ཡུན་ནན་དུ་འཕར་བ་པར་ལེན་ཐུབ་སོང་།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 09-16


     མི་དམངས་དྲ་བ་ཕུའུ་ཨར་ནས་ཟླ་9ཚེས་14ཉིན་གློག་འཕྲིན་འབྱོར་གསལ། ཉེ་ཆར། ཡུན་ནན་ཕུའུ་ཨར་དུ་གནས་པའི་ཡུན་ནན་ཉི་འོད་གཙང་པོའི་ཞིང་ཆེན་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་གྱི་བདག་སྐྱོང་ཅུས་ཀྱི་ལས་དོན་མི་སྣས་ཕྱི་རོལ་དུ་བཞག་པའི་དམར་ཕྱིའི་པར་ཆས་ལེགས་སྒྲིག་བྱེད་སྐབས། དམར་ཕྱིའི་པར་ཆས་ཀྱིས་རྒྱལ་ཁབ་ཀྱི་རིམ་པ་དང་པོའི་སྲུང་སྐྱོང་སྲོག་ཆགས་འཕར་བ་བརྙན་ཐེབས་ཡོད་པ་ཤེས་རྟོགས་བྱུང་བ་རེད། 
     བརྙན་ཐུང་ནང་སྤུ་མདོག་སེར་པོ་དང་རྣ་ཅོག་རྣོ་ཞིང་གྱེན་དུ་འགྲེང་བ། མཇུག་མ་ནག་པོ་བཅས་ཕྱི་ནས་བལྟས་ན་ཁྱི་དང་ཧ་ཅང་འདྲ་བའི་སྲོག་ཆགས་ཤིག་བྲེལ་འཚུབ་ཀྱིས་རྒྱུག་སོང་། བརྙན་ཐུང་གཞན་ཞིག་ཏུའང་སྲོག་ཆགས་དེ་རིགས་རྒྱུག་པའི་རྣམ་པ་ཐེབས་ཡོད། མི་འདྲ་ས་ནི་དེའི་ནང་གྲངས་ཀ་5ཡན་ཡོད་པ་རེད། 
ཡུན་ནན་ཉི་འོད་གཙང་པོའི་ཞིང་ཆེན་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་བདག་སྐྱོང་ཅུས་སྲུང་སྐྱོང་ཁོའོ་ཡི་ཁོའོ་ཀྲང་དབྱང་ཀང་གིས། རིགས་གཅིག་མཁས་ཅན་གྱིས་གསལ་འབྱེད་བྱས་པ་བརྒྱུད་སྲོག་ཆགས་དེ་རིགས་ཀྱི་མིང་ལ་འཕར་བ་ཟེར་ཞིང་། རྒྱལ་ཁབ་ཀྱི་རིམ་པ་དང་པོའི་སྲུང་སྐྱོང་སྲོག་ཆགས་ཁོངས་སུ་གཏོགས་པ་དང་། སྲོག་ཆགས་དེ་ནི་ཡུན་ནན་ཉི་འོད་གཙང་པོའི་ཞིང་ཆེན་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་དུ་ཐོག་མར་པར་ཐེབས་པ་ཞིག་རེད་ཅེས་བཤད་པ་རེད། 
     འཕར་བ། མིང་གཞན་ལ་རྒྱ་གར་ཁྱི་རྒོད་དང་ཡ་གླིང་ཁྱི་རྒོད། ཕྱིའི་རྣམ་པ་སྤྱང་ཀི་དང་ཁྱི་སོགས་དང་འདྲ་མོད། འོན་ཀྱང་སྤྱང་ཀི་ལས་ཆུང་ཞིང་། ཁྱུ་ཚོགས་བྱས་ནས་སྡོད་རྒྱུར་དགའ། དེ་ནི་གཏུམ་དྲག་ཅན་གྱི་སྲོག་ཆགས་ཤིག་དང་། རྔོན་རུབ་བརྒྱབ་ནས་ཟས་འཚོལ། ཟས་རིགས་ནི་གཙོ་བོ་སྲོག་ཆགས་རིགས་སྣ་ཚོགས་ཡིན།
     དབྱང་ཀང་གིས་དེ་སྔ་སྲོག་ཆགས་དེ་རིགས་ཕུའུ་ཨར་དུ་མཐོང་རྒྱུ་ཡོད་མོད། འོན་ཀྱང་ཉེ་བའི་ལོ་ཤས་རིང་དེའི་རྗེས་ཤུལ་མཐོང་རྒྱུ་ཧ་ཅང་ཉུང་ཉུང་རེད། ད་རེས་སྲུང་སྐྱོང་ཁུལ་དུ་བཞག་པའི་དམར་ཕྱིའི་པར་ཆས་བརྒྱུད་དེ་འགུལ་སྐྱོད་ཀྱི་རྣམ་པ་མཐོང་བ་ནི་དངོས་གནས་དཀོན་པོ་རེད། དེས་སྲུང་སྐྱོང་ཁུལ་ནང་གི་སྣོད་བཅུད་སྲུང་སྐྱོང་གི་ཕན་འབྲས་མངོན་གསལ་དོད་པོ་ཡོད་པ་གསལ་བཤད་ཐུབ་ཡོད་ཅེས་བཤད་པ་རེད། དེ་དང་ཆབས་ཅིག  སྣོད་བཅུད་ཁོར་ཡུག་སྔར་བས་ལེགས་སུ་ཕྱིན་པར་བརྟེན། ཉེ་བའི་ལོ་ཤས་རིང་སྲུང་སྐྱོང་ཁུལ་དུ་ཕག་རྒོད་སོགས་རི་སྐྱེས་སྲོག་ཆགས་སྐྱེ་འཕེལ་ཅུང་མགྱོགས་པོ་ཡོད་པ་དང་། འཕར་བ་ཐོན་པ་དེ་ཚད་ངེས་ཅན་ཞིག་གི་ཐོག་ནས་ཕག་རྒོད་སོགས་དངོས་རིགས་ཀྱི་གྲངས་འབོར་སྙོམས་སྒྲིག་བྱེད་པར་ནུས་པ་ངེས་ཅན་ཡོད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1