ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུད་ཀྱིས་གྲོས་ཚོགས་འཚོགས་པ།
རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། སྤེལ་དུས། 09-02
སྤྱི་ཟླ་8པའི་ཚེས་31ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུད་ཀྱིས་གྲོས་ཚོགས་འཚོགས་ཏེ་ད་ལོའི་སྤྱི་ཟླ་11པར་པེ་ཅིང་དུ་ཀྲུང་གོ་གུང་ཁྲན་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པ་འཚོག་རྒྱུའི་གཏན་ཁེལ་བྱས་པ་དང་། ཚོགས་འདུའི་གྲོས་རིམ་གཙོ་བོ་ནི། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུད་ཀྱིས་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་ལ་ལས་དོན་སྙན་ཞུ་འབུལ་རྒྱུ་དང་། གཙོ་གནད་ཐོག་ཕྱོགས་ཡོངས་ནས་ཏང་གི་ལོ་བརྒྱའི་འབད་འཐབ་ལམ་བུའི་གྲུབ་འབྲས་ཆེན་པོ་དང་ལོ་རྒྱུས་ཉམས་མྱོང་གནད་དོན་ལ་ཞིབ་འཇུག་བྱ་རྒྱུ་ཡིན་པ་རེད། གྲོས་ཚོགས་ཐོག ༼སྐབས་བཅུ་དགུ་པའི་ཀྲུང་དབྱང་གི་རེ་འཁོར་བདུན་པའི་སྐོར་ཞིབ་གནས་ཚུལ་གྱི་ཕྱོགས་བསྡུས་སྙན་ཞུར༽གྲོས་ཞིབ་བྱས་ཡོད། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གྲོས་ཚོགས་གཙོ་སྐྱོང་གནང་ཡོད།
གྲོས་ཚོགས་ཐོག ཀྲུང་གོ་གུང་ཁྲན་ཏང་སྤྱི་ལོ་1921ལོར་དབུ་བརྙེས་པ་ནས་བཟུང་། ཐོག་མཐའ་བར་གསུམ་དུ་ཀྲུང་གོའི་མི་དམངས་ལ་བདེ་སྐྱིད་འཚོལ་བ་དང་། ཀྲུང་ཧྭ་མི་རིགས་ཀྱི་བསྐྱར་དར་མངོན་འགྱུར་ཡོང་བ་བྱ་རྒྱུ་དེ་རང་ཉིད་ཀྱི་ཐོག་མའི་བསམ་འདུན་དང་འགན་འཁྲིར་བརྩིས་ཏེ་གུང་ཁྲན་རིང་ལུགས་ཀྱི་ཕུགས་བསམ་དང་སྤྱི་ཚོགས་རིང་ལུགས་ཀྱི་དད་མོས་སྔ་བར་ཕྱི་གསུམ་དུ་རྒྱུན་འཁྱོངས་བྱས་པ་དང་། རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་སྣེ་ཁྲིད་བྱས་ཏེ་མི་རིགས་རང་བཙན་དང་། མི་དམངས་བཅིངས་འགྲོལ་བཙོན་ལེན་བྱས་པ། རྒྱལ་ཁབ་འབྱོར་ཕྱུག་དང་མི་དམངས་བདེ་སྐྱིད་ཡོང་རྒྱུ་མངོན་འགྱུར་ཡོང་བ་བྱེད་པའི་ཐད་འབད་འཐབ་ལྷོད་མེད་བཅས་བྱས་ནས་འོད་སྟོང་འཕྲོ་བའི་ལོ་བརྒྱའི་ལོ་རྒྱུས་འཕེལ་རིམ་བརྒྱུད་ཡོད། ལོ་ངོ་བརྒྱའི་རིང་། ཏང་གིས་མི་དམངས་ལ་སྣེ་ཁྲིད་ནས་ཁྲག་འདོན་འཐབ་འཛིང་དང་། ལན་བརྒྱར་ཕམ་རུང་དཔའ་མི་ཞུམ་པའི་ཐོག་ནས་དམངས་གཙོ་རིང་ལུགས་གསར་པའི་གསར་བརྗེའི་རླབས་ཆེན་གྲུབ་འབྲས་བཏོད་ཡོད། རང་སྟོབས་རང་འཕེལ་དང་ཤུགས་སྐྱེད་སྟོབས་འཕེལ་གྱིས་སྤྱི་ཚོགས་རིང་ལུགས་ཀྱི་བསྒྱུར་བཅོས་དང་གསར་བརྗེའི་རླབས་ཆེན་གྲུབ་འབྲས་བཏོད་ཡོད། བསམ་བློ་བཅིངས་འགྲོལ་དང་བློ་བརྟན་ཡར་རྒྱས་ཀྱིས་བསྒྱུར་བཅོས་སྒོ་དབྱེ་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་པའི་རླབས་ཆེན་གྲུབ་འབྲས་བཏོད་ཡོད། རང་ཡིད་རང་ཆེས་དང་། དྲང་སྲུང་གསར་གཏོད་ཀྱིས་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་གྲུབ་འབྲས་བཏོད་ཡོད། ཏང་དང་མི་དམངས་ཀྱི་ལོ་བརྒྱའི་འབད་འཐབ་ལས་ཀྲུང་ཧྭ་མི་རིགས་ཀྱི་སྟོང་ལོའི་ལོ་རྒྱུས་ཐོག་གི་ཆེས་བརྗིད་ཉམས་ལྡན་པའི་ལོ་རྒྱུས་སྙན་ངག་བརྩམས་ཡོད་པའི་ངོས་འཛིན་བྱས་ཡོད།
གྲོས་ཚོགས་ཐོག ལོ་རྒྱུས་མེ་ལོང་དུ་འཛིན་ན་རྒྱལ་ཁབ་དར་རྒུད་སོང་བའི་རྒྱུ་རྐྱེན་རྟོགས་ཐུབ།
ཏང་གི་ལོ་བརྒྱའི་འབད་འཐབ་ལམ་བུའི་གྲུབ་འབྲས་ཆེན་པོ་དང་ལོ་རྒྱུས་ཉམས་མྱོང་ལ་ཕྱོགས་བསྡོམས་བྱེད་པ་དེ་ནི་ཏང་བཙུགས་ཀྱི་ལོ་བརྒྱའི་ལོ་རྒྱུས་ཆ་རྐྱེན་འོག་སྒོ་ཀུན་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྱོང་བྱེད་པའི་རྒྱང་སྐྱོད་གསར་པ་འགོ་འཛུགས་པ་དང་། དུས་རབས་གསར་པར་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་རྒྱུན་འཁྱོངས་དང་གོང་འཕེལ་གཏོང་བའི་དགོས་མཁོ་ཞིག་དང་། དེ་ནི་ཆབ་སྲིད་འདུ་ཤེས་དང་གནས་བབ་ཧྲིལ་པོའི་འདུ་ཤེས། ལྟེ་བའི་འདུ་ཤེས། མིག་དཔེའི་འདུ་ཤེས་བཅས་ཤུགས་ཆེར་གཏོང་བ་དང་། ལམ་བུའི་བློ་སྤོབས་དང་རིགས་གཞུང་བློ་སྤོབས། ལམ་ལུགས་བློ་སྤོབས། རིག་གནས་བློ་སྤོབས་བཅས་བརྟན་དུ་བཏང་ནས་ཏང་ཀྲུང་དབྱང་དང་ཏང་ཡོངས་ནང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སྲོག་ཤིང་གནས་བབ་ལ་མཐའ་གཅིག་ཏུ་སྲུང་སྐྱོང་བྱེད་པ། ཏང་ཀྲུང་དབྱང་གི་དབང་གྲགས་དང་ཀྲུང་དབྱང་གི་གཅིག་སྡུད་གཅིག་འགྱུར་འགོ་ཁྲིད་ལ་མཐའ་གཅིག་ཏུ་སྲུང་སྐྱོབ་བྱེད་པ། ཏང་ཡོངས་གོམ་སྟབས་གཅིག་པོས་མདུན་སྐྱོད་བྱ་རྒྱུར་འགན་སྲུང་བྱེད་པ་བཅས་ཀྱི་དགོས་མཁོ་ཞིག དེ་ནི་ཏང་གི་རང་ངོས་གསར་བརྗེར་སྐུལ་འདེད་གཏོང་བ་དང་ཏང་ཡོངས་ཀྱི་འཐབ་རྩོད་འཇོན་ནུས་དང་ཉེན་ཁ་དང་འགྲན་རྩོད་ལ་ཁ་གཏད་གཅོག་པའི་ནུས་པ་ཆེ་རུ་གཏོང་བ། ཏང་གི་སྐྱེ་སྟོབས་ཀྱི་གསོན་ཤུགས་ནམ་ཡང་གནས་པར་བྱེད་པ། རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་སྣེ་ཁྲིད་བྱས་ཏེ་ཀྲུང་ཧྭ་མི་རིགས་ཀྱི་བསྐྱར་དར་རླབས་པོ་ཆེའི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་ཆེད་མུ་མཐུད་འབད་འཐབ་བྱེད་པའི་དགོས་མཁོ་ཞིག་བཅས་རེད། ཏང་ཡོངས་ཀྱིས་དངོས་གཙོ་སྨྲ་བ་དང་ཡང་དག་པའི་ཏང་གི་ལོ་རྒྱུས་ལྟ་བ་རྒྱུན་འཁྱོངས་ཀྱིས་ཏང་གི་ལོ་བརྒྱའི་འབད་འཐབ་ལམ་བུའི་ཁྲོད་ནས་སྔོན་མ་ང་ཚོ་ལེགས་གྲུབ་བྱུང་དོན་གང་ཡིན་མིན་གསལ་པོ་མཐོང་བ་དང་། འབྱུང་འགྱུར་གང་འདྲ་བྱས་ན་མུ་མཐུད་ལེགས་གྲུབ་ཐུབ་མིན་གསལ་རྟོགས་ཐུབ་པ་བྱས་ཏེ་ཐོག་མའི་བསམ་འདུན་དང་འགན་འཁྲི་སྔར་བས་བརྟན་དུ་དང་སྔར་བས་རང་རྟོགས་སྒོ་ནས་ལག་ལེན་བསྟར་ཐོག་དུས་རབས་གསར་པར་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་རྒྱུན་འཁྱོངས་དང་གོང་འཕེལ་སྔར་ནས་ལེགས་པ་གཏོང་དགོས་ཞེས་བསྟན་ཡོད།
གྲོས་ཚོགས་ཐོག ཀྲུང་གོ་གུང་ཁྲན་ཏང་གིས་ཀྲུང་ཧྭ་མི་རིགས་ཀྱི་སྟོང་ལོའི་རླབས་ཆེན་བྱ་གཞག་ཐད་འབད་བརྩོན་བྱེད་བཞིན་ཡོད་པ་དང་། ལོ་ངོ་བརྒྱ་ཡི་ལང་ཚོ་དར་ལ་བབ་ཡོད། འདས་ཟིན་པའི་ལོ་ངོ་བརྒྱའི་རིང་། ཏང་གིས་མི་དམངས་དང་ལོ་རྒྱུས་ལ་ཕུལ་དུ་བྱུང་བའི་རྒྱུགས་ལན་ཞིག་ཕུལ་ཡོད། ད་ཆ། ཏང་གིས་ཀྲུང་གོའི་མི་དམངས་ལ་མཐུན་སྒྲིལ་སྣེ་ཁྲིད་བྱས་ཏེ་ལོ་བརྒྱ་བྱས་པ་གཉིས་པའི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱེད་པའི་རྒྱུགས་ལེན་ལམ་བུ་གསར་པའི་ཐོག་སྐྱོད་བཞིན་ཡོད། དུས་རབས་ནི་རྒྱུགས་གཏོང་མཁན་དང་། ང་ཚོ་ནི་རྒྱུགས་ལེན་མཁན། མི་དམངས་ནི་བཅོས་རྒྱག་མཁན་བཅས་རེད། ང་ཚོས་ངེས་པར་དུ་མུ་མཐུད་གཡུར་ཟའི་སྦྱངས་འབྲས་བླངས་ནས་དུས་རབས་གསར་པའི་རྒྱང་སྐྱོད་གསར་པའི་ཐོག་རྣམ་པ་གསར་པ་དང་བྱས་རྗེས་གསར་པ་འཇོག་དགོས་ཞེས་ནན་སྟོན་བྱས་ཡོད་པ་རེད།
གྲོས་ཚོགས་ཐོག བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་སློབ་གསོའི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་གནང་བ་དང་། སློབ་གསོའི་བྱ་གཞག་སྔོན་ལ་འཕེལ་རྒྱས་གཏོང་རྒྱུ་རྒྱུན་འཁྱོངས་བྱས་པས། སློབ་གསོ་སྒྱུར་བཅོས་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཐད་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ་དང་། སློབ་གསོའི་ཁྱབ་ཁོངས་ཀྱི་རྣམ་པར་འགྱུར་ལྡོག་མངོན་གསལ་དོད་པོ་ཕྱིན་ཡོད། སྐོར་ཞིབ་ལ་བལྟས་ན། སློབ་གསོ་པུའུ་ཏང་ཙུའུ་དང་འབྲིང་རིམ་དོ་དམ་མཐོ་རིམ་སློབ་གྲྭའི་ཏང་ཨུད་༣༡གིས་ཏང་ལ་དོ་དམ་དང་ཏང་བཅོས་སྐྱོང་བྱེད་པའི་འགན་འཁྲིའི་འདུ་ཤེས་ཆེ་རུ་ཕྱིན་པ་དང་། སློབ་གཉེར་དང་སློབ་གྲྭ་སྐྱོང་བའི་ལས་དོན་ལ་གྲུབ་འབྲས་གསར་པ་ཐོབ་པ། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཞབས་འདེགས་ཞུ་བའི་ཐད་ལེགས་སྐྱེས་གསར་པ་ཕུལ་ཡོད་མོད། འོན་ཀྱང་སྤྱི་ལ་གནས་པའི་གནད་དོན་དང་གཏིང་ཟབ་པའི་གནད་དོན་ཁ་ཤས་ཤེས་རྟོགས་བྱུང་ཡོད། ཏང་ལེགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་། སྤྱོད་འཛུགས་མི་སྐྱོང་གི་རྩ་བའི་ལས་འགན་དོན་འཁྱོལ་བྱེད་པ། ཏང་ཨུད་ཀྱི་འགོ་ཁྲིད་འོག་གི་སློབ་གྲྭའི་སློབ་སྤྱི་གྱི་འགན་འཁྲིའི་ལམ་ལུགས་ལག་བསྟར་བྱེད་པ། ཏང་དོ་དམ་ནན་པོ་དང་སློབ་གྲྭ་བཅོས་སྐྱོང་ནན་པོ་བྱེད་པ། ཚན་པའི་དཔུང་ཁག་དང་གཞི་རིམ་ཏང་རྩ་འཛུགས་ལེགས་སྐྱོང་བྱེད་པ་སོགས་ཀྱི་ཐད་ད་དུང་མི་འདང་ས་ཡོད། སྐོར་གཟིགས་ནང་གསར་རྙེད་བྱུང་བའི་གནད་དོན་ལ་ལན་ཆ་ནན་པོ་བྱས་ནས། བྱེད་པོའི་འགན་འཁྲི་ཏན་ཏིག་སྒྲུབ་པ་དང་། རྒྱུན་གཏན་ལྟ་སྐུལ་དག་ཐེར་ཡོ་བསྲང་བྱ་རྒྱུར་ཤུགས་སྣོན་རྒྱག་པ། སྐོར་གཟིགས་ཀྱི་རལ་གྲི་རྣོན་པོའི་ནུས་པ་རྒྱུན་མཐུད་ངང་འདོན་སྤེལ་བྱེད་པ། ཏང་ཨུད་༼ཏང་ཙུའུ་༽ཀྱིས་དག་ཐེར་ཡོ་བསྲང་བྱ་རྒྱུ་དེ་ཏང་དོ་དམ་དང་སློབ་གྲྭ་སྐྱོང་བའི་དམ་འཛིན་བྱེད་སར་བརྩིས་ནས། ཁྱོན་ཡོངས་ནས་དག་ཐེར་ཡོ་བསྲང་དང་། གཙོ་གནད་མངོན་གསལ་དོད་པོ་ཡོང་རྒྱུ་རྒྱུན་འཁྱོངས་བྱས་ཏེ། གནད་དོན་ཐག་གཅོད་ཏན་ཏིག་བྱེད་དགོས། དག་ཐེར་བྱ་རྒྱུ་གོ་སྐབས་སུ་འཛིན་པ་དང་། མཐོ་སློབ་ལ་ཏང་གིས་ཁྱོན་ཡོངས་ནས་འགོ་ཁྲིད་བྱ་རྒྱུར་ཤུགས་སྣོན་བརྒྱབ་སྟེ། སྐོར་ཞིབ་ལ་བརྟེན་ནས་སྒྱུར་བཅོས་ལ་སྐུལ་འདེད་གཏོང་བ་དང་། སྐོར་ཞིབ་ལ་བརྟེན་ནས་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ། སྐོར་ཞིབ་ལ་བརྟེན་ནས་བཅོས་སྐྱོང་ལ་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། དུས་རབས་གསར་པའི་མཐོ་རིམ་སློབ་གསོའི་སྤུས་མཐོའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས་ཞེས་བསྟན་ཡོད།
གྲོས་ཚོགས་ཐོག ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མུ་མཐུད་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་། ཏང་གི་སློབ་གསོའི་མཛད་ཕྱོགས་ཁྱོན་ཡོངས་ནས་ལག་བསྟར་བྱེད་པ། ཏང་གི་རིགས་པའི་གཞུང་ལུགས་གསར་གཏོད་ཀྱིས་བསམ་བློར་རང་རྟོགས་ངང་དྲག་ཆས་སྤྲོས་པ། ལག་ལེན་ལ་མཛུབ་ཁྲིད་བྱེད་པ། ལས་དོན་ལ་སྐུལ་འདེད་གཏོང་བ་བཅས་བྱེད་པ། ཆབ་སྲིད་ཀྱི་བརྡར་ཤ་གཅོད་ནུས་དང་། ཆབ་སྲིད་ཀྱི་གོ་རྟོགས་ནུས་པ། ཆབ་སྲིད་ཀྱི་ལག་བསྟར་ནུས་པ་བཅས་ཆེ་རུ་གཏོང་བ། རྒྱལ་ཁབ་ཀྱི་དོན་ཆེན་བློ་ལ་བརྟན་པོར་ངེས་པ། སྤྱི་ཚོགས་རིང་ལུགས་ཀྱི་སློབ་གཉེར་ཁ་ཕྱོགས་རྒྱུན་འཁྱོངས་བྱེད་པ། ཏང་ཆེད་མི་སྣ་གསོ་སྐྱོང་དང་རྒྱལ་ཁབ་ཆེད་ཤེས་ལྡན་པ་གསོ་སྐྱོང་བྱེད་པ། སྤྱོད་འཛུགས་མི་སྐྱོང་བྱ་རྒྱུ་དེ་རྩ་བའི་ལས་འགན་ཞིག་ཏུ་བརྩི་བ་དང་། བསམ་བློ་ཆབ་སྲིད་ལས་དོན་དང་དགེ་རྒན་གྱི་ཀུན་སྤྱོད་དང་། སྤྱོད་ཚུལ། སློབ་སྲོལ་བཅས་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས། སྤྱོད་ཤེས་མཛེས་དང་ངལ་རྩོལ་བཅས་ཆ་འཛོམས་པའི་སྤྱི་ཚོགས་རིང་ལུགས་ཀྱི་འཛུགས་སྐྲུན་པ་དང་རྒྱུན་འཛིན་པ་གསོ་སྐྱོང་བྱ་རྒྱུར་ཤུགས་རྒྱག་དགོས། སློབ་གསོ་སྒྱུར་བཅོས་ཀྱི་བཀོད་སྒྲིག་དོན་འཁྱོལ་བྱེད་པ་དང་། མཐོ་སློབ་ཀྱི་མ་ལག་བཅོས་སྐྱོང་དང་བཅོས་སྐྱོང་ནུས་པ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ། ནང་དོན་ཡོད་པའི་སྤུས་མཐོའི་འཕེལ་རྒྱས་གཏོང་དགོས། དུས་རབས་གསར་པའི་བླང་བྱ་དང་རང་འགུལ་ངང་འཚམ་པར་བྱེད་པ་དང་། འཕེལ་རྒྱས་ཀྱི་དུས་མཚམས་གསར་པར་གཞི་ཚུགས་པ། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་འཐུས་ཚང་དང་། འཕྱུགས་མེད། ཁྱོན་ཡོངས་ནས་ལག་བསྟར་བཅས་བྱེད་པ། འཕེལ་རྒྱས་ཀྱི་རྣམ་པ་གསར་པར་ཞབས་འདེགས་ཞུ་བ་དང་མཉམ་འདྲེས་ཐུབ་པ་བྱེད་དགོས། མཐོ་སློབ་ཀྱིས་ཁྱོན་ཡོངས་ནས་ཏང་ནན་པོས་སྐྱོང་རྒྱུར་སྐུལ་འདེད་གཏིང་ཟབ་གཏོང་བ། ཏང་ཨུད་ཀྱི་བྱེད་པོའི་འགན་འཁྲི་དང་ཧྲུའུ་ཅི་ཨང་དང་པོའི་འགན་འཁྲི་དང་སྒྲིག་ཨུད་ཀྱི་ལྟ་སྐུལ་འགན་འཁྲི་དོན་འཁྱོལ་ནན་ཏན་བྱེད་པ། རིམ་པ་བཞིན་གནོན་ཤུགས་བརྒྱུད་སྤྲོད་བྱེད་པ། ནན་པོའི་ཁོར་ཡུག་ལ་ཤུགས་སྣོན་རྒྱག་པ། དབང་ཆ་འཁོར་སྐྱོད་ལ་ལྟ་སྐུལ་དང་ཚོད་འཛིན་བྱེད་ཤུགས་ཆེ་རུ་གཏོང་བ། རུལ་སུངས་ཀྱི་གནད་དོན་ཞིབ་བཤེར་ཐག་གཅོད་ནན་པོ་བྱེད་པ། ཟིལ་ཤུགས་ཆགས་པ་བྱེད་པ། སྤྱོད་གཙང་གི་ཉེན་ཁ་སྔོན་འགོག་ཏན་ཏིག་བྱེད་པ། རུལ་སུངས་བྱེད་མི་ཕོད་པ་དང་། རུལ་སུངས་བྱེད་མི་འདོད་པ། རུལ་སུངས་བྱེད་མི་བསམ་པ་བཅས་ལ་གཅིག་གྱུར་ཐོག་སྐུལ་འདེད་གཏོང་དགོས། ༼ཀྲུང་གོ་གུང་ཁྲན་ཏང་གི་མཐོ་རིམ་སློབ་གྲྭ་དཀྱུས་མའི་གཞི་རིམ་རྩ་འཛུགས་ཀྱི་ལས་ཀའི་སྲོལ་ཡིག་༽ལག་བསྟར་དོན་འཁྱོལ་བྱེད་པ་དང་། ཏང་ཨུའི་འགོ་ཁྲིད་འོག་སློབ་གྲྭའི་སློབ་སྤྱིའི་འགན་འཁྲིའི་ལམ་ལུགས་ལག་བསྟར་ནན་ཏན་བྱེད་པ། མཐོ་རིམ་སློབ་གྲྭའི་འགོ་ཁྲིད་ཚན་པ་དང་། ལས་བྱེད་པའི་དཔུང་ཁག ཤེས་ལྡན་པའི་དཔུང་ཁག གཞི་རིམ་ཏང་རྩ་འཛུགས་བཅས་འཛུགས་སྐྱོང་བྱེད་པར་ཤུགས་སྣོན་རྒྱག་པ། སྒྲིག་སྲོལ་དང་ལམ་སྲོལ་འཐུས་ཚང་དུ་གཏོང་བ། ཏང་ལེགས་སྐྱོང་གི་ལས་ཀའི་ཆུ་ཚད་མཐོ་རུ་གཏོང་བ་བཅས་བྱས་ཏེ། མཐོ་རིམ་སློབ་གྲྭའི་སྒྱུར་བཅོས་དང་འཕེལ་རྒྱས་གཏོང་བར་རྩ་འཛུགས་ཀྱི་འགན་ལེན་བརྟན་པོ་མཁོ་འདོན་བྱ་དགོས་ཞེས་ནན་བཤད་བྱས་ཡོད།
གྲོས་ཚོགས་ཐོག་ད་དུང་དོན་ཚན་གཞན་དག་ལ་ཞིབ་འཇུག་བྱས་ཡོད་པ་རེད།