བཀྲ་ཡེ་དོན་ནེ་ནི་1990ལོར་སི་ཁྲོན་རྔ་བ་རྫོང་དུ་ལྟེ་ཁྲག་ས་ལ་འཕོས་པ་དང་། ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོ་ནས་སློབ་མཐར་ཕྱིན་ཞིང་། ལོ་ན་ཆུང་བའི་དུས་ནས་ལྷ་རིས་མཁས་ཅན་རང་གི་ཕུ་བོའི་ཤུགས་རྐྱེན་འོག་རི་མོ་འབྲི་རྒྱུར་ཧ་ཅང་དགའ་ཞིང་། ལྷག་པར་དུ་རི་མོ་བ་མཁས་ཅན་ཏེང་ཡུང་ཀང་གི་དྲུང་ནས་རི་མོའི་གཞུང་ལ་བརྩོན་འགྲུས་ལྷོད་མེད་བྱས།
ཁོང་གི་བརྩམས་ཆོས་ནང་བཞེངས་པའི་མི་སྣ་གཟུགས་བརྙན་དག་ལས་བྱིས་པའི་དྭངས་གཙང་ལྷད་མེད་དང་བློ་བདེ་བག་ཕེབས་ཀྱི་རང་གཤིས་མངོན་པར་གསལ་ཐོག །དུས་དང་ཁོར་ཡུག་གི་འགལ་འདུའི་ཁྲོད་ལས་བྱུང་བའི་ཐུན་མིན་གྱི་རྣམ་པ་ཞིག་ཀྱང་ངམ་ཤུགས་སུ་འཆར་ཞིང་། ཁོང་གི་བརྩམས་ཆོས་ལ་དོན་ཇི་བཞིན་བརྗོད་པ་དང་ལྐོག་འགྱུར་གྱི་རང་བཞིན་གཉིས་ཀ་ལྡན་ཡོད་པས། མདུན་མས་ང་ཚོར་ཁོང་གི་བརྩམས་ཆོས་ཀྱི་འཇིག་རྟེན་ལ་མྱོང་རོལ་བྱེད་འདོད་ཀྱི་བློ་སྒོ་ཡངས་པོར་ཕྱེ་ཞིང་། ཕྱི་མས་ང་ཚོ་ལྐོག་འགྱུར་གྱི་བསམ་གཞིགས་ཀློང་དུ་ཚུད་པར་བྱེད་ཀྱི་ཡོད།
ཁོང་གི་ཁེར་རྐྱང་གི་གསར་གཏོད་ཀྱི་བརྒྱུད་ལམ་རིང་མོའི་ཐོག་ཕེབས་ཞོར་དུ། ད་དུང་ཨ་ནུ་དཔེ་ཚོགས་ཀྱིས་དཔར་འགྲེམས་བྱས་པའི་རིས་འགྲེལ་དཔེ་ཚོགས་ཀྱི་བར་འཇུག་རི་མོ་བའི་འགན་འཁུར་བར་མ་ཟད། ན་གཞོན་སྙན་ངག་པ་ཁ་བ་སྙིང་ལྕགས་ཀྱི་འདས་ཁའི་བརྩམས་ཆོས《ཕྱེ་མ་ལེབ》ཀྱི་བར་འཇུག་རི་མོ་གསར་རྩོམ་བྱས་ཡོད།
2018ལོའི་ཟླ་7པར་བཀྲ་ཡེ་དོན་ནེའི་མི་སྒེར་གྱི་རི་མོའི་འགྲེམ་སྟོན་སྐྱིད་སྡུག་ཞེས་པ་དེ་དབུས་ལྷ་ལྡན་དུ་བྱས་ཤིང་། འགྲེམ་སྟོན་དེས་སྤྱི་ཚོགས་སུ་གྲགས་འགུལ་ཆེན་པོ་བཟོས། བཀྲ་ཡེ་དོན་ནེའི་བརྩམས་ཆོས་མང་དག་ཅིག་ད་ལྷ་རིག་གནས་ཚན་པ་ཁག་དང་མི་སྒེར་མང་པོས་ཉར་ཚགས་གནང་ཡོད། །