དཔའ་བོའི་བཤུལ་ལམ།
རྨེ་རུ་མགོན་པོ་སྐྱིད། ( ཅོ་ནེ་རྫོང ) རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 09-14
སློབ་གྲྭར་འགྲིམས་དང་མ་འགྲིམ་པའི་སྔ་གཞུག་ལ།
བུ་དཔའ་བོ་ཇག་ལ་ཆས་དགོས།
སྨན་བུ་མོའི་དཀར་ལས་ཡག་དགོས་ཟེར།
ལང་ཚོ་སྨིན་དང་མ་སྨིན་པའི་སྔ་གཞུག་ལ།
སྒ་ཐོག་གི་སྟག་ཤར་ར་ལུ་ཅན་དང་།
དུང་ཞེན་མནའ་ཚིག་ཅན་ལ་དཔའ་བོར་བལྟས།
ཡིག་ངོ་ཆོད་དང་མི་ཆོད་པའི་སྔ་གཞུག་ལ།
ཨ་ཕས་དཔའ་བོའི་མཚོན་ཆ་སྨྱུ་གུར་འབོད།
ཨ་མས་བུ་མོའི་མཛངས་མཛེས་བློ་རིག་ལ་བོས།
ལ་གཟར་འགག་ལ་བརྒྱུད་པའི་སྔ་གཞུག་ཏུ།
དམར་དམག་རྒྱང་བསྐྱོད་ཀྱི་དཔའ་བོའི་ལོ་རྒྱུས་རིང་མོས།
ལན་རེར་རྒྱལ་དང་ཕམ་ལ་ངེས་པ་མེད་ཀྱང་།
དཔའ་མི་ཞུམ་པའི། སྙིང་མི་འདར་བའི། ཡ་མི་ང་བའི།
ཁྲག་གི་བཤུལ་ལམ་འགོད་སྟངས་ལ་ཡ་རེ་མཚན།
མགོ་རྗེ་སྔོན་ཤུལ་དུ་ལྷགས་པའི་སྔ་གཞུག་ཏུ།
ཕོ་རབ་ཅིག་གི་བློ་རྩེ་ལས་ཕོ་འབྲིང་གསུམ་གྱི་བློ་གྲོས་ཟེར་བའི།
ཕ་མེས་ཡང་མེས་ཀྱི་བསླབ་བྱ་དེ་དག་ལ།
ཡང་བསྐྱར་བསམ་གཞིགས་ཀྱི་འཇམ་ཤ་གླན་དགོས་བྱུང་།
ཅོ་ནེ་དཔོན་པོར་སེམས་ངོ་སྦྱར་བའི་སྔ་གཞུག་ཏུ།
ཁམས་གསུམ་ཟིལ་གྱིས་གནོན་མྱོང་བའི་དཔའ་བོ་ཞིག་གམ།
སྲིད་གསུམ་དབང་དུ་བསྒྱུར་མྱོང་བའི་མི་ཕོ་ཞིག
ནམ་མཁའ་འམ་ས་གཞིའི་ཁྱོན་དུ།
ལྷ་རྟ་རྐྱང་དམར་ལ་ཆིབས་ཁ་བསྒྱུར་ཏེ།
དཔའ་བོའི་རྟོགས་བརྗོད་རིང་མོའི་མགོ་རྐང་ལ།
ཤ་དང་རུས་པའི་གསེར་ཤན་བཅིངས་ཚུལ་མཐོང་འོངས།
དུས་རབས་གསར་རྙིང་གཉིས་ཀྱི་སོ་མཚམས་སུ་ལངས་ཏེ།
རང་ཉིད་ཡང་སྙིང་གང་ནས་འོངས་ཤིང་།
ད་ཆ་གང་ལ་ཆས་དགོས་པར་དོགས་འདྲི་བྱས།
༢༠༢༡ལོའི་ཟླ༦པའི་ཚེས༢༡ཉིན་ཅོ་ནེ་ནས།