༄༅།།རོང་བྲག་རྫོང་སྤྲོ་སྣང་ཡུལ་ཤོག་གི་རྡོ་མཁར་ལྷ་ཁང་།

རྩོམ་པ་པོ། དབང་ཆེན། རྩོམ་སྒྲིག་པ།དབང་ཆེན།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 09-10



རོང་བྲག་རྫོང་སྤྲོ་སྣང་ཡུལ་ཤོག་ན་ཡོད་པའི་རྡོ་མཁར་གྱི་ལྷ་ཁང་འདི་ནི་དཀར་མཛེས་ཁུལ་ནས་སྤྱི་ལེ་ 142 ཀྱི་ས་མཚམས་སུ་རང་བྱུང་གི་སྤང་གཤོང་བཞུགས་ཁྲིའི་དབྱིབས་དང་འདྲ་བའི་སྟེང་གི་རི་ཁུག་ཞིག་དུ་ཡོད་ལ།   ལྷ་ཁང་འདི་ནི་སྤྱི་ལོའི་དུས་རབས་བཅུ་བཞི་པའི་དུས་དཀྱིལ་ཙམ་གྱི་ལོ་རྒྱུས་ཀྱི་རིན་ཐང་ལྡན་ཞིང་། གནའ་མཁར་འདིའི་བཟོ་བཀོད་ནི་ཕུལ་བྱུང་གི་རྡོ་བཟོའི་ལག་རྩལ་ལས་ཐོན་པའི་བརྗིད་ཉམས་ལྡན་པའི་མཁར་གྲུ་བཞི་ཐོག་བརྩེགས་རིམ་པ་ལྔ་ལས་གྲུབ་པའི་ལྕོག་ཆེན་མཁའ་ལ་འགྱིང་ངེར་སྙེག་པའི་འཁོར་བད་རིམ་པ་གཉིས་ལས་ཁང་བརྩེགས་གསུམ་པའི་བྱ་འདབ་ཀྱི་འཁོར་བད་ལ་ཁྱམས་ཀྱི་ར་བས་བསྐོར་ཞིང་ཁང་བརྩེགས་བཞི་པའི་འཁོར་བད་ལ་བྱ་འདབ་ཀྱི་གདུང་སྣེ་གཉིས་རྒྱ་གྲམ་གྱི་དབྱིབས་ལྟར་བྱས་པའིལྟེ་བར་འཁོར་བད་འོག་མའི་ཀ་ཞུས་བཏེགས་པ། ཟུར་བཞིའི་གདུང་སྣེ་ཆུ་སྲིན་འབུར་རྐོས་ཀྱི་གདོང་ཐད་ཀར་མཚམས་བཞིར་ཐོན་པ། མཁར་རྫོང་འདིས་སྤྱིའི་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ་བརྒྱ་ལྷག་ཡོད་ཅིང་།  ཁང་བརྩེགས་གསུམ་པའི་ནང་གི་ཕྱོགས་བཞིའི་ལྡེབས་ཞལ་གྱི་ངོས་སུ་མི་ལོ་བརྒྱ་ཕྲག་མང་པོའི་ལོ་རྒྱུས་དང་རིག་གནས་ཀྱི་མཛེས་རྒྱན་དུ་སྤུད་ཅིང་རྒྱུ་རྩལ་གྱི་ཉམས་འབུར་དུ་ཐོན་པའི་ཕྱོགས་བཞི་ལས་ཤར་གྱི་ལྡེབས་ངོས་སུ་ཐུབ་པའི་སྐྱེས་རབས་དང་གཡས་ཀྱི་ལྡེབས་ངོས་གུ་རུའི་གཙོ་སྐུ་གཡོན་གྱི་ལྡེབས་ངོས་སུ་རིགས་གསུམ་མགོན་པོའི་གཙོ་སྐུ་སྒོ་ལོགས་ཀྱི་ལྡེབས་ངོས་གཉིས་སུ་ཆོས་སྲུང་དང་ནོར་ལྷའི་སྐོར་བཞུགས་ཡོད་ལ་ལྡེབས་རིས་དེ་དག་སྤྱི་ལོའི་དུས་རབས་བཅུ་བཞི་པའི་ལོ་རྒྱུས་དང་རིན་ཐང་མཚོན་ཞིང་དུས་འགྱུར་གྱི་འོག་ཉམ་གུད་ཆེར་མ་སོང་བར་ད་ལྟ་བཞུགས་བཞིན་པ་དང་བཅས་ལགས་སོ།།


རྩོམ་ཡིག་སྔོན་མ།
རྩོམ་ཡིག་རྗེས་མ།
༄༅།།འབྲུ་ཚ་སྒོང་ཞབས་མ།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1