༄༅།། ལྷུག་རྩོམ་གྱི་རྩོམ་ལུས་དང་ཁྱད་ཆོས་ལ་དཔྱད་པ།

དཔལ་ལྡན་དབྱངས་སྐྱིད། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 09-15



དཔལ་ལྡན་དབྱངས་སྐྱིད།
དང་པོ། ལྷུག་རྩོམ་གྱི་རིགས་དབྱེ།

        སྤྱིར་ལྷུག་རྩོམ་ནི་སྔོན་ནས་ད་བར་དུ་ཡོད་པ་ཞིག་ཡིན་མོད། སྔོན་དུ་གོ་བ་ལེན་པའི་ལྷུག་རྩོམ་དང་ད་ལྟའི་ལྷུག་རྩོམ་གསར་པ་གཉིས་ལ་ཁྱད་པར་ཆེན་པོ་ཡོད། ནུབ་ཕྱོགས་དང་རྒྱ་ནག་ཏུ་ཆེས་ཐོག་མའི་ལྷུག་རྩོམ་ནི་ཚིགས་བཅད་(韵文)དང་ལྟོས་བཅས་སུ་ཡོད་པའི་རྩོམ་རིག་གི་རྣམ་པ་ཞིག་ལ་ངོས་འཛིན་ཞིང་གནའ་བོའི་གྷི་རིག་ཀྱང་དེ་ལྟར་རོ། ནུབ་གླིང་གི་ལྷུག་རྩོམ་ལ་ཡང་གོ་དོན་གཉིས་ཡོད་དེ། གཅིག་ནི་(prose)ཚིག་ལྷུག་བྲིས་ཡོད་པ་དང་ཚིག་བཅད་དང་ལྡོག་པའི་རིགས་ཡོད་དོ་ཅོག་ལ་གོ་བ། གཞན་ཞིག་ནི་(essay)ནི་ད་ལྟ་གླེང་བཞིན་པའི་འབོལ་རྩོམ་(随笔)ལ་གོ །སྒྲ་ཡངས་འཇུག་གི་ལྷུག་རྩོམ་ནི་ཚིག་ལྷུག་ཏུ་བྲིས་པ་ཡོངས་སུ་རྫོགས་པ་དང་བརྩམས་སྒྲུང་ཡང་འདུས། སྒྲ་དོག་འཇུག་གི་ལྷུག་རྩོམ་ནི་འབོལ་རྩོམ་ཁོ་ནར་གོ །ཡང་ལྷུག་རྩོམ་གྱི་རིགས་དབྱེ་ནི་ལྷུག་རྩོམ་གྱི་ངོས་འཛིན་སྟངས་དང་འབྲེལ་བ་དམ་པོ་ཡོད། ལྷུག་རྩོམ་གྱི་ངོ་བོ་དང་རྩོམ་གཤིས། རྩོམ་གྱི་སྒྲིག་གཞི། བརྗོད་བྱ་རྗོད་བྱེད་སོགས་ཀྱི་ཐད་ནས་ལྷུག་རྩོམ་གྱི་རིགས་དགར་བཞིན་ཡོད། སྤྱིར་བཏང་དུ་རྩོམ་ལུས་གཞན་དག་དང་བསྡུར་ན་ལྷུག་རྩོམ་གྱི་ཁྱབ་ཁོངས་ཅུང་ཆེ་བ་ཞིག་ཏུ་མངོན་འདུག་པས་དེར་རིགས་དབྱེ་རྒྱུ་ནི་ཅུང་ཁག་པོ་ཞིག་ཏུ་སྣང་། སྤྱིར་ལྷུག་རྩོམ་ལ་སྲོག་ཤིང་གཅིག་ཏུ་གནས་ཤིང་རྣམ་པའི་སྟེང་ནས་རང་དབང་ལྡན་པའི་ཁྱད་ཆོས་ལྡན་པས།(形散而神不散) ལྷུག་རྩོམ་རང་སྟེང་གི་“གཡོ་བའི་རང་བཞིན་སྟེ་(游离性)” ལྷུག་རྩོམ་ནི་རྩོམ་རིག་དང་རྩོམ་རིག་མ་ཡིན་པའི་བར་དུ་གཡོ་བའི་རྩོམ་ལུས་ཤིག་ཡིན། ལྷུག་རྩོམ་ལ་ཕྱོགས་གཅིག་ནས་རྩོམ་རིག་གི་མཛེས་པའི་རང་བཞིན་ཡོད་དེ། དཔེར་ན། སྣང་བརྙན་ཅན་དུ་བྱས་པ་དང་དུང་བརྗོད་ཀྱི་རང་བཞིན། ཞིབ་འབྲིའི་མཚོན་ཐབས་དང་སྐད་ཆའི་མཛེས་པ་སོགས་ཡོད། ཡང་ཕྱོགས་གཞན་ཞིག་ནས་ལྷུག་རྩོམ་གྱི་བརྗོད་བྱ་འདེམ་སྒྲིག་དང་འབྲི་ཐབས་ཀྱི་ངོས་ནས་རང་དབང་ལྡན་ཞིང་ཅི་འདོད་དུ་འབྲི་ཆོག་པ་སོགས་ཀྱིས་རྒྱུན་ལྡན་གྱི་ཡུལ་སྐད་དང་འདྲ་བའི་ཆ་ཞིག་འདུག་པས་དེར་ངོས་འཛིན་དང་གོ་བ་མི་འདྲ་བ་འབྱུང་སྲིད། གཞན་ལྷུག་རྩོམ་ལ“བང་རིམ་དུ་མའི(多层次性)རང་བཞིན་ལྡན་པས། དུས་སྐབས་མི་འདྲ་བ་དང་ཐ་ན་མི་སྒེར་སོ་སོར་ལྷུག་རྩོམ་ཐད་དུ་ངོས་འཛིན་དང་དཔྱད་གླེང་མི་འདྲ་བ་བྱུང་བས་ལྷུག་རྩོམ་ལ་བང་རིམ་དུ་མའི་རང་བཞིན་གྲུབ། གནས་བབས་འདིའི་འོག་ནས་ལྷུག་རྩོམ་གྱི་རིགས་དབྱེ་ལ་ཡང་གཅིག་གྱུར་ཞིག་ཏུ་ཆགས་དཀའ་བཞིན་འདུག །དེ་ཡང་ཆབ་འགག་རྟ་མགྲིན་གྱི《 བོད་ཀྱི་དེང་རབས་རྩོམ་རིག་ལོ་རྒྱུས།》སུ་“དེང་རབས་བོད་ཀྱི་ལྷུག་རྩོམ་ལ་གནས་རྙིང་དང་ཡུལ་སྲོལ་ངོ་སྤྲོད་པའི་ལྷུག་རྩོམ། སྐྱེ་ཁམས་སྲུང་སྐྱོབ་མཚོན་པའི་ལྷུག་རྩོམ། ཡིད་བརྗོད་ལྷུག་རྩོམ། ལྟ་གྲུབ་ལྷུག་རྩོམ་”བཅས་གསུམ་དུ་དགར།《རྩོམ་རིག་ནི་ཅི་ཞིག་ཡིན》 ཞེས་པའི་དེབ་ཏུ་ལྷུག་རྩོམ་ལ་དབྱེ་བ་ཆེན་པོ་གསུམ་ཡོད་པར་བཤད་དེ། དེ་དག་ནི་ཕྲན་རྩོམ་དང་རྟོགས་བརྗོད་རྩོམ་རིག །སྙན་ཞུ་རྩོམ་རིག་བཅས་སུ་དགར་ཡོད་པ་ལྟར། མཁས་པ་སོ་སོར་དབྱེ་བ་དགར་སྟངས་འདྲ་མིན་སྣ་ཚོགས་བྱུང་ཡོད། ལྷུག་རྩོམ་གྱི་རིགས་དབྱེ་ནི་གཙོ་བོ་མཚོན་ཐབས་དང་ངོ་བོ། བརྗོད་སྙིང་བཅས་ཀྱི་སྟེང་ནས་དབྱེ་ན་ལེགས་པར་སྙམ། རྒྱ་ཡིག་གི་དེབ《རྩོམ་རིག་གསར་རྩོམ་དང་དཔྱད་བརྗོད།》ཅེས་པའི་དེབ་ཏུ་ལྷུག་རྩོམ་ལ་རིགས་ཆེན་པོ་གསུམ་དུ་དགར་ཡོད་པ་ནི་“གཅིག་ནི་དོན་བརྗོད་རང་བཞིན་གྱི་ལྷུག་རྩོམ་སྟེ། དེར་མི་སྣ་དང་དོན་དག ། ཡུལ་སྐོར་ལྷུག་རྩོམ་གསུམ་འདུས་པ་དང་། གཉིས་ནི་དུང་བརྗོད་རང་བཞིན་གྱི་ལྷུག་རྩོམ་སྟེ། དེར་ཡིད་འགྱུར་མཚོན་པ། ཡུལ་དུས་དང་དོན་དག་ལ་བརྟེན་ནས་བརྩེ་དུང་མཚོན་པའི་ལྷུག་རྩོམ་འདུས་པ། གསུམ་ནི་གླེང་བརྗོད་རང་བཞིན་ལྡན་པའི་ལྷུག་རྩོམ་སྟེ། དེར་གླེང་མོལ་ལྷུག་རྩོམ། འབོལ་རྩོམ། གནས་ལུགས་བརྗོད་པའི་ལྷུག་རྩོམ”བཅས་གསུམ་དུ་དགར་ཡོད། རིགས་དགར་སྟངས་འདི་ནི་ཧ་ཅང་འཚམ་པ་ཞིག་རེད་འདོད། མཚོན་ཐབས་ཀྱི་ཆ་ནས་རིག་གནས་ལྷུག་རྩོམ་དང་སྤྱིར་བཏང་ལྷུག་རྩོམ། དཔྱད་བརྗོད་ལྷུག་རྩོམ་བཅས་དང་། ངོ་བོའི་ཆ་ནས་དོན་བརྗོད་ལྷུག་རྩོམ་དང་ཡིད་འགྱུར་ལྷུག་རྩོམ། གནས་ལུགས་བརྗོད་པ་བཅས་རིགས་གསུམ་དུ་དགར་ཆོག །བརྗོད་སྙིང་གི་ཆ་ནས་སྐྱེ་ཁམས་སྲུང་སྐྱོབ་མཚོན་པ་དང་མི་གཤིས་ཀུན་སྤྱོད་མཚོན་པ། སློབ་གསོ་དང་སྐད་ཡིག་རིག་གནས་མཚོན་པ་སོགས་ཡོད། ཡི་གེའི་མང་ཉུང་སྟེང་ནས་ལྷུག་རྩོམ་ཐུང་ངུ་དང་ལྷུག་རྩོམ་རིང་བ་བཅས་སྤྱིའི་ཆ་ནས་རིགས་འདི་ལྟར་དགར་ན་ཅུང་གསལ་པོ་འདུག་སྙམ།

གཉིས་པ། ལྷུག་རྩོམ་གྱི་བརྗོད་བྱའི་ཁྱད་ཆོས།
        བརྗོད་བྱ་རྒྱ་ཆེ་བ་ནི་ལྷུག་རྩོམ་གྱི་ཁྱད་ཆོས་གཅིག་ཡིན་ལ། དེ་ནི་བརྗོད་བྱའི་ཀློང་ཡངས་ཤིང་ཕུན་སུམ་ཚོགས་པ་དང་རང་དབང་ལྡན་པར་གོ། རྩོམ་པ་པོས་མི་སྣ་དང་ཡུལ་ལྗོངས། བྱ་དངོས། ཡུལ་སྲོལ་གོམས་གཤིས་དང་རིག་གནས་ལོ་རྒྱུས། སྐྱེ་དངོས་དང་སྲོག་ཆགས་སོགས་ཡུལ་དུས་ཀྱི་ཚད་བཀག་མེད་པར་སྤྱི་ཚོགས་ཀྱི་དངོས་སུ་ཡོད་པའི་བྱ་དངོས་མཐའ་དག་རང་དབང་ལྡན་པར་འབྲི་ཆོག །ལྷུག་རྩོམ་གསར་པའི་བརྗོད་བྱ་ནི་ཐོག་མའི་མེས་རྒྱལ་གྱི་མཐུན་འབྲེལ་དང་སྲིད་ཇུས་གསར་པའི་ལམ་ཕྱོགས་ལ་བསྟོད་པ་གཙོ་བོར་འཛིན་པ་དང་། བར་གྱི་ཕ་ས་ཕ་ཡུལ་དང་དྲིན་ཆེན་ཕ་མ། སློབ་གཉེར་གྱི་དགའ་སྡུག་སོགས་གཙོ་བོར་འཛིན་པ། མཇུག་ཏུ་མི་རིགས་ཀྱི་རིག་གནས་དང་བདེ་སྡུག་ལ་ཐུགས་ཁུར། རང་རེའི་སྤྱི་ཚོགས་ཀྱི་དར་སྲོལ་ངན་པ་སོགས་སུན་འབྱིན་བྱེད་པ་གཙོར་འཛིན་པ་སོགས་བྱུང་ཡོད་ལ། དེ་ལས་དེང་གི་དུས་ཀྱི་མི་སྒེར་གྱི་ལས་དབང་དང་ནང་སེམས་ཀྱི་འཇིག་རྟེན་སྔོག་བཤེར་གཙོར་འཛིན་པ་དཔེར་ན་འཇུ་སྐལ་བཟང་གི་《རང་ཁྱིམ》དང་སྨྲེང་བུའི《 སེམས་གཞས་ཕྲ་མོ》 སོགས་དང་གསར་དར་ན་གཞོན་དག་གི་བརྩམས་ཆོས་མང་ཤས་ནི་མི་སྒེར་གྱི་ནང་སེམས་ཀྱི་འཇིག་རྟེན་མངོན་པའི་བརྩམས་ཆོས་སོགས་མང་པོ་ཡོད། བརྗོད་བྱ་རྒྱ་ཆེ་བ་ནི་བརྗོད་བྱ་གཅིག་རྒྱ་ཆེ་བ་མིན་པར་བརྗོད་སྙིང་གཅིག་སྟོན་ཆེད་བརྗོད་བྱ་དུ་མ་བྲིས་པ་སྟེ། བརྗོད་བྱ་དུ་མ་བཀོད་དེ་བརྗོད་དོན་གཅིག་གནད་ལ་འཁེལ་བར་བརྗོད་བཞིན་ཡོད།

གསུམ་པ། ལྷུག་རྩོམ་གྱི་རྗོད་བྱེད་ཀྱི་ཁྱད་ཆོས།
        སྤྱིར་ལྷུག་རྩོམ་ཞེས་པ་ནི་ནང་དོན་དང་རྣམ་པ་གཉིས་ཕུན་སུམ་ཚོགས་པའི་སྟེང་ནས་གྲུབ་པ་ཞིག་ཡིན་མོད། ནང་དོན་གྱི་མཚོན་དོན་དེ་རྗོད་བྱེད་དང་མཚོན་ཐབས་སྣ་ཚོགས་ཀྱིས་མཚོན་བཞིན་ཡོད། བོད་ཀྱི་གསར་རྩོམ་གྱི་མཚོན་ཐབས་ངོས་ནས་བལྟས་ན། དང་པོར་མཐོང་ཐོས་དྲང་པོར་བརྗོད་པ་ནས་བར་དུ་བརྩེ་སེམས་ཁ་གཡང་དུ་འབོད་པའི་ཕྱོགས་སུ་འཕེལ་འགྱུར་བྱུང་ཞིང་། མཇུག་ཏུ་བསྡུས་བརྗོད་ཤུགས་བསྟན་དང་དུངས་བརྗོད་ཟུང་འབྲེལ་གྱི་རྣམ་པ་གཞོལ་བའི་ཕྱོགས་སུ་འཁོར་བ་ནི་རང་རེའི་གསར་དར་ལྷུག་རྩོམ་སྤྱིའི་གསར་རྩོམ་འཕེལ་ཕྱོགས་ཀྱི་སྐྱ་ཐིག་ཙམ་དུ་ངོས་བཟུང་ཡང་མི་འགྲིག་པ་མེད་སྙམ”ཞེས་པ་ལྟར་བོད་ཀྱི་ལྷུག་རྩོམ་གྱི་མཚོན་ཐབས་དང་ཚིག་སྦྱོར་གྱི་ཁྱད་ཆོས་ཐད་ཕལ་ཆེར་ཞིག་ཕྱོགས་བསྡུས་སྒོས་བརྗོད་འདུག །ལྷུག་རྩོམ་གྱི་བརྗོད་སྙིང་ནི་རྗོད་བྱེད་ཚིག་གིས་མཚོན་པའི་བརྗོད་བྱ་དུ་མས་སྟོན་ཐུབ་དགོས། དེ་བས་ལྷུག་རྩོམ་གྱི་ཚིག་གི་སྒྱུ་རྩལ་ལས་བརྗོད་བྱ་དང་བརྗོད་སྙིང་ཐེག་དགོས་པས་ལྷུག་རྩོམ་ལེགས་པོ་འཁྱོངས་བའི་རྒྱུར་ཆགས་ཡོད།རྒྱ་ཡིག་གི་དེབ་《རྩོམ་རིག་གསར་རྩོམ་དང་དཔྱད་བརྗོད》ཅེས་པར་ལྷུག་རྩོམ་གྱི་ཁྱད་ཆོས་ཆེན་པོ་གསུམ་དབྱེ་ནས་བྲིས་ཡོད་དེ“གཉིས་ནི་སྒྲིག་གཞི་དང་བརྗོད་བྱར་རང་དབང་ལྡན་པ་སྟེ། བརྗོད་བྱ་རྒྱ་ཆེ་བ་དང་ལྷུག་རྩོམ་གྱི་རིགས་དབྱེ་མང་བ་དང་སྒྲིག་གཞི་ལ་རང་དབང་ལྡན་པ། ཚིག་སྦྱོར་ཕུན་སུམ་ཚོགས་ལ་རང་དབང་ལྡན་པ་ཞིག་ཡིན། རྩོམ་རིག་ནི་སྐད་ཆ་ལ་བརྟེན་ནས་བརྗོད་འདོད་ཀྱི་བསམ་བློ་གང་ཞིག་སྟོན་པའི་ངག་གི་སྒྱུ་རྩལ་ཞིག་ཡིན། བརྩམས་ཆོས་གང་ཞིག་སྒྱུ་རྩལ་མཚོན་ཐབས་ཀྱིས་སྟོང་ཚེ། དེ་ནི་ཡིག་ཚོགས་ཀྱི་གྲུབ་པ་ཁོ་ནའོ། །འདི་ལས་ཀྱང་ལྷུག་རྩོམ་གྱི་ཚིག་གི་སྦྱོར་སྟངས་ནི་སྒྱུ་རྩལ་གྱི་ཆ་མངོན་པའི་གལ་ཆེན་རང་བཞིན་རྟོགས་ཐུབ་བོ། །

བཞི་པ། ལྷུག་རྩོམ་གྱི་རྣམ་པའི་ཁྱད་ཆོས།
        སྲོག་གཅིག་ཏུ་བསྡུས་ཤིང་རྣམ་པ་ཐ་དད་དུ་གནས་པ་ནི་ལྷུག་རྩོམ་གྱི་ཁྱད་ཆོས་གཙོ་བོ་གཅིག་ཡིན། ལྷུག་རྩོམ་ནི་རྣམ་པའི་ཐད་དུ་ཚོད་འཛིན་མེད་པར་རང་དབང་ལྡན་པ་དང་སྲོག་གི་བརྗོད་སྙིང་གཅིག་ཏུ་འདུས་ཡོད་པ་ཞིག་ཡིན། སྤྱིར་བཏང་ལྷུག་རྩོམ་གྱི་བརྗོད་བྱ་ནི་མི་དང་དོན་དག་ངོ་མ། བརྩེ་དུང་སོགས་ཇི་མ་ཇི་བཞིན་དུ་བྲིས་ཏེ་རྩོམ་མཁན་གྱི་འཚོ་བའི་ཚོར་སྣང་མཚོན་པ་གཙོར་འཛིན་ལ། མི་སྣ་དང་བྱ་དངོས་འབྲི་བ་ནི་ཡུལ་དུས་ཀྱིས་ཚད་འཛིན་མེད་པ། ཆ་ཚང་མིན་པར་དོན་དག་དང་ས་གནས་ག་གེ་མོའི་ཆ་ཤས་ཙམ་དུ་འབྲི་ཆོག །སྒྲིག་གཞི་ལའང་ཚོད་འཛིན་ཆེན་པོ་མེད་པས་རྣམ་པ་ཐོར་ཡང་སྲོག་ཤིང་སྟེ་བརྗོད་སྙིང་གཅིག་ཏུ་འདུ་བ་ཡིན་དགོས། ཡིན་ཡང་ལྷུག་རྩོམ་གྱི་སྒྲིག་གཞི་དེ་ཆོས་ཉིད་དང་ཚོད་འཛིན་གང་ཡང་མེད་པར་གོ་རིམ་མེད་པ་ཞིག་ཏུ་འབྲི་མི་ཆོག་སྟེ། ངེས་པར་དུ་མངོན་གསལ་གྱི་བརྗོད་སྙིང་ཞིག་ཡོད་དགོས། བརྗོད་བྱ་དུ་མར་བྲིས་ནས་བརྗོད་སྙིང་སྟོན་ཐུབ་དགོས། བརྗོད་སྙིང་མཚོན་ནུས་པའི་བརྗོད་བྱ་འདེམ་ཤེས་དགོས། རྩོམ་གྱི་གོང་འོག་དང་སྔ་ཕྱི། བརྗོད་སྙིང་དང་འབྲེལ་ཆགས་པའི་བརྗོད་བྱ་དང་རྗོད་བྱེད་འོས་ཤིང་འཚམ་པའི་སྒོས་འབྲི་དགོས།

མཇུག་གི་གཏམ།

        གོང་ནས་ལྷུག་རྩོམ་གྱི་རིགས་དབྱེའི་ངོས་འཛིན་ཚུལ། ལྷུག་རྩོམ་གྱི་ཁྱད་ཆོས་གཙོར་བཟུང་ནས་དཔྱད་པར། གཞུང་ལུགས་དང་བརྩམས་ཆོས། སྔར་ཡོད་ཀྱི་རྒྱུ་ཆ་དག་རྒྱབ་བརྟེན་བྱས་ཏེ་ལྷུག་རྩོམ་གྱི་སྤྱིའི་རིགས་དབྱེ་དང་ཁྱད་ཆོས་ལ་ཅུང་ཟད་གླེང་ཡོད། སྤྱིར་ལྷུག་རྩོམ་གྱི་རྩོམ་ལུས་ཀྱི་རིགས་དབྱེ་ཚུལ་སྣ་ཚོགས་མཆིས་མོད། གཙོ་བོ་ལྷུག་རྩོམ་གྱི་ངོ་བོ་དང་མཚོན་ཐབས། བརྗོད་བྱ་བཅས་ཀྱི་ངོས་ནས་རིགས་དབྱེ་ན་འོས་སྙམ། སྤྱིའི་ཆ་ནས་ཡང་དག་ལ་འཐུས་ཚབ་རང་བཞིན་གྱི་དཔྱད་པ་གཏོང་རྒྱུ་ནི་ཧ་ཅང་དཀའ་མོ་ཡིན། དེ་བས་ལྷུག་རྩོམ་སྤྱིའི་ཁྱད་ཆོས་དང་བྱུང་འཕེལ་སོགས་ལ་རྒྱུས་ལོན་ཟབ་མོ་བླངས་ཤིང་། བརྩམས་ཆོས་དང་གཞུང་ལུགས་གཉིས་གཞིར་བཟུང་སྟེ་དཔྱད་པ་ནན་མོ་གཏོང་རྒྱུ་གལ་ལོ། ། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1