བྱེ་འགྱུར་རྩྭ་སའི་བཅོས་སྐྱོང་ལག་རྩལ།

རིན་ཆེན་མཁའ་འགྲོས་བསྒྱུར། རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 09-02


གཅིག །བྱེ་འགྱུར་རྩྭ་སའི་ཁྱད་ཆོས་དང་མིག་སྔའི་གནས་ཚུལ།

རང་རྒྱལ་ནི་འཛམ་གླིང་དུ་བྱེ་ཐང་ཅན་གྱི་རྒྱ་ཁྱོན་ཆེ་ཞིང་ཁྱབ་རྒྱ་ཆེ་བ། གནོད་སྐྱོན་ཚབས་ཆེ་བའི་རྒྱལ་ཁབ་ཀྱི་གྲས་ཡིན་པ་དང་། རང་རྒྱལ་གྱི་ས་ཞིང་ལ་བསྡོམས་པས་སྤྱི་ཆིངས་262.2ཡོད་པ་དང་། དེ་ལས་རླུང་གིས་ཟད་པའི་བྱེ་འགྱུར་ས་ཞིང་གིས་སྤྱི་ཆིངས་160.7ཟིན་ཡོད། 1950ལོ་ནས་1990ལོའི་དུས་དཀྱིལ་བར། རང་རྒྱལ་གྱི་བྱེ་འགྱུར་ཚད་ནི་སྤྱི་ཆིངས་2460ཡིན་ཞིང་།
1995ལོ་ནས་2000ལོའི་བར་རང་རྒྱལ་གྱི་བྱེ་རྒྱུ་ཐང་རྒོད་ཅན་དུ་འགྱུར་ཚད་ཀྱི་རྒྱ་ཁྱོན་བསྡོམས་པས་སྤྱི་ཆིངས་2553.3འཕར་བ་རེད། རྒྱལ་ཡོངས་ཀྱི་ཐང་རྒོད་ཅན་དང་བྱེ་ཐང་ཅན་དུ་འགྱུར་བར་ལྟ་ཞིབ་ཐེངས་གསུམ་པ་བྱས་པའི་མཇུག་འབྲས་ལྟར་ན། 2004ལོར་རྒྱལ་ཡོངས་ཀྱི་བྱེ་ཐང་ཅན་དུ་འགྱུར་བའི་ས་ཞིང་གི་སྤྱིའི་རྒྱ་ཁྱོན་ནི་སྤྱི་ཆིངས་ཁྲི་263.62དང་། དེ་ཡིས་རྒྱལ་སའི་སྤྱིའི་རྒྱ་ཁྱོན་གྱི་བརྒྱ་ཆ་27.46ཟིན་པ་དང་། རྒྱལ་ཡོངས་ཀྱི་བྱེ་ཐང་ཅན་དུ་འགྱུར་བའི་ས་ཞིང་གི་རྒྱ་ཁྱོན་ནི་སྤྱི་ཆིངས་ཁྲི་173.97ཡིན་པ་དང་། དེ་ཡིས་རྒྱལ་སའི་སྤྱིའི་རྒྱ་ཁྱོན་གྱི་བརྒྱ་ཆ་18.12ཟིན། མཉམ་འཇོག་བྱེད་འོས་པ་ཞིག་ནི། ཐེངས་འདིའི་སྤྱི་བསྒྲགས་ལྟར་ན་རང་རྒྱལ་གྱི་ཐང་རྒོད་ཅན་དང་བྱེ་ཐང་ཅན་དུ་འགྱུར་བའི་རྒྱ་ཁྱོན་དེ་1999ལོ་ནས་ཇེ་ཆུང་དུ་འགྱུར་བའི་རྣམ་པ་མངོན་ཡོད། སོ་སོར་ལོ་རེར་སྤྱི་ཆིངས་7585དང་སྤྱི་ཆིངས་1283ཡིན། སྙན་ཞུར་མཇུག་མཐའི་དཔྱད་འཇོག་བྱས་པ་ན། རང་རྒྱལ་གྱི་ཐང་རྒོད་ཅན་དང་བྱེ་ཐང་ཅན་དུ་འགྱུར་བའི་རྣམ་པ་དེར་ཚོད་འཛིན་ཐུབ་ནས། བཅོས་སྐྱོང་དང་གཏོར་བརླག་ཕན་ཚུན་སྲུང་འཛིན་ཐུབ་པ་བྱུང་བ་རེད།

རང་རྒྱལ་ལ་བྱེ་ཐང་ཅན་དུ་འགྱུར་བ་ཆེས་ཚབས་ཆེ་བའི་ས་ཁུལ་ལ་རིགས་གཉིས་ཡོད་དེ། གཅིག་ནི་རང་རྒྱལ་གྱི་བྱང་ཕྱོགས་ས་ཆའི་ཐན་སྐམ་ཕྱེད་ཙམ་དང་། བརླན་བཤེར་ཕྱེད་ཙམ་ས་ཁུལ་གྱི་ཞིང་འབྲོག་མཉམ་འདྲེས་ས་གནས་ཡིན་པ་དང་།
གཉིས་ནི་རང་རྒྱལ་བྱང་ཕྱོགས་ས་ཆའི་ཐན་སྐྱོན་ས་ཁུལ་གྱི་ནང་ལོགས་ཆུ་བོའི་འབབ་ཡུལ་དང་ནང་ལོགས་ཆུ་བོའི་སྨད་རྒྱུད་ཀྱི་སྤང་སའི་ས་ཁུལ་རེད། རང་རྒྱལ་གྱི་ས་ཞིང་བྱེ་འགྱུར་ཅན་གྱི་འཕེལ་རིམ་ནི་དུས་རབས་ཉི་ཤུ་པའི་མཇུག་ལ་ཚབས་ཆེན་དུ་འགྱུར་བ་རེད། དཔེར་ན་དུས་རབས་ཉི་ཤུ་པའི་ལོ་རབས་ལྔ་བཅུའི་དུས་ནས་ལོ་རབས་བདུན་ཅུའི་དུས་དཀྱིལ་བར་ལ། རྒྱལ་ཡོངས་བྱེ་རྒྱུའི་ཐང་རྒོད་ཅན་དུ་འགྱུར་བ་དེ་ལོ་རེར་སྤྱི་ཆིངས་1560ཡི་མྱུར་ཚད་ཀྱིས་རྒྱ་ཇེ་ཆེར་འགྲོ་བ་དང་། དུས་རབས་ཉི་ཤུའི་ལོ་རབས་བདུན་ཅུའི་དུས་དཀྱིལ་ནས་ལོ་རབས་བརྒྱད་ཅུའི་དུས་དཀྱིལ་བར་ལ། ལོ་རེར་སྤྱི་ཆིངས་2100ཡི་མྱུར་ཚད་ཀྱིས་རྒྱ་ཇེ་ཆེར་འགྲོ་བ་རེད། དུས་རབས་ཉི་ཤུའི་ལོ་རབས་ལྔ་བཅུ་ནས་ལོ་རབས་དགུ་བཅུའི་བར་ལ། རང་རྒྱལ་གྱི་རྩྭ་ས་བྱེ་འགྱུར་བྱུང་ཚད་ཧ་ཅང་མྱུར་བ་སྟེ། ལོ་རེར་བརྒྱ་ཆ་1.5ནས་བརྒྱ་ཆ་3གྱི་མྱུར་ཚད་ཀྱིས་འཕེལ་རྒྱས་ཆེན་པོ་འགྲོ་བ་རེད། རང་རྒྱལ་གྱི་རྩྭ་ཐང་ཐང་རྒོད་ཅན་དུ་འགྱུར་བ་དེས་མི་དུང་ཕྱུར་4ལྷག་ལ་གནོད་འཚེ་ཐེབས་པ་རེད། རགས་རྩིས་བྱས་པ་ལྟར་ན། ལོ་རེར་ཐད་ཀར་དཔལ་འབྱོར་གྱོང་གུན་སྒོར་དུང་ཕྱུར་དྲུག་བརྒྱ་ཞེ་གཉིས་བཟོས་པ་དང་། ཆ་སྙོམས་ཉིན་རེར་དཔལ་འབྱོར་གྱོང་གུན་སྒོར་དུང་ཕྱུར་གཅིག་དང་བྱེ་བ་བདུན་ས་ཡ་དྲུག་ཐེབས་པ་རེད། ཐང་རྒོད་ཅན་དང་དེ་ལས་བསྐྱེད་པའི་བར་བརྒྱུད་ཀྱི་དཔལ་འབྱོར་གྱོང་གུན་ཕལ་ཆེར་སྒོར་དུང་ཕྱུར་ཉིས་སྟོང་བརྒྱད་བརྒྱ་གྱ་དགུ་བཟོས་པ་རེད། བྱེ་ཐང་ཅན་དུ་འགྱུར་བའི་རྒྱུ་རྐྱེན་གསལ་པོ་ཤེས་ན་འོས་མཐུན་གྱི་བྱེད་ཐབས་ལག་ལེན་སྤྱད་ནས་བྱེ་ཐང་ཅན་དུ་འགྱུར་བ་སྔོན་འགོག་བྱེད་པར་དོན་སྙིང་གལ་ཆེན་ལྡན་ཡོད། རང་བྱུང་རྒྱུ་རྐྱེན་དང་མི་བཟོས་རྒྱུ་རྐྱེན་གྱིས་མཉམ་དུ་བྱེ་ཐང་ཅན་ལ་འགྱུར་དུ་བཅུག་མོད། འོན་ཀྱང་གང་གིས་གཙོ་ཁྲིད་ཀྱི་ནུས་པ་ཐོན་པའི་ཐད་ལ་ད་དུང་གཏན་འཁེལ་བྱས་མེད། རང་བྱུང་གི་རྒྱུ་རྐྱེན་ནི་ས་གཤིས་ལོ་རྒྱུས་ཀྱི་ཐད་ནས་ས་ངོས་ཀྱི་བྱེ་རྒྱུ་འདུས་ཚད་འཕེལ་བའི་གོ་རིམ་དང་། གནམ་གཤིས་ཐན་སྐྱོན་བྱུང་བའི་དུས་ཚིགས་དང་རླུང་མང་བའི་དུས་ཚིགས་མཉམ་དུ་འཁེལ་བ་སོགས་ཡོད། དཔེར་ན་ཡ་གླིང་གི་བྱེ་ཐང་ཅན་དུ་འགྱུར་བ་དེ་ལོ་ཁྲི་2200ཡི་སྔོན་ནས་བྱེ་རླུང་ས་རྒྱུ་དང་དུས་རླུང་གིས་དེད་ནས་ཡོང་བ་རེད། རང་བྱུང་གི་རྒྱུ་རྐྱེན་གྱི་ཐད་ནས་དུས་ཡུན་ཅུང་རིང་པོའི་ནང་ལ་ནུས་པ་ཐོན་པ་རེད། འོན་ཀྱང་དེ་ཡི་ནུས་པ་དེ་དུས་ཚོད་སྐར་ཆ་གཅིག་ལའང་མཚམས་འཇོག་མེད་པར་བཏོན་དང་འདོན་བཞིན་ཡོད། ད་དུང་མིའི་རིགས་ཀྱི་བྱ་སྤྱོད་ཀྱིས་དེ་ཡི་ནུས་པ་ཇེ་ཆེར་གཏོང་བ་རེད། མིས་བཟོས་གནོད་སྐྱོན་ཐད་ནས་ཕྱུགས་འཚོ་བ་དང་ས་སློག་པ། གཏེར་འདོན་པ། ལམ་ལས་པ་སོགས་ལ་འབྲེལ་བ་ཡོད། མི་འབོར་མང་དྲགས་པས་དཔལ་འབྱོར་ཚོང་གཉེར་འོས་མཐུན་མིན་པ་ལག་བསྟར་བྱས་པ་ནི་རྩ་བའི་རྒྱུ་རྐྱེན་རེད།

གཉིས། རྩྭ་ས་བྱེ་མར་འགྱུར་བའི་རྒྱུ་རྐྱེན།

(གཅིག)རྩྭ་ཐང་གི་མ་གཞིའི་སྐྱེ་ཁམས་མ་ལག་ཞན་པ།

རང་བྱུང་རྩྭ་ས་ནི་སྤྱིར་བཏང་དུ་ཐན་པ་ཆེ་ཞིང་ཆར་ཆུ་ཉུང་བ་དང་རྒྱུན་པར་རླུང་ལྡང་བ། མཚོ་འཕགས་ཅུང་མཐོ་བའི་ས་ཁུལ་དུ་ཁྱབ་ཅིང་། གནམ་གཤིས་ཚ་གདུག་ཆེ་ལ་ས་རིམ་སྲབ་པ་རེད། སྔོ་ཁེབས་ལ་གཏོར་བརླག་ཐེབས་རྗེས་རླུང་གིས་ཟད་པའི་ས་བྱེ་ཐང་དུ་འགྱུར་ཧ་ཅང་སླ་བ་རེད། ཉེ་བའི་ལོ་ཤས་རིང་ཐན་སྐྱོན་ཆེ་ལ་ཆར་ཆུ་ཉུང་བ་དང་། མིའི་རིགས་ཀྱི་འགུལ་སྐྱོད་དེ་རང་བྱུང་ཁོར་ཡུག་གི་ཐེག་ཚད་ལས་བརྒལ་ན། རྩྭ་ཐང་བྱེ་འགྱུར་གྱི་གནས་ཚུལ་སྔར་བས་ཚབས་ཆེན་དུ་འགྱུར་བའོ། །

(གཉིས)གང་བྱུང་དུ་ས་སློག་པ།

དུས་རབས་གོང་མའི་ལོ་རབས་ལྔ་བཅུ་དུས་ལ་ནུས་ཤུགས་ཡོད་དགུས་རང་བྱུང་རྩྭ་ཐང་གི་ས་སློག་ནས་སྔོ་ཁེབས་ལ་གནོད་སྐྱོན་ཚབས་ཆེན་བཟོས་ཤིང། གཞི་ཁྱོན་ཆེན་པོས་འབྲུ་རིགས་བཏབ་པ་དང་། མུ་མཐུད་ནས་འབྲུ་རིགས་འདེབས་འཛུགས་བྱས་པ་དེས་རྩྭ་ཐང་གི་རང་བྱུང་ནུས་པར་གཏོར་བརླག་བཟོས་ཤིང་། རང་བྱུང་གི་ཆོས་ཉིད་དང་འགལ་བ་རེད། གནམ་གཤིས་ཧ་ཅང་མི་ལེགས་པས། རྩྭ་ཐང་ལ་གཏོར་བརླག་ཐེབས་ན་སླར་གསོ་བྱུང་ཧ་ཅང་དཀའ་བ་རེད། ད་དུང་ས་ཁུལ་ཁ་ཤས་ལ་རླུང་གིས་ཟད་པ་དང་ས་ཆུ་ཤོར་བའི་རྣམ་པ་མངོན་ཡོད།

(གསུམ)ཕྱུགས་འཚོ་བ་མང་དྲགས་པ།

རྩྭ་ཐང་འོས་མཐུན་གྱིས་བེད་སྤྱོད་མ་བྱས་པར་སྔོ་ཁེབས་ཇེ་ཆུང་དུ་གྱུར་ནས་བྱེ་མའི་རྣམ་པ་མངོན་པ་དེ་དུས་ཐོག་ཏུ་བཅོས་སྐྱོང་མ་བྱས་པ་རྒྱ་ཇེ་ཆེར་སོང་སྟེ། རྩྭ་ཐང་བྱེ་ཐང་དུ་འགྱུར་བའི་ཉེན་ཁ་ཆེ་བ་རེད། སྤྱི་ཚོགས་འཕེལ་རྒྱས་འགྲོ་བ་དང་བསྟུན་ནས་མི་འབོར་ཡང་འཕར་སྣོན་བྱུང་ཞིང་། མི་ཚོའི་དགོས་མཁོ་ཡང་ཡར་འཕར་ནས། ཕྱུགས་ཟོག་གི་ཁ་གྲངས་ཇེ་མང་དུ་བཏང་བ་དེས་རྩྭ་སའི་གནོན་ཤུགས་ཇེ་ཆེར་སོང་སྟེ། བྱེ་འགྱུར་གྱི་མྱུར་ཚད་ཇེ་མགྱོགས་སུ་བཏང་བ་རེད།

(བཞི)ཨར་ལས་ཀྱིས་གཏོར་བརླག་བྱས་པ།

རྡོ་སྣུམ་རྩད་ཞིབ་དང་གཏེར་ཁ་སྔོག་འདོན། ལྕགས་ལམ་དང་གཞུང་ལམ་འཛུགས་སྐྲུན་སོགས་ཀྱི་ཨར་ལས་སྤེལ་བའི་གོ་རིམ་ནང་ལ་སྔོ་ཁེབས་སྲུང་སྐྱོབ་དང་སླར་གསོ་ལ་དོ་སྣང་མ་བྱས་པས། ས་ཁུལ་ཁ་ཤས་ལ་རྩྭ་ས་རླུང་གིས་ཟད་པ་དང་། ས་ཆུ་ཤོར་བ། ཁག་ཅིག་ཞན་འགྱུར་དང་། བྱེ་ཐང་དུ་འགྱུར་བ་སོགས་ཀྱི་རྣམ་པ་བྱུང་བ་རེད།

(ལྔ) སྡོང་ཐུང་གཅོད་པ།

བྱེ་འགྱུར་ས་ཆའི་རྩི་ཤིང་ནི་མ་གཞི་སྐྱེས་ཡུན་དལ་ཞིང་། ཆུ་བོའི་འགྲམ་ངོགས་ཀྱི་སྡོང་པོ་དང་སྡོང་ཕྲན་བཅད་པ་དེས། སྔོ་ཁེབས་ཇེ་ཆུང་དང་བརླན་ས་ཇེ་ཉུང་དུ་འགྲོ་བ་དང་། བྱེ་རྒྱུའི་ཆུ་ལམ་ཇེ་ཆེར་སོང་སྟེ། རླུང་གིས་ཟད་པར་བརྟེན་ནས། བྱེ་འགྱུར་གྱི་མྱུར་ཚད་ཇེ་མགྱོགས་སུ་སོང་བ་རེད། བྱེ་འགྱུར་ས་ཆའི་ནགས་ཚལ་གྱི་སྡོང་པོ་གང་བྱུང་དུ་བཅད་པ་དེས། བྱེ་འགྱུར་གྱི་གནས་ཚུལ་སྔར་བས་ཚབས་ཆེན་དུ་བཟོས་ཤིང་། རྩྭ་ས་ཞན་འགྱུར་ནས་རྩྭ་ས་བྱེ་ཐང་དུ་འགྱུར་བ་དང་། གཏན་གནས་བྱེ་འབུར་ནས་འགུལ་སྐྱོད་བྱེ་འགྱུར་དུ་གྱུར་བ་རེད།

(དྲུག)འཛམ་གླིང་ཡོངས་ཀྱི་གནམ་གཤིས་ཇེ་དྲོར་ཕྱིན་པ།

ཉེ་བའི་ལོ་ཤས་རིང་འཛམ་གླིང་ཡོངས་ཀྱི་གནམ་གཤིས་ཇེ་དྲོར་འགྲོ་བ་སྟེ། གཅིག་ནི་རླུང་ཁམས་ཆེན་མོའི་ནང་གི་དབྱང་གཉིས་ཐཱན་རྫས་ཀྱི་སྟུག་ཚད་ཇེ་མཐོ་དང་། འཛམ་གླིང་ཡོངས་ཀྱི་ཆ་སྙོམས་དྲོད་ཚད་ཡར་འཕར་བ་རེད། གཉིས་ནི་ཆུ་ཡི་གྲུབ་ཆ་དང་། དྲོད་ཚད་སོགས་གནམ་གཤིས་ཀྱི་རྒྱུ་རྐྱེན་དང་འགྲོགས་ནས་འགྱུར་ལྡོག་ཇེ་ཆེར་འགྲོ་བ་རེད། རྩྭ་སར་ཆ་མཚོན་ན། གནམ་གཤིས་ལ་ཐན་སྐྱོན་བྱུང་བ་དང་། ཆར་ཆུ་འབབ་ཚད་དང་འབབ་ཡུལ་ཆ་སྙོམས་མིན་པ་དེས་རྩྭ་སའི་སྐྱེ་དངོས་འཚར་ལོངས་འབྱུང་བར་ཚད་གཞི་མི་འདྲ་བའི་ཚོད་འཛིན་ཐེབས་པ་རེད། ས་ཆུ་ཉུང་བ་དང་མཉམ་དུ་གནམ་གཤིས་ཡར་འཕར་བ་དེས། ས་གཤིས་ཀྱི་རླངས་འདོན་ཚད་ཇེ་ཆེར་བཏང་བ་རེད། རྩྭ་སའི་སྐྱེ་དངོས་རྒྱུན་ལྡན་ངང་འཚར་ལོངས་འབྱུང་བར་ཚོད་འཛིན་ཐེབས་པར་མ་ཟད། རྩྭ་ས་ཞན་འགྱུར་གྱི་རྣམ་པ་མངོན་ནས། རྩྭ་ས་བྱེ་འགྱུར་གྱི་མྱུར་ཚད་ཇེ་མགྱོགས་སུ་བཏང་བ་རེད།

གསུམ་པ། རྩྭ་ས་བྱེ་འགྱུར་གྱི་གནོད་སྐྱོན།

ལོ་རྒྱུས་ཀྱི་ཐད་ནས་དང་ཉེ་བའི་རིང་ལ་རྩྭ་ས་བེད་སྤྱོད་འོས་འཚམ་མིན་པ་དེས་རྩྭ་ས་བྱེ་འགྱུར་གྱི་གནད་དོན་ཚབས་ཆེན་དུ་བཏང་ནས། འབྲོག་ཁུལ་གྱི་རང་བྱུང་ཐོན་ཁུངས་དང་སྐྱེ་ཁམས་ཁོར་ཡུག །རྩྭ་ཐང་གི་འབྲོག་ལས་ཐོན་སྐྱེད། མི་དམངས་ཀྱི་འཚོ་བ་བཅས་ལ་གནོད་སྐྱོན་ཚབས་ཆེན་བཟོས་ཤིང་། གཙོ་བོ་གཤམ་གྱི་ཕྱོགས་ཁ་ཤས་འདུས་ཡོད། རྩྭ་སའི་ཐོན་སྐྱེད་ནུས་ཤུགས་མར་ཆག་པ། རྩྭ་སའི་བེད་སྤྱོད་རྒྱ་ཁྱོན་ཇེ་ཆུང་དུསོང་བ། འབྲོག་ལས་ཐོན་སྐྱེད་འཕེལ་རྒྱས་ལ་ཚོད་འཛིན་ཐེབས་པ། ཐོན་སྐྱེད་དང་འཚོ་བའི་སྒྲིག་ཆས་ལ་གནོད་སྐྱོན་བཟོས་པ། ཁོར་ཡུག་སྦགས་བཙོག་ཏུ་བཏང་ནས། མི་ཕྱུགས་ཀྱི་བདེ་ཐང་ལ་གནོད་སྐྱོན་བཟོས་པ།

བཞི་པ། བྱེ་འགྱུར་རྩྭ་སའི་བཅོས་སྐྱོང་ལག་རྩལ་དང་མ་དཔེ།

(གཅིག) སྐྱེ་དངོས་བྱེ་འགོག །

1.བྱེ་བཀག་རྩྭ་སྐྱོང་།

(1)བཀག་སྐྱོང་བྱས་ན་རྩྭ་སའི་ཐོན་སྐྱེད་ནུས་ཤུགས་ཇེ་ཆེར་གཏོང་ཐུབ་པར་མ་ཟད་ད་དུང་བྱེ་ཁུལ་གྱི་གནད་དོན་ཐག་གཅོད་གཏང་ཐུབ།

(2)བཀག་སྐྱོང་བྱས་ན་བྱེ་ཁུལ་གྱི་ཁོར་ཡུག་ལེགས་བཅོས་གཏང་ཐུབ།

2. བྱེ་བཀག་རྩྭ་སྐྱོང་གི་ཞིབ་ཕྲའི་བྱེད་ཐབས།

(1)ས་བབ་འོས་འཚམ་ཞིག་འདེམས་དགོས།

(2)རྩྭ་ས་འདེམས་པ།

(3)བཀོག་སྐྱོང་བྱེད་ཐབས་གཏན་འཁེལ་བྱེད་དགོས།

(4)བེད་སྤྱོད་བྱེད་ཐབས་གཏན་འཁེལ་བྱེད་དགོས།

3.བྱེ་སྡོམ་ནགས་བསྐྲུན།

བྱེ་འགྱུར་རྩྭ་སའི་རང་བྱུང་ཆ་རྐྱེན་ཞན་པས། བྱེ་སྡོམ་ནགས་བསྐྲུན་ཐད་ནས་སྔོན་ལ་སླ་བ་རྗེས་སུ་དཀའ་བའི་རྩ་དོན་བརྩི་སྲུང་བྱས་ཏེ། རིམ་བཞིན་རྒྱ་བསྐྱེད་གཏོང་།

4.བྱེ་འགོག་ནགས་སྐྲུན་ཁུལ།

(1)བྱེ་ཐང་གི་མཐའ་མཚམས་སུ་བྱེ་འགོག་ནགས་བསྐྲུན་བྱེད་དགོས།

བྱེ་ཐང་གི་མཐའ་མཚམས་སུ་བྱེ་འགོག་ནགས་བསྐྲུན་བྱེད་པའི་དམིགས་ཡུལ་ནི་བྱེ་མས་སྤང་ཁག་ཏུ་བཙན་འཛུལ་བྱེད་པ་བཀག་ནས་ཞིང་ཁ་དང་སྡོད་དམངས་ལ་སྲུང་སྐྱོང་བྱ་ཆེད་ཡིན།

(2)སྔོ་ལྗང་ཁུལ་དུ་ཞིང་བསྐོར་ནས་ནགས་བསྐྲུན་པ།

(གཉིས)ཨར་ལས་འགོག་བཅོས།

ཤིང་དང་རྩྭ། དེ་མིན་ཤིང་ཆས་གཞན་དག་སོགས་ཀྱི་བྱེ་འགོག་ལ་བརྟེན་ནས་བྱེ་མའི་སྟེང་བྱེ་འགེབ་དང་བྱེ་ངོས་བཏུམས་ན་རླུང་འགོག་བྱེ་འགོག་བྱ་རྒྱུའི་དམིགས་ཡུལ་འགྲུབ་ཐུབ།

1.བྱེ་ངོས་འགེབས་པ།

མིག་སྔར་བེད་སྤྱོད་རྒྱ་ཆེར་གཏོང་བ་ནི་འདྲེས་སྦྱོར་དཀའ་བའི་རྡོ་ཧྲུལ་དང་ས་མྱུགས་སོགས་ཡིན་ལ། ད་དུང་ཤིང་ཆས་དང་རྩྭ། ཤིང་སྡོང་གི་ཡལ་ག་སོགས་ཀྱང་སྤྱོད་ཆོག །དེ་དག་གིས་བྱེ་ངོས་བཀབ་རྗེས། རླུང་གིས་ཟད་པ་དང་བྱེ་འཐོར་འགོག་པའི་ནུས་པར་བརྟེན་ནས་བྱེ་མ་ཆུ་དང་རླུང་གིས་མི་དེད་པ་རེད། བྱེ་འཚུབ་འགོག་དཀའ་ནའང་། བྱེད་ཐབས་འདི་བརྒྱུད་ནས་ས་ཁུལ་ཁ་ཤས་ཀྱི་རྒྱུག་བྱེ་འགོག་ཐུབ།

2.འཕྲུལ་ཆས་ཀྱི་བྱེ་འགོག །

འཕྲུལ་ཆས་ཀྱི་བྱེ་འགོག་གི་རིགས་མང་ཞིང་རྒྱུ་ཆའང་སྣ་ཚོགས་ཡོད་ལ་རྣམ་པ་ཕུན་སུམ་ཚོགས་པས། མིག་སྔར་བྱེ་སྡོམ་ཕན་འབྲས་སླེབས་ཤིང་། གཤམ་གྱི་བྱེད་ཐབས་གཉིས་རྒྱ་ཆེར་བེད་སྤྱོད་གཏོང་བ་རེད།

(1)རྩྭ་སོག་མའི་བྱེ་འགེབ།

རྩྭ་སོག་མའི་འགོག་ཐབས་ནི་གྲོ་སོག་དང་འབྲས་སོག །འདམ་རྩྭ་སོགས་ཀྱི་རྒྱུ་རྐྱེན་ཐད་ཀར་དུ་བྱེ་རིམ་ནང་དུ་བཙུགས་པ་དང་། བྱེ་འབུར་གྱི་སྟེང་ལ་བཙུགས་ནས། བྱེ་མ་སྤོ་འགུལ་བྱེད་པ་འགོག་པ་ཞིག་རེད། བྱེ་འགོག་རྒྱུ་ཆ་དེ་བྱེ་རིམ་ནང་ལ་བཙུགས་པའི་ཟབ་ཚད་ནི་ལི་སྨི་15ནས་ལི་སྨི་20བར་ཡིན། ས་ངོས་སུ་མངོན་ཚད་ནི་ལི་སྨི་20ནས་ལི་སྨི་30ཡི་བར་དང་། མཐུག་ཚད་ལི་སྨི་5ཡས་མས་བཅས་ཡིན། སྤོ་འགུལ་གྱི་བྱེ་འབུར་ཐོག་ལ་རྩྭ་དང་སོག་མ་བཙུགས་རྗེས། ས་ངོས་ཀྱི་རྩུབ་ཚད་ཇེ་ཆེར་སོང་ནས། འགོག་ཤུགས་ཇེ་བཟང་དུ་ཡོང་བ་རེད། རྩིས་བཤེར་བྱས་པ་ལྟར་ན། སྤོ་འགུལ་བྱེ་འབུར་ཐོག་ལ་སྨི་གྲུ་བཞི་མ་གཅིག་གི་འདམ་རྩྭའི་བྱེ་འགོག་བཀོད་སྒྲིག་བྱས་རྗེས། ས་ངོས་ཀྱི་རྩུབ་ཚད་སྔར་ལས་ལྡབ་500ཡས་མས་འཕར་ཞིང་། བྱེ་འགོག་ནུས་པ་དེ་དང་བསྟུན་ནས་ཇེ་བཟང་དུ་ཡོང་བས། ས་ངོས་ཀྱི་རླུང་ཤུགས་མར་ཆག་ཅིང་། ནུས་ལྡན་སྒོས་བྱེ་མ་སྤོ་འགུལ་བྱེད་པར་ཚོད་འཛིན་བྱས་པ་རེད། རླུང་ལྡང་ཕྱོགས་གཅིག་པའི་ས་ཁུལ་དུ། རྩྭ་དང་སོག་མའི་བྱེ་འགོག་དེ་རླུང་གི་ལྡང་ཕྱོགས་དང་དྲང་འགྲོའི་རྣམ་པ་གྲུབ་ཏུ་བཅུག་པ་དང་། བར་ཐག་ནི་བྱེ་འགུལ་གྱི་བསྲེགས་ཚད་དང་རླུང་ཤུགས་ལ་བརྟེན་ནས་གཏན་འཁེལ་བྱེད་ཆོག་ལ། སྤྱིར་བཏང་དུ་ལི་སྨི་1ནས་2བར་ཡིན། ལྟ་ཞིབ་བྱས་པ་ལྟར་ན། དེ་ཡི་སྔོན་འགོག་ཕན་ནུས་དེ་རྩྭ་དང་སོག་མའི་བྱེ་འགོག་དང་ཕལ་ཆེར་མཚུངས། འོན་ཀྱང་རྒྱུ་ཆ་དང་ངལ་རྩོལ་ནུས་ཤུགས་ཆུང་བ་རེད།

(2) མཐོ་གཟུགས་རྣམ་པའི་བྱེ་འགོག །

མཐོ་གཟུགས་རྣམ་པའི་བྱེ་འགོག་ནི་གཙོ་བོ་ནི་མདུན་སྤོ་བྱེད་པའི་རྒྱུག་བྱེ་བཀག་སྟེ། དེ་ཡི་མཐའ་འཁོར་དུ་ཆགས་པར་བྱས་ནས། བྱེ་ཁུངས་བཅད་དེ་བྱེ་འབུར་མདུན་སྤོ་འགོག་པ་དང་། བྱེ་མའི་གནོད་སྐྱོན་འགོག་པ་བཅས་དམིགས་ཡུལ་དུ་བཟུང་ཡོད། བྱེ་འགོག་གི་བྱེད་ཐབས་འདི་ནི་བྱེ་ཁུངས་ཕུན་སུམ་ཚོགས་པའི་རྩྭ་དང་སོག་མའི་འགོག་སྲུང་གི་ཕྱི་རོལ་དུ་སྤྱད་ཅིང་། གཞོགས་འདེགས་ཀྱི་རྣམ་པའི་བྱེད་ཐབས་ཤིག་རེད། མཐོ་གཟུགས་རྣམ་པའི་བྱེ་འགོག་ལ་སྤྱིར་བཏང་དུ་རྐང་མཐོའི་སྐྱེས་དངོས་ཏེ། དཔེར་ན་འདམ་རྩྭ་དང་སྡོང་ཕྲན་ཡལ་ག །མ་རྨོས་ལོ་ཏོག་གི་གཞུང་རྟ་སོགས་ཐད་ཀར་དུ་བྱེ་འབུར་སྟེང་ལ་བཙུགས་ཤིང་། བྱེ་རིམ་དུ་བསྲིངས་ཚད་ལི་སྨི་30ནས་ལི་སྨི་50དང་། ཕྱིར་མངོན་ཚད་ལི་སྨི་གཅིག་ཡན་རེད། ཡང་ན་རྒྱུ་ཆ་འདི་དག་གིས་ར་སྐོར་བཟོས་ནས་བྱེ་འགོག་བྱེད་དགོས། བྱེ་འགོག་གི་བཀོད་སྒྲིག་ཁ་ཕྱོགས་ནི་རླུང་ལྡང་ཕྱོགས་དང་དྲང་འཕྱང་ཡིན་དགོས། སྤྱིར་བཏང་དུ་ས་ཁོངས་སྙོམས་པོའི་བྱེ་མའི་སྟེང་བར་ཐག་ནི་འགོག་དངོས་མཐོ་ཚད་ཀྱི་ལྡབ་10ནས་15ཡིི་བར་ཡིན་དགོས། རླུང་ཤུགས་ཆེ་བ་དང་བསྲེགས་ཚད་ཆེ་བའི་ཚེ་ན། བར་ཐག་འོས་འཚམ་གྱིས་ཇེ་ཆུང་དུ་གཏོང་ཆོག །བྱེ་འབུར་གྱི་སྲེག་ངོས་སུ་འཇོག་པའི་བྱེ་འགོག་འོག་མ་དེ་བྱེ་འགོག་ཐོག་མའི་རྩ་བ་ལས་ཅུང་མཐོ་ཆོག །

རྩྭ་ས་བྱེ་འགྱུར་ཉིན་བཞིན་ཚབས་ཆེ་བ་དང་།
དེའི་གཅེས་སྐྱོང་འགན་འཁྲི་ལྕི་ཞིང་ལམ་ཐག་རིང་ངོ་། ། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1