ལོ་བརྒྱའི་གཟི་འོད།

རྡོ་རྗེ་དོན་གྲུབ། ( ཅོ་ནེ་རྫོང ) རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 09-14


 ཀྲུང་གོ་གུང་ཁྲན་ཏང་བཙུགས་ནས་ལོ་འཁོར་བརྒྱ་ལོན་པའི་རྗེས་དྲན་དུ།

གཅིག
ལོ་བརྒྱའི་སྔོན་དུ། བསམ་བློའི་ཐོ་བ་ཞིག་གིས་ཡུན་རིང་གཉིད་ལ་གཟིམ་པའི་མི་རིགས་ཤིག་གི་རྨི་ལམ་དཀྲོགས། ལོ་བརྒྱའི་སྔོན་དུ། ཤེས་རབ་ཀྱི་ཟོར་བ་ཞིག་གིས་འཇིག་རྟེན་རྙིང་བའི་བག་ཁུམ་གྱི་འཆིང་ཐག་བཅད། ལོ་བརྒྱའི་སྔོན་དུ། རྔམ་བརྗིད་ཀྱི་རྡོ་རིང་ངོས་ལ་མི་རབས་མང་བོའི་འཚོལ་ཞིབ་ཀྱི་གཏམ་རྒྱུད་ཕབ། ལོ་བརྒྱའི་སྔོན་དུ། མཉམ་སྒྲོག་རོལ་མོ་ཞིག་གིས་ལས་དབང་གི་དར་རྒུད་ལ་སྤོབས་པའི་སྐད་རྒྱངས་སྒྲོག ལོ་བརྒྱའི་སྔོན་དུ། བབ་བརླིང་གི་གྲུ་གཟིངས་ཤིག་ཏུ་མི་རིགས་བསྐྱར་དར་གྱི་ཕུགས་འདུན་རུམ། ལོ་བརྒྱའི་སྔོན་དུ། བློ་སྤོབས་ཀྱི་སྐད་ངག་མཐོན་པོས་མདུན་སྐྱོད་ཀྱི་གླུ་དབྱངས་བླངས་སོང་།

གཉིས།
མཚོ་འགྲམ་གྱི་གྲོང་ཁྱེར་དེ་ནས་ཐོག་མའི་སད་མི་བཅུ་གསུམ་སྲིད་ཀྱི་གར་སྟེགས་སུ་ལངས་ཤིང་། ཨེ་ཤེ་ཡ་ཤར་མའི་ནད་རོར་འབོད་པའི་མུན་ནག་གི་རྒྱལ་ཁབ་འདིར་རེ་བའི་འོད་སྣང་བསྐྱལ་ཞིང་ཁ་ཕྱོགས་བསྒྱུར་སོང་། དེ་ནས་བཟུང་ཁྱོད་ཀྱིས་འགྱུར་མེད་ཀྱི་དམ་བཅའ་བྲག་ལ་བརྐོས་ཤིང་། ཕུགས་འདུན་དང་འགན་འཁྲི་སྲོག་ཏུ་སྒོམ་མྱོང་། དག་དག་མི་ལོ་ཉེར་བརྒྱད་རིང་ལ་ཟུང་ཁྲག་དང་རྔུལ་ཆུ། མིག་ཆུས་བརླན་པའི་གསར་བརྗེ་ཡི་ལོ་རྒྱུས་བྲིས་ཤིང་། མཐུན་སྒྲིལ་དང་འབད་བརྩོན་གྱི་སྣེ་ཁྲིད་འོག་གཉའ་གནོན་གྱི་རི་གསུམ་མགོ་རྟིང་སློག་ནས་གསར་བརྗེ་ཡི་མེ་དཔུང་ཀྲུང་གོའི་འཛིན་མའི་ཁྱོན་ལ་མཆེད་དུ་བཅུག དེ་ནས་བཟུང་ཀྲུང་གོ་བ་རྣམས་ཡར་ལངས་ཤིང་། ཁྱོད་རང་དམངས་ཀྱི་སྲོག་སྐྱོབ་དང་རྒྱལ་ཁབ་འདིའི་བདག་པོར་གྱུར།

གསུམ།
བགྲོད་ལམ་གྱི་འཚོལ་ཞིབ་དེ་ཅི་འདྲའི་རྙོག་འཛིང་དང་ཀྱག་ཀྱོག་ཆེ་བ་ཞིག་རེད་ཨང་། ཁྱོད་རང་དཀའ་སྡུག་དང་ནོར་འཁྲུལ། ཡོ་བསྲང་། འཇའ་འགོག བཅིངས་འགྲོལ་སོགས་ཀྱི་འཐབ་རྩོད་ཁྲོད་ནས་འཚར་ལོངས་བྱུང་ཞིང་འོད་ཟེར་གྱི་ལམ་ཆེན་ནས་མུ་མཐུད་དུ་མདུན་སྐྱོད་བྱས། ད་ནི་དུས་སྐབས་གསར་བར་སླེབས་བྱུང་། བསམ་བློ་བཅིངས་འགྲོལ་དང་དངོས་ཐོག་བདེན་འཚོལ་གྱི་དུས་སྐབས་གསར་བར་སླེབས་བྱུང་། སྟོབས་འབྱོར་དང་འཆམ་མཐུན། ཞི་བདེ། འཕེལ་རྒྱས་ལ་སྨོན་པའི་བཅོས་སྒྱུར་སྒོ་འབྱེད་ཀྱི་དུས་སྐབས་གསར་བར་སླེབས་བྱུང། དུས་སྐབས་གསར་བར་རྒྱང་བལྟ་བྱེད་དུས་དེ་ནི་ཕྱུག་འགྱུར་གྱི་ལམ་ལ་ཞུགས་པའི་དེང་རབས་ཅན་གྱི་དུས་སྐབས་ཤིག་ཡིན་པ་རྟོགས་བྱུང་། འདི་ནས་བཟུང་ཁྱོད་ཀྱི་རྒྱང་བསྐྱོད་ཀྱི་ལམ་ཁ་དེ་སྔར་ལས་ཇེ་ཡངས་དང་མདུན་བསྐྱོད་གྱི་གོམ་སྒྲའང་སྔར་ལས་ཇེ་གསལ་ཏུ་གྱུར།

བཞི།
དེ་རིང་འཕེལ་རྒྱས་ཀྱི་འདུ་ཤེས་གསར་བའི་འཁོར་བསྐྱོད་ཁྲོད་ང་ཚོ་དུས་རབས་གསར་བར་ཐོན་བྱུང་། དུས་རབས་གསར་བས་ང་ཚོར་རྒྱལ་ཁའི་ལེགས་སྐྱེས་བསྣམས་ནས་འོང་། དབུལ་ཕོངས་ཀྱི་ཞྭ་མོ་ཕུད་བཞིན་འོང་། སྟོབས་འབྱོར་གྱི་བག་མ་བསུ་བཞིན་ཡོང་། ད་དུང་དུས་རབས་གསར་བའི་ནང་རླབས་ཆེན་གྱི་ཐ་སྙད་མང་བོ་ཞིག་གིས་ང་ཚོར་བསུ་མ་བྱེད་བཞིན་འདུག་སྟེ། རླབས་ཆེན་གྱི་འཐབ་རྩོད། རླབས་ཆེན་གྱི་ལས་གཞི། རླབས་ཆེན་གྱི་བྱ་གཞག རླབས་ཆེན་གྱི་ཕུགས་འདུན། བརྗོད་མི་ཚར་བའི་རླབས་ཆེན་འདི་དག་གི་བར་གསེང་ནས་མི་དམངས་དང་རྒྱལ་ཁབ། མི་རིགས་ཀྱི་གཟི་བརྗིད་མཐོང་ཡོང་། དེ་རིང་ཁྱེད་ཀྱི་ལམ་སྟོན་འོག་ང་ཚོ་དེང་རབས་ཅན་གྱི་ལམ་སྟེང་ནས་བདེ་བ་ཅན་གྱི་ཕྱོགས་སུ་བསྐྱོད་བཞིན་ཡོད། དེ་ནི་ང་ཚོས་ལོ་ངོ་སྟོང་ལ་སྦྲུམ་པའི་རྨི་ལམ་སྟེ། སྟོབས་འབྱོར་དང་དམངས་གཙོ། དཔལ་ཡོན་། འཆམ་མཐུན། མཛེས་སྡུག་གི་འགྲུལ་བཞུད་རིང་མོ་དེ་ཡིན། དེ་རིང་རླབས་ཆེན་ཁྱེད་ཀྱི་གཟི་འོད་ཁྲོད་ནས་ང་ཚོས་གཞུང་ལུགས་དང་ལག་ལེན་གྱི་སྙིང་སྟོབས་ཤིག་རྙེད་བྱུང་། དེ་བས། ང་ཚོས་དྲི་མེད་ལྷ་དར་དཀར་བོ་སོར་བཅུའི་རྩེ་ལ་བཏེགས་ནས་རླབས་ཆེན་ཁྱེད་ཀྱི་འཁྲུངས་སྐར་བསུ། 

ལྔ།
ལོ་ངོ་བརྒྱ་ནི། རྟོགས་སད་དང་རང་བཙན། བཅིངས་འགྲོལ་གྱིས་བུས་བའི་དུང་བརྡ་སྐད་ཆེན་དེ་ཡིན། ལོ་ངོ་བརྒྱ་ནི། གསར་བརྗེ་དང་འཛུགས་སྐྲུན། བཅོས་བསྒྱུར་ཁྲོད་གྲུབ་པའི་བསུབ་མེད་ཀྱི་ལོ་རྒྱུས་ངོ་མ་དེ་ཡིན། ལོ་ངོ་བརྒྱ་ནི། འབད་བརྩོན་དང་འཚོལ་ཞིབ། བསྐྱར་དར་ཁྲོད་རྙེད་པའི་ནོར་བུ་འོད་ཆེན་དེ་ཡིན། ལོ་ངོ་བརྒྱ་ནི། དཀའ་སྡུག་དང་བར་ཆད། ཀྱག་ཀྱོག་མང་བའི་འགག་འཕྲང་དོག་མོ་དེ་ཡིན། ལོ་ངོ་བརྒྱ་ནི། མཐུན་སྒྲིལ་དང་སྣེ་ཁྲིད། དད་སེམས་ཀྱིས་བཏེགས་པའི་འགྱུར་མེད་དམ་བཅའ་དེ་ཡིན། ལོ་ངོ་བརྒྱ་ནི། འགྲན་སློང་དང་འཐབ་རྩོད། སྟོབས་ཤུགས་ཀྱིས་བསྐྲུན་པའི་བགྲོད་ལམ་གསར་བ་དེ་ཡིན། ལོ་ངོ་བརྒྱ་ནི། ཕུགས་འདུན་དང་འགན་འཁྲི་ལག་ལེན་དུ་ཕབ་སའི་བསམ་བློའི་རྡོ་རིང་དེ་ཡིན། ལོ་ངོ་བརྒྱ་ནི། ནམ་ཡང་གཟི་འོད་ལམ་ལམ་འཕྲོ་བའི་གསེར་གྱི་རྒྱ་ཕིབས་དེ་ཡིན།






རྩོམ་ཡིག་རྗེས་མ།
ཟླ་དགུ་བ།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1