ལ་གཟར་འགག་གི་དབྱངས་རྟ'

རིན་ཆེན་ཐར། ( ཀླུ་ཆུ་རྫོང ) རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 09-14


ཕང་ཕུང་སྤྲིན་དཀར་བང་རིམ་བརྟོལ་བའི་རབ་བརྗིད་ས་འཛིན་བསྟར་བའི་ཕྲེང་།།

ཤིག་ཤིག་ལོ་མ་དལ་གྱིས་ལྡེམ་པའི་ཚང་ཚིང་གོས་ཀྱིས་སྤུད་པའི་གསེང་།།

ཀྱུར་ཀྱུར་མགྲིན་པའི་རྫ་རྔ་ལེགས་འཁྲོལ་སྤུ་སྡུག་འདབ་ཆགས་སྙན་པའི་གླུར།།

མཚར་མཚར་རམ་འདེགས་རོལ་མོ་དཀྲོལ་བའི་འབྲུག་དཀར་གཙང་བོ་ལྷུང་ལྷུང་རྒྱུ།།

སྣ་ཚོགས་གཟུགས་ཀྱི་བྲག་དཀར་ལྷུན་པོ་འགྱིང་བག་གར་དུ་རྣམ་རོལ་བ།།

སྣ་མང་ལྗོན་པའི་བདུག་སྤོས་ངད་ཀྱིས་ཡོངས་སུ་བཟི་བའི་དཔལ་བྱིན་ཏེ།།

སུམ་རྩེན་ཕུན་ཚོགས་གཞན་དུ་འཚོལ་འདོད་མིག་སྟོང་ངལ་བའི་རྒྱུར་མཐོང་བ།།

འདབ་ལྡན་བྱེ་བའི་གེ་སར་སོ་ཕྲེང་ཅིག་ཅར་འཛུམ་པའི་དཔལ་འདིས་ཀྱང་།།

སྔོན་ཚེ་བཙན་པོས་ཤར་མཐར་བཏེགས་པའི་སོ་སྲུང་ཡན་ལག་བཞི་བའི་དཔུང་།།

དེ་བུད་གཡག་ཁུར་དཔའ་མཛངས་ཀྱིས་བཅགས་རིམ་འགྱུར་ཐེ་བོ་སྙན་པའི་མཚན།།

མ་ཉམས་བློ་གྲོས་ཉིན་བྱེད་རླབས་ཀྱིས་ཞིང་ཕྱུགས་པད་འདབ་ཆེས་ཆེར་གྲོལ།།

མ་རྙིང་གོམས་སྲོལ་དུང་ཟླ་གཞོན་ནུས་དགེ་ལེགས་སྣང་བ་འབུམ་དུ་སྤྲོ།།

གང་ཚེ་དམངས་གཙོའི་གཏན་གྱི་འདུན་མ་སྙིང་དབུས་སྦྲུམ་པའི་དམར་དམག་དཔུང་།།

གཞོམ་འདོད་ལོག་སྤྱོད་འཁོར་གྱིས་བདའ་འདེད་ཐལ་བར་བརླག་པའི་ཉམས་ཉེན་ཚེ།།

ལྗོངས་འདིའི་བཀོད་པ་ཐབས་སུ་བསྟེན་ཏེ་གཉོམ་ཆུང་བཙན་ལས་རྒྱལ་བའི་ལས།།

དམག་དམངས་ཆིག་སྒྲིལ་རེ་ཁ་མངོན་བཀྲ་རྡོ་རིང་བསྐལ་བའི་མཐར་ཡང་བརྟན།།

དོག་མོའི་འགག་ཏུ་མ་འགག་དཔའ་སྐད་དམག་དུང་བྲག་ཅ་འཁོར་རོ་རོ།།

མཐོན་པོའི་སྒང་དུ་མ་ཡལ་དན་རྟགས་དམག་དར་འཚུབ་མ་ཀྱུ་ལི་ལི།།

དམའ་མོའི་གཤོང་དུ་མ་བརྗེད་འདས་དོན་ཆུ་བོས་ཟློ་བའི་སྒྲ་འུར་འུར།།

ག་ས་ག་རུ་མ་འགྱུར་དཔའ་ཉམས་བྲག་བརྐོས་རི་མོ་ཁྲ་ལམ་ལམ།།

དམར་པོའི་མདུན་སྐྱོད་གོམ་པས་བཅགས་པའི་བཤུལ་ལམ་ཉི་ཟེར་མདངས་སུ་འཚེར།།

དམར་པོའི་ཚིག་རིས་གྱེར་བའི་གདངས་དབྱངས་ཁུ་བྱུག་བུ་མོའི་མགྲིན་པར་བསྐྱིལ།།

དམར་པོའི་ཁྲག་གི་ལང་ཚོས་བྱེར་བའི་ལྗང་ལོ་བྱེ་བར་ཤེ་མོང་རྒྱས།།

དམར་པོའི་ལོ་བརྒྱའི་འཁྲུངས་རབས་པད་མོ་ཡིད་དུ་སྡུག་པའི་སྦུབས་བརྒྱ་གྲོལ།།

དེ་ལྟའི་ཇུས་ལེགས་དབྱར་སྐྱེས་རྔ་གསེང་ཕྱོགས་ཀྱི་བུ་མོའི་རྣ་རྒྱན་དུ།།

སྙན་པར་བརྡུངས་ལས་སྲིད་འབྱོར་རིག་གསུམ་རྨ་བྱ་དགའ་བའི་མངལ་སྦྲུམ་སྟེ།།

ཕུན་ཚོགས་འདོད་རྒུའི་མདོངས་ལྡན་སྒྲོ་གུར་འཇིག་རྟེན་དཔྱིད་དུ་ངོམ་པའི་རྩེར།།

སྐྱེད་མོས་ཚལ་ལ་བུང་བའི་ཚོགས་བཞིན་ཡུལ་སྐོར་མགྲོན་གྱི་འདུ་འགོད་འཁྲིགས།།

འདི་ནི་དགེ་འོ་བག་ཡངས་ལུང་བར་རྟ་རྒོད་འཆིང་བའི་སྒྲོག་ལས་གྲོལ།།

འདི་ནི་བཟང་ངོ་བསིལ་འཇམ་རླུང་བུར་མཁའ་དབུགས་གསར་བའི་བསུང་ངད་འཁྱིལ།།

འདི་ནི་མཚར་རོ་འཚོ་བ་གསར་བའི་གྲོང་ཚོ་སྣུམ་ཚོན་རི་མོས་སྤུད།།

འདི་ནི་དགའ་འོ་གཉེར་མའི་གདོང་བར་འཛུམ་གོང་གསར་བའི་མེ་ཏོག་དགོད།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1