སྒྱུ་རྩལ་མེ་ཏོག་འཇིག་རྟེན་དཔྱིད་དུ་དགོད། —— ཀན་སུའུ་ཞིང་ཆེན་བོད་ཀྱི་ཟློས་གར་ཚོགས་པའམ་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་བོད་ཀྱི་གླུ་བྲོ་ཟློས་གར་གླིང་མཚམས་སྦྱོར་མདོར་བསྡུས།

སྒྲོལ་མ་སྐྱབས།(གཙོས) རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 09-06


ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་བོད་ཀྱི་གླུ་བྲོ་ཟློས་གར་གླིང་ནི་སྤྱི་ལོ༢༠༠༦ལོའི་ཟླ༣པར་བཙུགས། དེ་ཡང་སྔར་ཡོད་ཀྱི་ཀན་ལྷོ་ཁུལ་གླུ་གར་ཚོགས་པ(༡༩༩༥ལོར་བཙུགས)དང་ཀན་ལྷོ་ཁུལ་བོད་ཀྱི་ཟློས་གར་ཚོགས་པ(༡༩༨༡ལོར་བཙུགས)གཉིས་གཞི་གཅིག་ཏུ་སྒྲིལ་ཞིང་། ༢༠༠༦ལོའི་ཟླ་བརྒྱད་པར་ཞིང་ཆེན་སྒྲིག་ཨུ་དང་རིག་གནས་ཐིན་གྱི་ཆོག་མཆན་ཐོབ་ནས་ཀན་སུའུ་ཞིང་ཆེན་བོད་ཀྱི་ཟློས་གར་ཚོགས་པའི་སྒོ་བྱང་བཀལ་པ་དང་། ལས་ཁུངས་རྫོང་རིམ་པའི་ཚད་དང་ད་སྔ་ལས་བྱེ་དཔ༡༢༤ཡོད་ཅིང་། དེ་ལས་དགེ་རྒན་ཆེན་མོ་གཞོན་པའི་ལས་ཐོབ་ཅན་མི༡༧དང་འབྲིང་རིམ་ལས་ཐོབ་ཅན་མི༤༡དང་། དམའ་རིམ་ལས་ཐོབ་ཅན་མི༣༣དང་ལས་ཐོབ་མ་རེག་པ་མི༣༡བཅས་བདག་གཉེར་ལས་གནས་སུ་མི༢ཡོད། དེ་ལ་གཞུང་ལས་ཁང་དང་སྤྱི་གཉེར་ཁང་། ཞབས་བྲོ་རུ་ཁག བོད་ཀྱི་ཟློས་གར་ཚོགས་པ། འདོན་རྟ་དབྱངས། གསར་རྩོམ་ཁང་། གླུ་གར་ཚོགས་པ། འཁྲབ་སྟོན་རུ་ཁག བོད་ཀྱི་ཟློས་གར་རྒྱུན་འཛིན་དང་ཞིབ་འཇུག་ལྟེ་གནས། ཆེད་ལས་པ་གསོ་སྦྱོང་ལྟེ་གནས། འབུད་རྡུང་དཀྲོལ་གསུམ་དང་རོལ་དབྱངས་ཁང་བཅས་ཚན་ཁག་བཅུ་གཅིག་ལྷག་ཡོད།

ཀན་སུའུ་ཞིང་ཆེན་བོད་ཀྱི་ཟློས་གར་ཚོགས་པ་དང་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་བོད་ཀྱི་གླུ་བྲོ་ཟློས་གར་གླིང་ནི་འཁྲབ་སྟོན་པ་བོད་རིགས་གཙོ་བོ་ཡིན་པ་དང་། བོད་ཀྱི་ཟློས་གར་དང་གླུ་བྲོ་སྒྱུ་རྩལ་གྱི་ཁྱད་ཆོས་མངོན་པའི་ཆེད་ལས་ཀྱི་སྒྱུ་རྩལ་ཚོགས་པ་ཞིག་ཡིན། རྒྱལ་ནང་གི་རིམ་པ་གཅིག་མཚུངས་ཀྱི་སྒྱུ་རྩལ་ཚོགས་པའི་ཁྲོད་ན་སྟོབས་ཤུགས་ཅུང་ཆེ་ཙམ་ལྡན་ཞིང་། དུས་ཡུན་རིང་བོར་ཡང་རྩེའི་འདུ་ཤེས་བཅངས་ཤིང་། བོད་ཀྱི་སྲོལ་རྒྱུན་རྣམ་ཐར་དང་བོད་ཀྱི་དམངས་ཁྲོད་གླུ་བྲོ་སྒྱུ་རྩལ་གྱི་ཤུལ་བཞག་ལ་སློབ་སྦྱོང་དང་རྒྱུན་འཛིན་བྱ་རྒྱུ་འགན་འཁྲི་རུ་བརྩིས་ཏེ། ཀན་ལྷོའི་བོད་རིགས་ཀྱི་ཁྱད་ཆོས་ལྡན་ཞིང་བསམ་བློ་དང་སྒྱུ་རྩལ་གྱི་གཏིང་ཟབ་པའི་ཕུལ་བྱུང་གི་གླུ་བྲོ་དང་ཟློས་གར་སྐོར་ཞིག་གསར་རྩོམ་དང་འདོན་སྤེལ་བྱས་པའོ།

ལོ་ངོ་མང་བོའི་རིང་ལ། རྒྱལ་ཁབ་རིམ་པ་དང་ཞིང་ཆེན་ཕྱི་ནང་གིས་གཉེར་བའི་སྒྱུ་རྩལ་འགྲན་སྡུར་ཆེ་གྲས་མང་བོའི་ཁྲོད་ནས་བྱ་དགའ་ཡང་ཡང་ཐོབ་ཡོད་དེ། ༡༩༨༠ལོར་གླུ་བྲོ《སེང་འཆམ》དང《ནགས་ཀླུང་མཛའ་གཞས》ཞེས་པ་སོགས་ཀྱི་འཁྲབ་ཚན་པེ་ཅིང་དུ་རྒྱལ་ཡོངས་ཀྱི་སྐབས་དང་བོའི་མི་རིགས་གྲངས་ཉུང་གི་མཉམ་འཁྲབ་བྱེད་སྒོའི་ནང་ཞུགས་པར་ཆེས་མཐོ་བའི་བྱ་དགའི་རྣམ་གྲངས་ཏེ་ཕུལ་བྱུང་འཁྲབ་ཚན་གྱི་བྱ་དགའ་ཐོབ། ༡༩༨༣ལོར་བོད་ཀྱི་སྲོལ་རྒྱུན་ཟློས་གར་ཆེ་གྲས《གཞོན་ནུ་ཟླ་མེད》ལ་རྒྱལ་ཡོངས་མི་རིགས་གྲངས་ཉུང་གི་ ཟློས་གར་འཁྲབ་སྟོན་ལས་རྒྱལ་ཁབ་རིག་གནས་པུའུ་ཡི་ཕུལ་བྱུང་ཟློས་གར་ཞེས་པའི་བྱ་དགའ་ཐོབ། ༡༩༨༥ལོར་བོད་ཀྱི་སྲོལ་རྒྱུན་ཟློས་གར་ཆེ་གྲས《སྲས་དོན་ཡོད་དོན་གྲུབ》ལ་ཀན་སུའུ་ཞིང་ཆེན་ཟློས་གར་འཁྲབ་སྟོན་ཁྲོད་བྱ་དགའ་ཨང་དང་ཐོབ་ཅིང་། ༡༩༨༧ལོར་ཀྲུང་གོའི་སྒྱུ་རྩལ་དུས་ཆེན་སྐབས་དང་བོའི་ཕུལ་བྱུང་ཟློས་གར་གྱི་བྱ་དགའ་ཡང་ཐོབ། ༡༩༩༤ལོར་བོད་ཀྱི་གླུ་བྲོའི་ཟློས་གར་ཆེ་གྲས《དར་ཚོན་སྣ་ལྔའི་འགྱུར་ཁུགས》ལ་ཀྲུང་གོའི་སྒྱུ་རྩལ་དུས་ཆེན་སྐབས་བཞི་བའི་ཕུལ་བྱུང་ཟློས་གར་གྱི་བྱ་དགའ་ཐོབ། ༡༩༩༧ལོར་གསར་སྒྲིག་བྱས་པའི་བོད་ཀྱི་སྲོལ་རྒྱུན་ཟློས་གར་ཆེ་གྲས《གེ་སར་རྒྱལ་པོ》ལ་ཀན་སུའུ་ཞིང་ཆེན་གྱི་གསར་བཏོད་ཟློས་གར་སྐོང་འཁྲབ་ཁྲོད་བྱ་དགའ་རིགས༡༡ཐོབ་པ་དང་། ༡༩༩༨ལོར་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་ཏུན་ཧོང་རིག་རྩལ་བྱ་དགའ་རིམ་པ་གཉིས་པར་དཔྱད་འདེམ་བྱས་ལ། ༡༩༩༩ལོར་རྒྱལ་ཁབ་རིག་གནས་པུའུ་དང་ཀྲུང་གོའི་མི་རིགས་གྲངས་ཉུང་ཟློས་གར་སློབ་ཚོགས་ཀྱི་རྨ་བྱ་བུམ་པའི་བྱ་དགའ་དང་བསམ་པའི་དཔལ་ཡོན་འཛུགས་སྤེལ་གྱི (གཅིག་ལྔའི་ལས་གྲྭའི) བྱ་དགའ་ཐོབ།

༡༩༩༩ལོར་གདན་ཞུས་ལྟར་བོད་ཀྱི་ཞབས་བྲོའི་སྙན་ངག་ཆེ་གྲས《བཀྲ་ཤིས་བདེ་སྐྱིད》ཅེས་པ་ཀོང་ཏུང་ཞིང་ཆེན་ཀྲུའུ་ཧའེ་གྲོང་ཁྱེར་གྱིས་གཉེར་བའི་དུས་རབས་ལས་བརྒལ་བ་ཞེས་པའི་རིག་རྩལ་དགོང་ཚོགས་སུ་ཞུགས་པ་དང་ཨའོ་མོན་དུ་བཅའ་སྡོད་བྱེད་པའི་དམག་དཔུང་ལ་ཆེད་དོན་འཚམས་འདྲིའི་འཁྲབ་སྟོན་བྱས་པར་གདེང་འཇོག་ཚད་མཐོན་པོ་ཐོབ་ལ། ༢༠༠༠ལོ་དང༢༠༠༡ལོར་ཀྲུང་གུང་ཀན་སུའུ་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་བསྩལ་པའི་ཏུན་ཧོང་རིག་རྩལ་བྱ་དགའ་ཨང་གཉིས་པ (དང་གཅིག་ལྔའི་ལས་གྲྭའི) བྱ་དགའ་གཉིས་པོ་ཐོབ། ལོ་དེར་རྒྱལ་ཁབ་དབུ་བརྙེས་ནས་ལོ༥༠འཁོར་བར་རྟེན་འབྲེལ་ཞུ་བ་དང་འབྲེལ་བའི་ཞིང་ཆེན་ཡོངས་ཀྱི་གསར་བཏོད་ཟློས་གར་འཁྲབ་ཚན་སྐོང་འཁྲབ་བྱས་པར། སྲོལ་རྒྱུན་ཟློས་གར《སྣང་ས་འོད་འབུམ》ལ་བྱ་དགའ་རིགས༡༣ཐོབ་པ་དང་། ༢༠༠༠ལོར་ཀན་སུའུ་ཞིང་ཆེན་གྱི་སྐབས་གསུམ་པའི་ཏུན་ཧོང་རིག་རྩལ་བྱ་དགའ་ཨང་དང་པོ་ཐོབ། ༢༠༠༤ལོར་ཡིས་ལན་ཇུ་རུ་བསྐོངས་པའི《ཤམ་བྷ་ལའི་རྒྱང་འབོད》ཅེས་པའི་བརྙན་འཕྲིན་མཉམ་འགུལ་མཚན་ཚོགས་ཆེན་མོའི་ནང་ཞུགས། ༢༠༠༦ལོར། དེང་རབས་བོད་ཀྱི་གསར་བརྩམས་ཟློས་གར་ཆེ་གྲས《རྒྱལ་རྩེའི་གཡུལ་འགྱེད》ཅེས་པ་ཀན་སུའུ་ཞིང་ཆེན་གྱི་གསར་གཏོད་ཟློས་གར་སྐོང་འཁྲབ་དང་འབྲེལ་བའི་སྐབས་གཉིས་པའི་དཔྱིད་མགོའི་མེ་ཏོག་དམར་པོའི་རྟགས་ཀྱི་ཟློས་གར་འགྲན་བསྡུར་དུ་ཞུགས་པར་བྱ་དགའ་ཆེན་པོ་རིགས་སུམ་ཅུ་སོ་དྲུག་ཐོབ་པས། ཐེངས་འདིའི་བྱེད་སྒོའི་ཁྲོད་བྱ་དགའི་རིགས་དང་ཁ་གྲངས་མང་ཤོས་ཐོབ་མཁན་དུ་གྱུར། ༢༠༠༩ལོར་གསར་རྩོམ་བྱས་པའི་མི་རིགས་རིག་གནས་ཀྱི་ཁྱད་ཆོས་མངོན་པར་གསལ་བའི་གླུ་གར་སྙན་ངག་ཆེ་གྲས《ཡིད་དུ་འོང་བའི་ཤམ་བྷ་ལ། ཀན་ལྷོའི་དུས་སྟོན》ཞེས་པ་ལོ་དེའི་ཟླ༡༠པར་ཀན་སུའུ་ཞིང་ཆེན་གྱི་སྐོང་འཁྲབ་ནང་ཞུགས་པའི་རིག་རྩལ་ཚོགས་པ་ཉེར་དྲུག གི་ཁྲོད་ནས་འབུར་དུ་ཐོན་ཏེ་ཞིང་ཆེན་ཡོངས་ཀྱི་གསར་རྩོམ་ཟློས་གར་འཁྲབ་གཞུང་གི་ཕྱོགས་བསྡུས་བྱ་དགའ་ལས་ཆེས་མཐོ་ཤོས་ཀྱི་བྱ་དགའ་ཆེན་པོ་ཐོབ་པ་དང་། འཁྲབ་གཞུང་རྩོམ་མཁན་དང་འཁྲབ་ཁྲིད་པ། གཞས་གདངས་རྩོམ་མཁན། གྱོན་གོས། མཛེས་སྤྲས། གློག་འོད་ཇུས་འགོད། འཁྲབ་སྟོན་པ་གཙོ་བོ་སོགས་རྣམ་གྲངས་རྐྱང་བའི་བྱ་དགའ་རིམ་པ་དང་བོ༢༡ཐོབ་པ་དང་། རོལ་དབྱངས་ཇུས་འགོད་སོགས་རྣམ་གྲངས༥ལ་བྱ་དགའ་རིམ་པ་གཉིས་པ་དང་གསུམ་པ་ཐོབ་པས། ཐེངས་འདིའི་ཞིང་ཆེན་ཡོངས་ཀྱི་གསར་རྩོམ་འཁྲབ་གཞུང་སྐོང་འཚོགས་བྱ་འགུལ་ཁྲོད་བྱ་དགའི་རིམ་པ་ཆེས་མཐོ་ཤོས་དང་གྲངས་ཀ་ཆེས་མང་ཤོས་ཀྱི་སྒྱུ་རྩལ་ཚོགས་པར་གྱུར། དེའི་སྐབས་སུ།《ཀྲུང་གོའི་རིག་གནས་ཚགས་པར》དང《ཀན་སུའུ་ཉིན་རེའི་ཚགས་པར》《ལན་ཇུ་ཞོགས་པའི་ཚགས་པར》《ལན་ཇུ་དགོང་དྲོའི་ཚགས་པར》 ཀན་སུའུ་བརྙན་འཕྲིན་ལས་ཁུངས་སོགས་སྨྱན་སྦྱོར་སྡེ་ཁག་གིས་འཁྲབ་ཚན་འདིའི་སྐོར་གྱི་བརྗོད་དོན་གཙོ་བོ་དང་སྒྱུ་རྩལ་གསར་གཏོད་ཐད་ཀྱི་ཆེད་དོན་བཅར་འདྲི་དང་གནས་ཚུལ་སྤེལ་གཏོང་ཞིབ་ཅིང་ཕྲ་བ་ཐེངས༨ཙམ་ལ་བྱས་པ་རེད། ༢༠༡༥ལོར་གསར་རྩོམ་བྱས་པའི་ཨ་མདོའི་རྣམ་ཐར་ཟློས་གར་ཆེ་གྲས《ཐང་སྟོང་རྒྱལ་པོ》ལ་རྒྱལ་ཁབ་སྒྱུ་རྩལ་ཐེབས་རྩའི་རྣམ་གྲངས་ཀྱི་རོགས་སྐྱོར་ཐོབ་པ་དང་། ལོ་དེར་སྐབས་བཞི་བའི་ཀྲུང་གོའི་མི་རིགས་གྲངས་ཉུང་གི་ཟློས་གར་མཉམ་འཁྲབ་ཁྲོད་ཕུལ་བྱུང་ཟློས་གར་གྱི་ཐུན་མོང་བྱ་དགའ་ཐོབ་པ་དང་། འཁྲབ་གཞུང་རྩོམ་འབྲི་དང་འཁྲབ་སྟོན་ལས་དོན། རྒྱན་གོས་སོགས་ལ་བྱ་དགའ་རིགས་རྐྱང་བ་མང་བོ་ཐོབ། ༢༠༡༦ལོར་ཀན་སུའུ་ཞིང་ཆེན་གྱིས་ཟློས་གར་གྱི་ཞིང་ཆེན་ཆེ་མོ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་ཕུལ་བྱུང་ཟློས་གར་འཁྲབ་གཞུང་འཁྲབ་སྟོན་ཁྲོད་ནས་དམིགས་བསལ་བྱ་དགའ་ཐོབ། ༢༠༡༨ལོར་ངེད་ཟློས་གར་ཁང་གིས་ལེགས་བདམས་བྱས་པའི《གཙོས་ཀྱི་བུ་མོ》དང《རྣམ་ཐར་གྱི་བླ་སྲོག》《སྐྲ་ཕབ་པ》བཅས་ཞབས་བྲོ་གསུམ་ཀན་སུའུ་ཞིང་ཆེན་གྱི་ཞབས་བྲོའི་འགྲན་བསྡུར་ནང་ཞུགས་པར་རིམ་པ་བཞིན་བྱ་དགའ་ཨང་གཉིས་པ་དང་གསུམ་པ། འཁྲབ་ཁྲིད་པའི་བྱ་དགའ་ཨང་གཉིས་པ་བཅས་ཐོབ། ༢༠༡༩ལོའི་ཟླ༧པར་ནུབ་རྒྱུད་ཞིང་ཆེན་ལྔའི་བོད་ཀྱི་ཞབས་བྲོ་འཁྲབ་སྟོན་ནང་ཞུགས་པའི《གཙོས་ཀྱི་བུ་མོ》ལ་བྱ་དགའ་ཨང་གཉིས་པ་ཐོབ་པ་དང་། བསྐྱར་སྒྲིག་བྱས་པའི་རྣམ་ཐར་ཟློས་གར་ཆེ་གྲས《ཐང་སྟོང་རྒྱལ་པོ》ཞེས་པ་སེའུ་འབྲུ་བུམ་པའི་ཞིང་ཆེན་ཡོངས་ཀྱི་ མི་རིགས་གྲངས་ཉུང་རྩལ་འཁྲབ་སྟོན་དུ་ཞུགས་ནས་བྱ་དགའ་ཨང་གཉིས་པ་ཐོབ་པ་མ་ཟད། ༢༠༢༠ལོར་རྒྱལ་ཡོངས་སྐབས་དྲུག་པའི་མི་རིགས་གྲངས་ཉུང་རིག་རྩལ་མཉམ་འཛོམས་འཁྲབ་སྟོན་ནང་ཞུགས་པ་རེད། ༢༠༢༡ལོར་ངེད་ཟློས་གར་ཁང་གིས་རྒྱལ་ཡོངས་ཀྱི་ཕུལ་བྱུང་ཏང་ཡོན་ཀྲང་ཞའོ་ཅོན་བརྗོད་གཞིའི་ས་བོན་དུ་བཟུང་ནས་གསར་རྩོམ་བྱས་པའི་རོལ་དབྱངས་ཟློས་གར《སྟག་མའི་མེ་ཏོག》ཅེས་པ་ཀྲུང་དབྱང་དྲིལ་བསྒྲགས་པུའུ་ཡིས་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་བརྒྱ་འཁོར་བའི་ཕུལ་བྱུང་ཟློས་གར་འགྲེམས་སྟོན་ནང་བདམས་པ་རེད།

རྒྱལ་སྤྱིའི་རིག་གནས་སྒྱུ་རྩལ་སྤེལ་རེས་ཁྲོད་དུའང་འཁྲུག་ཆ་དོད་པས་རྒྱལ་སྤྱིའི་མཛའ་མཐུན་མི་སྣ་དང་། རྒྱལ་ཁབ་ཀྱི་འབྲེལ་ཡོད་སྡེ་ཁག ལས་རིགས་གཅིག་པའི་ཆེད་མཁས་བཅས་ཀྱི་བསྔགས་བརྗོད་ཡང་ཡང་ཐོབ། ༡༩༩༥ལོའི་ཟླ༦པར་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་གསར་འགྱུར་གཞུང་ལས་ཁང་དང་ཀན་སུའུ་ཞིང་ཆེན་ཏང་ཨུའི་ཕྱི་ཕྱོགས་དྲིལ་བསྒྲགས་གཞུང་ལས་ཁང་གི་བཀའ་མངགས་ལྟར། ཀྲུང་གོའི་བོད་རིགས་གླུ་གར་ཚོགས་པ་ཞེས་པའི་མིང་ཐོག་ནས་ཨ་མེ་རི་ཁ་དང་ཁ་ན་ཏ་རྒྱལ་ཁབ་གཉིས་ཀྱིས་སྤེལ་བའི་རྒྱལ་སྤྱིའི་དམངས་ཁྲོད་སྒྱུ་རྩལ་དུས་ཆེན་སྐབས་ལྔ་བར་ཞུགས་པ་དང་། རྒྱལ་ཁབ་གཉིས་ཀྱི་མངའ་སྡེ་དགུ་ཡི་གྲོང་ཁྱེར་བཅུ་བཞི་རུ་འཁྲབ་སྟོན་ཐེངས༦༡བྱས་ཤིང་། རྒྱལ་ནང་དུ་ལོག་རྗེས། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་གསར་འགྱུར་གཞུང་ལས་ཁང་དང་རིག་གནས་པུའུ། རྒྱལ་ཁབ་མི་རིགས་དོན་གཅོད་ཨུ་ཡོན་ལྷན་ཁང་བཅས་ཀྱི་བསྟོད་བསྔགས་དང་གདེ་འཇོག་ཐོབ། ལོ་དེར། ཡང་བསྐྱར་ཀྲུང་གོའི་མི་རིགས་གྲངས་ཉུང་སྒྱུ་རྩལ་ཚོགས་པའི་མིང་ཐོག་ནས་གདན་ཞུ་བྱས་པ་ལྟར་ཧྥ་རན་སི་དང་པི་ལི་ཧྲི། ཧོ་ལན། སི་ཕེན། ལུ་ཙེམ་པོག་སོགས་རྒྱལ་ཁབ་དང་ས་ཁུལ་དྲུག་ཏུ་གཉེར་བའི་རྒྱལ་སྤྱིའི་དམངས་ཁྲོད་སྒྱུ་རྩལ་དུས་ཆེན་གྱི་འཁྲབ་སྟོན་ལ་ཞུགས། ༢༠༠༠ལོར། རྒྱལ་ཁབ་མི་རིགས་དོན་གཅོད་ཨུ་ཡོན་ལྷན་ཁང་དང་ཞིང་ཆེན་མི་རིགས་དོན་གཅོད་ཨུ་ཡོན་ལྷན་ཁང་གི་བཀའ་མངགས་ལྟར། ཀྲུང་གོའི་གྲངས་ཉུང་མི་རིགས་ཀྱི་བོད་ཀྱི་ཟློས་གར་སྒྱུ་རྩལ་ཚོགས་པ་སྒྲིག་འཛུགས་བྱས་ནས་གོ་རེ་ཡ་ལྷོ་མའི་ཨན་ཏུང་རྒྱལ་སྤྱིའི་འབག་རྫུན་ཞབས་བྲོ་སྒྱུ་རྩལ་དུས་ཆེན་གྱི་འཁྲབ་སྟོན་ནང་ཞུགས་ཏེ། ཚོགས་པ་མང་བོའི་ནང་ནས་མིང་རིམ་ཨང་གཉིས་པར་བསྒྲིགས། རྒྱལ་ནང་དུ་ལོག་རྗེས། རྒྱལ་ཁབ་མི་རིགས་དོན་གཅོད་ཨུ་ཡོན་ལྷན་ཁང་དང་ཞིང་ཆེན་མི་རིགས་དོན་གཅོད་ཨུ་ཡོན་ལྷན་ཁང་གི་གཟེངས་བསྟོད་དང་བྱ་དགའ་ཐོབ། ༢༠༠༢ལོར་ཀྲུང་དབྱང་ཕྱི་ཕྱོགས་དྲིལ་བསྒྲགས་གཞུང་ལས་ཁང་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་དང་ཀན་སུའུ་ཞིང་ཆེན་ཕྱི་ཕྱོགས་དྲིལ་བསྒྲགས་གཞུང་ལས་ཁང་བཅས་ཀྱི་བཀའ་མངགས་ལྟར། ཀྲུང་གོའི་མི་རིགས་གྲངས་ཉུང་སྒྱུ་རྩལ་ཚོགས་པའི་མིང་ཐོག་ནས་དབྱིན་ཇི་དང་ནོར་ཝེ། ཧོ་ལན། སུའེ་ཏེན་བཅས་རྒྱལ་ཁབ་བཞིར་འཚམས་འདྲིའི་སྐོར་སྐྱོད་འཁྲབ་སྟོན་ཐེངས༢༤བྱས་པར་ཀྲུང་དབྱང་དང་ཞིང་ཆེན་གྱི་འབྲེལ་ཡོད་སྡེ་ཁག་གི་གཟེངས་བསྟོད་ཐོབ། ༢༠༡༤ལོའི་ཟླ་དང་པོར་དུས་ཡུན་ཉིན་བདུན་རིང་གོ་རེ་ཡ་ལྷོ་མའི་གྲོང་ཁྱེར་ཧྲོའར་དུ་འཚོགས་པའི༢༠༡༤ལོའི་དགའ་སྤྲོ་འཁོལ་བའི་དཔྱིད་གསར་དུས་ཆེན་ཞེས་པའི་རིག་གནས་སྤེལ་རེས་ཀྱི་བྱེད་སྒོ་རབས་དང་རིམ་པའི་ནང་ཞུགས་པར་མ་ཟད། འཇར་པན་དུ་དུས་ཡུན་ཉིན་བདུན་གྱི་རིང་ནའེ་གོ་ཡ་གྲོང་ཁྱེར་གྱི་ཀྲུང་གོའི་དཔྱིད་གསར་དུས་ཆེན་གྱི་མཆོད་འབུལ་སྐབས་བརྒྱད་པ་ཞེས་པའི་བྱེད་སྒོའི་ནང་ཞུགས་ནས་རྒྱལ་ཁབ་གཉིས་དང་ཀྲུང་གོའི་དམངས་ཁྲོད་སྤེལ་རེས་ལ་སྐུལ་འདེད་བཏང་བ་དང་། རྒྱལ་ཁབ་ཁག་གི་མི་དམངས་བར་ཕན་ཚུན་མཛའ་མཐུན་ཟབ་སྤེལ་གཏོང་བར་ལེགས་སྐྱེས་ཕུལ་བས། རྒྱལ་ཁབ་གཉིས་ཀྱི་མགྲིན་གཅིག་དབྱངས་གཅིག་གི་གདེང་འཇོག་ཡག་པོ་ཐོབ་པ་མ་ཟད། གོ་རེ་ཡ་ལྷོ་མའི་དང་འཚམས་འདྲིའི་གྲོས་མཐུན་ཡང་བཞག་པ་རེད།

གྲུབ་འབྲས་ལེགས་པོ་ཐོབ་ཀྱང་ཡིད་མི་ཚིམ་པར། ང་ཚོས་ས་གནས་སུ་རྐང་འཛུགས་པ་དང་འཛམ་གླིང་ལ་ཁ་ཕྱོགས་ཏེ་ཕུལ་དུ་བྱུང་བའི་མི་རིགས་ཀྱི་དམངས་ཁྲོད་རིག་གནས་ཤུལ་བཞག་དེ་སྔར་ལས་ལེགས་པའི་སྒོ་ནས་སྔོག་འདོན་དང་རྒྱུན་འཛིན་བྱེད་པ་དང་། མི་རིགས་ཀྱི་སྙིང་སྟོབས་དང་དུས་རབས་ཀྱི་སྙིང་སྟོབས། དུས་རབས་གསར་བའི་འཕེལ་རིམ་གྱི་རིག་གནས་གསར་བ་མངོན་མཚོན་བྱེད་པར་ཧུར་ཐག་བྱས་ཏེ། རྟག་ཏུ་མི་དམངས་ཀྱི་འཚོ་བར་ཐུགས་ཁུར་དང་མི་དམངས་ཀྱི་སེམས་དོན་མངོན་པར་མཚོན་ཞིང་། མི་དམངས་ཀྱི་དགོས་མཁོར་ཡོངས་སུ་སྐོང་བའི་འཁྲབ་སྟོན་གྱིས། མུ་མཐུད་དུ་མི་དམངས་ཀྱི་བསམ་བློའི་འཇིག་རྟེན་ཕུན་སུམ་ཚོགས་པ་ཞིག་བསྐྲུན་དགོས་པ་མ་ཟད། སྲོལ་རྒྱུན་རིག་གནས་རྒྱུན་འཛིན་གྱི་འོས་འགན་ཕྲག་ཏུ་བླངས་ཏེ། དུས་རབས་འཕེལ་རྒྱས་ཀྱི་གོམ་འགྲོས་ལ་གཞོགས་འདེགས་བྱེད་པ་ནི། ཟློས་གར་འཁྲབ་སྟོན་པའི་འོས་འགན་དང་རེ་སྨོན་ཡིན་ལ། བླ་ན་མེད་པའི་རིན་ཐང་དང་ཚེ་སྲོག་གི་སྟོབས་ཤུགས་ཀྱང་ཡིན་ནོ།།

(གདུགས་དཀར་སྐྱབས་ཀྱིས་བསྒྱུར )


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1