རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་བཅོ་བརྒྱད་པ་འཚོགས་འགོ་ཚུགས་པ།
རྩོམ་སྒྲིག་པ།དབང་ཆེན།ཡོང་ཁུངས།ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། སྤེལ་དུས། 09-01
འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། སྲིད་གྲོས་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་བཅོ་བརྒྱད་པ་སྤྱི་ཟླ་8པའི་ཚེས་30ཉིན་པེ་ཅིང་དུ་འཚོགས་འགོ་ཚུགས་པ་དང་། ཆུ་ཚད་དེ་བས་མཐོ་བའི་དུས་བདེའི་ཀྲུང་གོ་བསྐྲུན་རྒྱུར་དམིགས་ནས་སྲིད་དོན་གྲོས་བསྡུར་བྱས་ཡོད་པ་རེད། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུད་ཀྱི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་དབྱང་འགོ་ཚུགས་ཚོགས་འདུར་ཞུགས་ཡོད་པ་རེད།
ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུད་ཀྱི་ཨུ་ཡོན། ཀྲུང་དབྱང་སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་ཀུའོ་ཧྲེང་ཁུན་གདན་ཞུས་ལྟར་ཚོགས་འདུར་ཞུགས་པ་དང་འབྲེལ་སྙན་ཞུ་ཡང་གནང་བ་དང་། ས་གནས་ས་ཐོག་ཏུ་སྲིད་གྲོས་ཀྱི་རྒྱུན་ལས་ཨུ་ཡོན་ཚོའི་བསམ་འཆར་དང་གྲོས་འགོ་གསན་པ་རེད། ཀུའོ་ཧྲེང་ཁུན་གྱིས། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་དུས་བདེའི་ཀྲུང་གོ་བསྐྲུན་རྒྱུར་ཚད་མཐོའི་མཐོང་ཆེན་གནང་ཞིང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཛུབ་སྟོན་གལ་ཆེན་རབ་དང་རིམ་པ་གནང་ནས་དུས་རབས་གསར་པའི་དུས་བདེའི་ཀྲུང་གོ་འཛུགས་སྐྱོང་ལ་གནས་བབ་གསར་པ་ཟམ་མི་ཆད་པར་གཏོད་རྒྱུར་ཁྲིད་སྟོན་གནང་ཡོད། ཆུ་ཚད་སྔར་ལས་མཐོ་བའི་དུས་བདེའི་ཀྲུང་གོ་འཛུགས་སྐྲུན་བྱེད་པར། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་འཛིན་རྒྱུ་རྒྱུན་འཁྱོངས་བྱེད་དགོས་པ་དང་། ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བདུན་པའི་ཚེས་གཅིག་ཉིན་གྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ནན་ཏན་བྱེད་པ། འདུ་ཤེས་བཞི་ཆེ་རུ་གཏོང་བ་དང་། བློ་སྤོབས་བཞི་བརྟན་དུ་གཏོང་བ། སྲུང་སྐྱོང་གཉིས་ཐུབ་པ་བཅས་བྱས་ཏེ། ཆབ་སྲིད་ཀྱི་བརྡར་ཤ་གཅོད་ནུས་དང་། ཆབ་སྲིད་ཀྱི་གོ་རྟོགས་ནུས་པ། ཆབ་སྲིད་ཀྱི་ལག་བསྟར་བྱེད་ནུས་བཅས་ཆེ་རུ་གཏོང་བ་དང་། ལོ་བརྒྱ་གཉིས་པའི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱེད་པར་རྩེ་གཅིག་ཏུ་དམིགས་ནས། དུས་མཚམས་རང་བཞིན་གྱི་དམིགས་འབེན་དང་ལས་འགན་སྔར་ལས་ཁ་གསལ་དུ་གཏོང་བ་དང་། ཏང་གི་འགོ་ཁྲིད་རྒྱུན་འཁྱོངས། མི་དམངས་ལྟེ་བར་འཛིན་རྒྱུ་རྒྱུན་འཁྱོངས། སྤྱི་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་ལྟ་བ་རྒྱུན་འཁྱོངས། མཉམ་སྐྲུན་མཉམ་བཅོས་དང་མཉམ་དུ་ལོངས་སྤྱོད་བྱ་རྒྱུ་རྒྱུན་འཁྱོངས། འགལ་ཟླ་དང་ཉེན་ཁ་ཆེ་རིགས་འགོག་ཟོན་དང་འདུམ་སེལ་བྱེད་པའི་ནུས་པ་དང་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་བ་བཅས་བྱས་ཏེ། མི་དམངས་བདེ་སྡོད་ལས་བརྩོན་དང་། སྤྱི་ཚོགས་བརྟན་ལྷིང་དང་གོ་རིམ་ལྡན་པ། རྒྱལ་ཁབ་ཡུན་རིང་བདེ་འཁོད་བཅས་ཡོང་བར་འགན་ལེན་བྱ་དགོས་ཅེས་གསུངས་ཡོད་པ་རེད།
རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཀྲང་ཆིང་ལིས་འགོ་ཚུགས་ཚོགས་འདུ་གཙོ་སྐྱོང་གནང་ཡོད། ཁོང་གིས། ཆུ་ཚད་དེ་བས་མཐོ་བའི་དུས་བདེའི་ཀྲུང་གོ་བསྐྲུན་རྒྱུ་ནི་མི་དམངས་མང་ཚོགས་ཀྱི་ཐོབ་ཚོར་དང་། སྐྱིད་ཚོར། བདེ་ཚོར་བཅས་ཟམ་མི་ཆད་པར་ཆེ་རུ་གཏོང་བའི་ལྡོག་མེད་བླང་བྱ་ཞིག་དང་རྒྱལ་ཁབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་འགྱུར་རྒྱུར་སྐུལ་འདེད་གཏོང་བའི་ནང་དོན་གལ་ཆེན་ཞིག་རེད།
རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཁོངས་མིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཐོག ཆབ་སྲིད་ཀྱི་འགན་འཁྲི་འཁུར་སེམས་དང་ལོ་རྒྱུས་ཀྱི་ལས་འགན་སྒྲུབ་སེམས་ཆེན་པོ་བཅངས་ནས། ཚོགས་འདུའི་བརྗོད་དོན་གཙོ་བོར་རྩེ་གཅིག་ཏུ་དམིགས་ཏེ་གང་བསམ་ལྷུག་བརྗོད་དང་། རང་གི་ལྟ་སྟངས་གང་ཡོད་བཤད་པ། རིན་ཐང་ལྡན་ལ་རང་གི་ལྟ་སྟངས་ཡོད་པའི་བསམ་འཆར་དང་གྲོས་འགོ་འདོན་པ། ཆེད་དོན་གྲོས་མོལ་སྒྲིག་གཞིའི་ནུས་པ་འདོན་སྤེལ་ཏན་ཏིག་བཅས་བྱས་ཏེ། ཆུ་ཚད་སྔར་ལས་མཐོ་བའི་དུས་བདེའི་ཀྲུང་གོ་འཛུགས་སྐྲུན་བྱ་ཆེད་ཀྲུང་གོའི་བློ་རིག་དང་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་དགོས་ཞེས་ནན་སྟོན་གནང་ཡོད་པ་རེད།
ཧྲེན་ཏེ་ཡུང་དང་། ཨོའུ་དབྱང་མིང་ཀའོ། ཀྲང་ཤིང་ཁའེ། ཡུས་རུའུ་ཚུང་། ཧྲུའུ་ཞའོ་ཆིན། སུན་ཆན་སོགས་རྒྱུན་ལས་ཨུ་ཡོན་6གིས་ཚོགས་ཆེན་ཐོག་གཏམ་བཤད་གནང་བ་དང་། བསམ་འཆར་དང་གྲོས་འགོ་བཏོན་གནང་ཡོད་པ་རེད།
གྲོས་ཚོགས་འཚོག་རིང་། རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཁོངས་མིས་སྤྱི་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་ལྟ་བ་ལག་བསྟར་གཏིང་ཟབ་བྱས་ཏེ། རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་སྐྱོང་བྱེད་པའི་རང་འགུལ་དམག་འཐབ་ཡག་པོ་རྒྱག་དགོས་ཞེས་པ་དང་། ཉེན་ཁ་ཚབས་ཆེན་སྔོན་འགོག་དང་འདུམ་སེལ་བྱས་ནས། དཔལ་འབྱོར་དེ་བས་བདེ་འཇགས་ཡོང་བའི་འགན་ལེན་བྱེད་དགོས་ཞེས་པ། རྒྱུན་མཐུད་ཆོག་པའི་གོང་འཕེལ་གྱི་འཐབ་ཇུས་ལག་བསྟར་གཏིང་ཟབ་བྱས་ནས། འབྱུང་ཁམས་དེ་བས་བདེ་འཇགས་ཡོང་བའི་འགན་ལེན་བྱེད་དགོས་ཞེས་པ། རྒྱལ་ཁབ་ཀྱི་འཐབ་ཇུས་ཚན་རྩལ་སྟོབས་ཤུགས་ལ་ཤུགས་སྣོན་རྒྱག་པ་དང་སྤྱི་པའི་བདེ་འཇགས་འགན་ལེན་བྱེད་ནུས་ཆེ་རུ་བཏང་སྟེ། ཚན་རྩལ་འདེགས་སྐྱོར་དེ་བས་ནུས་ལྡན་དང་མི་དམངས་ཀྱི་ཚེ་སྲོག་དེ་བས་བདེ་འཇགས་ཡོང་བའི་འགན་ལེན་བྱེད་དགོས་ཞེས་པ། སྤྱི་ཚོགས་བཅོས་སྐྱོང་ལ་ཤུགས་སྣོན་དང་གསར་གཏོད་བྱས་ནས། སྤྱི་ཚོགས་དེ་བས་བདེ་འཇགས་ཡོང་བའི་འགན་ལེན་བྱེད་དགོས་ཞེས་པ་སོགས་ཆེད་དོན་ཐད་གྲོས་བསྡུར་གནང་རྒྱུ་ཡིན་པ་རེད།