ཐུབ་བསྟན་ཉི་མ་དང་སྐུ་ཞབས་འཇམ་དབྱངས་རྣམ་རྒྱལ་(E. Gene Smith)རྣམ་པ་གཉིས་ཀྱི་སྐུ་ཚབ་ཞུས་ནས་ཁྲེང་ཏུའུ་རུ་ཕེབས་ཤིང་། ལྷོ་ནུབ་མི་རིགས་སློབ་ཆེན་གྱི་སྐབས་དེའི་ཧྲུའུ་ཅི་ནོར་བུ་རྒྱལ་མཚན་དང་དཔེ་དེབ་རྣམས་སློབ་གྲྭ་དེ་གར་འབུལ་རྒྱུའི་སྐོར་གྱི་གནས་ཚུལ་ལ་གྲོས་མོལ་བྱས་རྗེས། 2011ལོ་ལྷོ་ནུབ་མི་རིགས་སློབ་ཆེན་དབུ་བརྙེས་ནས་བགྲང་བྱ་དྲུག་བཅུ་འཁོར་བའི་དགའ་སྟོན་གྱི་ཉིན་མོ་ལ་དཔེ་ཆ་སློབ་གྲྭ་ལ་ཕུལ་བའི་མཛད་སྒོ་སྤེལ་ཞིང་། ཤར་ཕྱོགས་མི་རིགས་སློབ་ཆེན་དུ་བཞུགས་པའི་བོད་ཀྱི་གསུང་རབ་པོ་ཏི་དག་ལས་རྨོངས་མུན་སེལ་བའི་འོད་སྣང་ཕྱོགས་བཞི་འཕྲོས་ཤིང་། བློ་གསལ་གཞོན་ནུ་དག་གི་ལག་ཏུ་ཤེས་རབ་རལ་གྲི་སྲིད་ན་རིང་བ་ཞིག་བསྩལ་ལོ། །
        2013ལོར་ལྷོ་ནུབ་མི་རིགས་སློབ་ཆེན་དུ་ཕེབས་ནས་བློ་གསལ་སློབ་བུ་སྐྱོང་བའི་འགོ་བརྩམས་ཤིང་། སྒྲ་རིག་པ་དང་བོད་ཀྱི་ཡིག་ཚང་རིག་པ་སོགས་ཀྱི་སྐོར་ལ་སློབ་ཁྲིད་གནང་ཞོར། རབ་འབྱམས་ཞིབ་འཇུག་སློབ་མའི་མཛུབ་སྟོན་དགེ་རྒན་གྱི་འགན་བཞེས་ཤིང་། སློབ་མ་གང་མང་སྐྱེད་སྲིང་མཛད། ཁོང་གིས་སྔ་གཞུག་ཏུ་རྒྱལ་ཁབ་རིམ་པ་དང་ཞིང་ཆེན་རིམ་པ། མཐོ་སློབ་རིམ་པའི་ལས་ཞིག་གལ་ཆེན་གང་མང་གཙོ་སྐྱོང་གནང་མྱངས་ཏེ། དཔེར་ན། 2016ལོར་ཁབ་སྤྱི་ཚོགས་ཚན་རིག་ཐེབས་རྩའི་གལ་ཆེའི་ལས་གཞི་《བོད་ཡིག་ཤིང་པར་གྱི་ཡིག་ཚང་ཉར་ཚགས་དང་རྒྱུན་འཛིན་ཞིབ་འཇུག》ཅེས་པ་དང་། 2019ལོར་རྒྱལ་ཁབ་སྒྱུ་རྩལ་ཐེབས་རྩ་ཚོགས་པའི་ཤེས་ལྡན་མི་སྣ་གསོ་སྐྱོང་གི་རོགས་སྐྱོར་ལས་གཞི《བོད་ཀྱི་པར་བརྐོས་ལག་རྩལ་གྱི་སྒྱུ་རྩལ་ཤེས་ལྡན་མི་སྣ་གསོ་སྐྱོང་》ཅེས་པ་སོགས་གཙོ་སྐྱོང་གནང་། ཉེ་བའི་ལོ་གསུམ་གྱི་རིང་། 《སྡེ་དགེའི་རྙིང་མ་རྒྱུད་འབུམ་གྱི་དཀར་ཆག་ཆེན་མོ》ཞེས་པའི་རིག་གཞུང་བརྩམས་ཆོས་དཔེ་བསྐྲུན་གནང་། གཞན་ཡང་《ཀྲུང་གོའི་བོད་རིག་པ》དང་《ལྷོ་ནུབ་མི་རིགས་སློབ་ཆེན་གྱི་དུས་དེབ》སོགས་རིག་གཞུང་དུས་དེབ་དག་ཏུ་《བཀའ་འགྱུར་བྲིས་མ་དང་པར་མ་ཁག་གི་ངོ་སྤྲོད》དང་《བསྟན་འགྱུར་དཔེ་བསྡུར་མའི་ངོ་སྤྲོད་ཤེས་བྱ་ཀུན་གསལ》《སྡེ་དགེའི་པར་ཁང་བཞེངས་པའི་ལོ་ཚིགས་དང་ཇི་ལྟར་བཞེངས་ཚུལ་ལ་དཔྱད་པ》《རྗེ་ཙོང་ཁ་པའི་གསུང་འབུམ་པར་ཤིང་སྐོར་ལ་རགས་ཙམ་དཔྱད་པ》《བསྟན་འགྱུར་སྣར་ཐང་པར་མ་དང་ལྷ་སའི་པར་གསར་གཉིས་ཀྱི་ཁྱད་པར་རགས་ཙམ་བཤད་པ》《རཏྣ་གླིང་པའི་རྒྱུད་འབུམ་ལས་འཕྲོས་པའི་གཏམ》《ཟུར་གྱི་གདུང་རྒྱུད་དང་རྙིང་མ་རྒྱུད་འབུམ་གྱི་འབྲེལ་བའི་སྐོར་རགས་ཙམ་དཔྱད་པ》《རིན་ཆེན་གཏེར་མཛོད་ཆེན་མོའི་བཀའ་བསྡུ་དང་འབྲེལ་བའི་སྐོར་རགས་ཙམ་གླེང་བ》《ཇོ་ནང་རྟག་བརྟན་དམ་ཆོས་གླིང་གི་པར་ཤིང་དར་ནུབ་ལ་རགས་ཙམ་དཔྱད་པ》ཞེས་པ་སོགས་རིག་གཞུང་དཔྱད་རྩོམ་30སྤེལ་བ་དང་། དེ་ལས་གཙོ་གནད་དུས་དེབ་དང་CSSCIདུས་དེབ་ཏུ་རིག་གཞུང་དཔྱད་རྩོམ་20སྤེལ། ཁོང་སྔ་གཞུག་ཏུ་ཨ་རི་དང་ཁ་ན་ཏ། ཧོ་ལན། ཐེ་ལན། ཕྱི་སོག་སོགས་སུ་ཕེབས་ནས་རིག་གཞུང་བགྲོ་གླེང་དང་བོད་རིག་པའི་ཚོགས་འདུ་ལ་ཐེངས་མང་ཞུགས་པ་དང་། སི་ཁྲོན་ཞིང་ཆེན་རིག་གནས་དང་ཡུལ་སྐོར་དཔྱད་བཤེར་ཆེད་མཁས་པ་དང་། ཀྲུང་གོའི་བོད་རིག་གནས་ཞིབ་འཇུག་ལྟེ་གནས《ཀྲུང་ཧྭའི་བོད་ཡིག་རིག་མཛོད་ཆེན་མོ》ཡི་ཆེད་མཁས་ཨུ་ལྷན་གྱི་ཨུ་ཡོན་དང་རྩོམ་སྒྲིག་ཨུ་ལྷན་གྱི་ཨུ་ཡོན། རྒྱའི་བཀའ་བསྟན་བོད་ཡིག་ཏུ་བསྒྱུར་བའི་ལས་གཞིའི་འགོ་ཁྲིད་ཚོ་ཆུང་གི་ཁོངས་མི་དང་ཞུ་དག་པ། 《རྫོགས་པ་ཆེན་པོའི་ཚིག་མཛོད》ཀྱི་རྩོམ་སྒྲིག་ཨུ་ལྷན་གྱི་ཆེད་མཁས་ཨུ་ཡོན་དང་རྩོམ་སྒྲིག་གི་ཁོངས་མི། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གི《བོད་ཡུལ་དམངས་ཁྲོད་རྩ་ཆེའི་དཔེ་རྙིང་ཕྱོགས་བསྒྲིགས་བཞུགས་སོ》ཞེས་པའི་ཆེད་ཞུས་རྩོམ་སྒྲིག་པ་བཅས་ཀྱི་ཐུགས་འགན་བཞེས་བཞིན་མཆིས།
        མ་འོངས་པ་ཁོང་ལ་དེང་རབས་དཀར་ཆག་རིག་པ་དང་དཔེ་མཛོད་རིག་པའི་གཞུང་ལུགས་ལ་རྒྱབ་བརྟེན་བཅོལ་ནས་དཔེ་ཆའི་མིང་དང་ལྡེབ་གྲངས། མཛད་པ་པོ། བསྒྱུར་བ་པོ་སོགས་འདུས་པའི་བོད་ཀྱི་ཤིང་པར་གྱི་ལོ་རྒྱུས་དང་ཤིང་པར་གྱི་དཀར་ཆག་ཞིག་བསྒྲིག་རྒྱུའི་དགོངས་འཆར་ཡོད་པར་མ་ཟད། མིག་སྔར་ཁོང་གི་ཕྱག་ལས་གཙོ་བོ་ནི་རིན་ཆེན་གཏེར་མཛོད་ཆེན་མོའི་དཀར་ཆག་སྒྲིག་བཞིན་འདུག་སྟེ། དཀར་ཆག་དེའི་ནང་དུ་རིན་ཆེན་གཏེར་མཛོད་དཔལ་སྤུངས་པར་མ་དང་། མཚུར་ཕུའི་པར་མ། སྡེ་དགེའི་པར་མ། ཞེ་ཆེན་དགོན་པའི་རྩིས་འཁོར་པར་མ་རྣམས་ཀྱི་ཆོས་ཚན་སོ་སོའི་མཚན་བྱང་དང་། ལྡེབ་གྲངས་དང་། མཛད་བྱང་སོགས་ཞིབ་ཚགས་སྒྲིག་བཞིན་འདུག །ཕྲན་གྱི་བསམ་པ་ལ་གལ་སྲིད་ཁོང་དང་ཁོང་ལྟ་བུའི་ཁོག་ཤེས་པ་ཆེ་ཞིང་། མ་སྐུལ་དང་བླངས་ཀྱིས་མེས་པོའི་གཡང་ནོར་འདི་དག་ལ་བྱི་དོར་བྱ་མཁན་ཞིག་མེད་ཚེ། ནམ་ཞིག་གི་ཚེ། ལོ་རྒྱུས་ཀྱི་ཆུ་རྒྱུན་རིང་མོའི་ཁྲོད་འཇའ་ཡལ་བ་ལྟར་འགྱུར་མི་འགྲོའང་སྙམ་ནས་ཐེ་ཚོམ་གྱི་རྒྱ་རུ་ཚུད་དོ། ། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1