ཧུང་ཡོན་རྫོང་གི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་སྐོར་གྱི་ཟུར་བྲིས།
སྟོན་ཀ་སླེབས་རྗེས། ས་གཞི་ཡོངས་སུ་བསིལ་རླུང་འཇམ་པོ་ལྡང་། གསར་འགོད་པས་རྒྱལ་ལམ་248བརྒྱུད་དེ་ཧུང་ཡོན་རྫོང་དང་བར་ཐག་སྤྱི་ལེ་3ཡོད་པའི་ཟླ་ཚེས་སྐ་ཁུག་མཛེས་ལྗོངས་ཁུལ་དུ་བསྐྱོད། རི་མགོའི་ལྗོངས་གཟིགས་སྟེགས་བུར་འགྲེང་སྟེ་རྒྱང་བལྟ་བྱས་ཚེ། ཡངས་ཤིང་རྒྱ་ཆེ་བའི་རྩྭ་ཐང་ནི་མཛེས་སྡུག་རྣམ་པར་བཀྲ་ཞིང་། ཀྱག་ཀྱོག་ཏུ་རྒྱུ་བའི་སྐ་ཆུའི་འགྲམ་དུ་ཁྲུང་ཁྲུང་སྐེ་ནག་དང་། ཁྲུང་ཁྲུང་ནག་པོ། ངང་སེར་སོགས་བྱ་རིགས་སྣ་ཚོགས་ཀྱིས་ལྷིང་འཇགས་ཀྱི་མཛེས་ལྗོངས་མྱོང་གིན་འདུག
ཉེ་བའི་ལོ་ཤས་རིང་། ཧུང་ཡོན་རྫོང་གིས་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་སྐོར་གྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་པ་དང་། ཀུན་གྱི་རྩ་བ་སྐྱེ་ཁམས་དཔལ་ཡོན་ཡིན་པའི་འདུ་ཤེས་བརྟན་པོར་བཅངས། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྱོང་གི་ཆབ་སྲིད་འགན་འཁྲི་དང་ལོ་རྒྱུས་ཀྱི་འགན་འཁྲི་མཐའ་གཅིག་ཏུ་འཁུར་ནས་ཀྲུང་དབྱང་དང་ཞིང་ཨུའི་ཐབས་ཇུས་བཀོད་སྒྲིག་དང་ཁུལ་ཨུའི་ལས་དོན་བཀོད་སྒྲིག་དོན་འཁྱོལ་ནན་ཏན་བྱས་ཏེ་ཞན་ཆ་ཁ་གསབ་དང་ཕུགས་ལ་ཕན་པའི་སྐྱེ་ཁམས་འཛུགས་སྐྲུན་རྣམ་གྲངས་གལ་ཆེན་རབ་དང་རིམ་པ་ལག་ཏུ་བསྟར་ཏེ་བྱེ་འགྱུར་རྩྭ་ཐང་བཅོས་སྒྲིག་རྣམ་གྲངས་ལ་ཕན་འབྲས་ཐོབ་ཡོད།
ཧུང་ཡོན་རྫོང་གི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཁོར་ཡུག་ཉིན་རེ་བཞིན་ལེགས་སུ་ཕྱིན་པ་ནི་ཧུང་ཡོན་རྫོང་གིས“མཉམ་སྐྲུན། མཉམ་སྤྱོད། མཉམ་བཅོས།”བཅས་ཀྱི་གྲོང་ཁྱེར་བཅོས་སྐྱོང་གི་རྣམ་པ་གསར་བ་ཞིག་ཧུར་ཐག་བཏོད་པ་ལས་བྱུང་བ་དང་།“ཟང་ཟིང་བདུན”དང“ཟང་ཟིང་གསར་བ་གསུམ”དང་། ཐལ་རྡུལ་བཅོས་སྒྲིག གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་བཅས“དགུ་གསུམ”གྱི་བྱེད་སྒོ་སོགས་ཆེད་དོན་བཅོས་སྐྱོང་བྱས་པ་ལས་བྱུང་བ་ཞིག་ཀྱང་རེད།རྒྱལ་ལམ་248པའི་ནུབ་རྒྱུད་དུ་སྐྱོད་སྐབས་གསར་འགོད་པ་ནོར་གནག་རོལ་དབྱངས་འབྲོག་རའི་ཉེ་འགྲམ་དུ་ཐོན། གྲལ་ལྟར་འགྲིག་པའི་ལྗོན་ཤིང་དག་སྔོ་ལྗང་མཛེས་ལྗོངས་སུ་གྱུར་འདུག་ལ།ན་ནིང་གི་སྡོང་འཛུགས་སྐབས་སུ་བཙུགས་པའི་སྡོང་མྱུག་དག ལོ་གཅིག་ཙམ་རིང་སྐྱེ་འཚར་བྱུང་ནས་ནགས་ཚལ་གྱི་གཞི་ཁྱོན་རགས་ཙམ་ཆགས་ནས་ཉི་འོད་འོག་སྐྱེ་སྟོབས་ཀྱི་དཔལ་འབར་བཞིན་མཆིས།
ཧུང་ཡོན་རྫོང་ཨུ་དང་རྫོང་སྲིད་གཞུང་གིས་རྫོང་ཁོངས་ཀྱི་དོན་དངོས་ལ་གཞི་ཚུགས་ནས། ཐོག་མཐའ་བར་གསུམ་དུ་ཐོག་མའི་བསམ་འདུན་མི་བརྗེད་པ་དང་། རྫོང་ཡོངས་ཀྱི་ལས་བྱེད་པ་དང་མང་ཚོགས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་དང་། གོ་སྐབས་དམ་འཛིན། འབད་འབུངས་ཡར་བརྩོན། གསར་གཏོད་སྲོལ་འབྱེད་བཅས་བྱས་ཡོད། དབུལ་བྲལ་གནད་སྒྲོལ་གྱི་གྲུབ་འབྲས་དང་གྲོང་གསེབ་དར་རྒྱས་གཏོང་བར་འབྲེལ་མཐུད་ནུས་ལྡན་སྲ་བརྟན་དང་རྒྱ་སྐྱེད་གཏོང་རྒྱུ་དམིགས་ཡུལ་དུ་བཟུང་བ་དང་། ལྗང་མདོག་སྐྱེ་ཁམས་འཕེལ་རྒྱས་ཀྱི་འདུ་ཤེས་ཁྲིད་སྟོན་དུ་བྱེད་པ་དང་། དེང་རབས་འབྲོག་ལས་འཕེལ་རྒྱས་དང་ལྗང་མདོག་སྐྱེ་ཁམས་ཀྱི་བཟོ་ལས་གཙོ་ཁྲིད་དུ་བྱེད་པ། ཁྱད་ལྡན་ལྗོངས་སྐོར་ལས་རིགས་འདེགས་སྐྱོར་དུ་བྱེད་པ་བཅས་ཀྱི་ཐོག་ནས་ཁེ་ལས་ཀྱི་སྤུས་རྟགས་རབ་དང་རིམ་པ་བཏོད་པ་དང་། དེ་དང་ཆབས་ཅིག་འོམ་ཐང་མཛེས་ལྗོངས་ཁུལ་སོགས་བཏོད་དེ་ཐོན་ལས་དེ་མཉམ་གཤིབ་མཉམ་འགུལ་ནས་མཉམ་འདྲེས་གཏིང་ཟབ་ཀྱི་ཕྱོགས་སུ་འཕེལ་རྒྱས་སུ་སོང་དང་འགྲོ་བཞིན་ཡོད།