གྲོད་པུའི་དབྱིབས་ཅན་གྱི་རྫ་ཆས།
སྐབས་དང་པོ་རྫ་ཆས་ངོ་སྤྲོད། དེ་ཡང་གདོད་མའི་དུས་ཀྱི་མི་དག་གིས་རང་གི་འཚོ་ཐབས་ཀྱི་དོན་དུ་ཡུན་རིང་འབད་རྩོལ་ཆེན་པོས་འཚོ་གནས་ཀྱི་ཡོ་བྱད་ལས་སྐབས། ལག་ཆའི་ཐོག་མ་ལ་རྡོ་ཆས་དང་། སྣོད་སྤྱད་ཀྱི་ཐོག་མ་ལ་རྫ་ཆས་བྱུང་སྟེ། མིའི་རིགས་འདི་ཉིད་ཆེས་ཐོག་མར་དཔལ་ཡོན་གྱི་ལམ་བུར་བསྐྱོད་མགོ་བརྩམས། ལྷག་པར་དུ་རྫ་བཟོའི་ལག་རྩལ་ནི་བཟོ་སྐྲུན་ཤེས་རིག་ཀུན་གྱི་ཆེས་ཐོག་མའི་ཤེས་རིག་སྒྱུ་རྩལ་དེ་ཡིན་ཞིང་། དེས་སྣེ་ཁྲིད་དང་ལམ་སྟོན་བྱས་ཏེ་རིམ་གྱིས་གདོད་མའི་རིག་གནས་སྣ་ཚོགས་མེད་པ་ནས་ཡོད་པ་དང་། ཡོད་པ་ནས་ཕུན་སུམ་ཚོགས་པར་བཏང་ཡོད། ད་ཆའི་བར་རྫ་ཆས་ཀྱིས་སྔར་བཞིན་མིའི་རིགས་ཀྱི་ཐོན་སྐྱེད་དང་འཚོ་བའི་ཁྲོད་གནས་བབ་གལ་ཆེན་བཟུང་ཡོད། 《དག་ཡིག་གསར་བསྒྲིགས》ལས། “རྫ་ཆས་ནི་སས་བཟོས་ནས་སོ་བཏང་བའི་དངོས་པོ་སྤྱིའི་མིང”ཞེས་འགྲེལ་ཡོད་མོད། གོ་བདེ་བར་བཏང་ན་རྫ་ས་བེད་སྤྱད་དེ་རྒྱུ་ཆ་འབྲེལ་སྦྱོར་དང་། བཟོ་ལྟ་ཐོན་སྐབས་སྐམ་པོར་མེ་ལ་སྲེག་པ་སོགས་ཀྱི་བཟོ་ཐབས་ལས་རིམ་བརྒྱུད་དེ་བཟོས་པའི་སྣོད་ཆས་ལ་ཟེར་བ་དང་། རྫ་མ་དང་རྫ་ཕོར་སོགས་རྫ་ཆས་གང་ཞིག་ཡིན་རུང་དེ་སྔ་བོད་རིགས་མི་སེར་ཚོའི་ཁྱིམ་ནང་གི་མེད་དུ་མི་རུང་བའི་འཚོ་བའི་སྣོད་ཆས་སུ་གྱུར་ཡོད་ཅིང་། བོད་རིགས་མི་དམངས་ཀྱི་ཟ་སྡོད་འགྲོ་སྐྱོད་སོགས་གང་ཅི་ཐད་ལ་ནུས་པ་གལ་ཆེན་ཐོན་ཡོད། བོད་རིགས་ཀྱི་ཁྱིམ་དུ་རྫ་ཆས་དེ་རྒྱུན་གཏན་གྱི་འཚོ་བའི་མཁོ་ཆས་ཤིག་ཡིན་ལ་དང་དོད་ཆེ་བའི་བཟོས་རྫས་ཤིག་ཀྱང་ཡིན་པས་མི་རིགས་ཀྱི་ཁྱད་ཆོས་མངོན་གསལ་དོད་པོ་ལྡན་ཡོད། །
ཚོན་རྫ་མཆུ་ལུང་ཅན།
སྐབས་གཉིས་པ་བོད་དུ་རྫ་ཆས་བྱུང་ཚུལ། ཆེས་ཤིན་ཏུ་སྔ་བའི་གདོད་མའི་དུས་ཀྱི་འགྲོ་བ་མིའི་རིགས་ཀྱིས་མེ་དང་ས་གཉིས་ལ་བརྟེན་ནས་སྣོད་ཆས་ཀྱི་ཐོག་མ་རྫ་ཆས་བཟོ་ཤེས་པ་ལས་མིའི་རིགས་སྤྱིའི་དཔལ་ཡོན་དར་བ་ལ་གནམ་ས་བླ་འོག་བསྒྱུར་བའི་ལོ་རྒྱུས་བྱུང་ཡོད། དེ་འབྲེལ་རྫ་ཆས་ཀྱི་ཐོག་མའི་འབྱུང་ཁུངས་ཀྱང་གནའ་རྫས་རྟོག་དཔྱོད་མཁན་པོས་ཐ་གཅིག་ཏུ་གཏན་འབེབས་གནང་མ་མྱོང་ཡང་། ནང་སའི་ཀྲུང་དཀྱིལ་ལ་མཚོན་ནས་རིགས་འདེད་བྱས་པར་ཀྲུང་གོའི་རྫ་མ་བཟོས་པའི་ལག་ཤེས་དེ་ཉུང་མཐར་ཡང་ལོ་ཁྲི་ལྷག་གི་ལོ་རྒྱུས་ཡོད་པར་སྨྲ། དེ་ལས་ཐད་ཀར་ཤེས་སྲིད་པ་ནི༡༩༧༤ལོར་ཅང་སོའི( 溧水县神仙洞洞穴遗址)གནའ་ཤུལ་ལས་རྙེད་པའི་རྫ་མ་དེ་ལྟ་བུ་རེད། མདོ་དབུས་མཐོ་སྒང་ལ་མཚོན་ན་རྡོ་ཆས་གསར་མའི་སྐབས་སུ་རྫ་ཆས་ཀྱི་རིགས་ལ་ཆེ་ཆུང་མི་འདྲ་བ་ཁ་ཤས་ཤིག་ཡོད་པ་རྫ་མ་ལུང་གཅིག་ཅན་དང༌། རྫ་མ་ལུང་གཉིས་ཅན་དང༌། རྫ་མ་ཚོན་རིས་ཅན། ལྷུང་བཟེད། ས་རྫའི་གཟར་བུ། རྫ་བུམ་སྐེ་རིང་སོགས་ཡོད་པ་དེ་དག་བོད་ཀྱི་ཡུལ་གྲུ་སྟོད་སྨད་བར་གསུམ་ནས་རྙེད་རྒྱུ་ཡོད་པ་མ་ཟད། གྲངས་ཀ་ཡང་ཆེས་མང་པོ་ཞིག་ཡོད་པ་འདིས་སྟོད་མངའ་རིས་མན་དང༌། མདོ་ཁམས་ཡན་གྱི་ས་ཁུལ་འདི་དག་ཏུ་བསྐལ་པ་ཡ་ཐོག་ནས་འགྲོ་བ་མི་ཡི་རིགས་འཚོ་ཞིང་གནས་པ་དང༌རྫ་ཆས་བཟོ་ཤེས་པའི་ལོ་རྒྱུས་ཡུན་རིང་བ་མཚོན་ལ། དེ་དག་གི་བཟོ་དབྱིབས་མཛེས་ཤིང་སྤུས་ཚད་དག་པོར་ཡོད་པ་སྐབས་དེའི་ཤེས་རིག་དང་རྫ་མ་བཟོ་རྒྱུའི་ལག་རྩལ་ཧ་ཅང་མཐོན་པོར་སླེབས་ཡོད་པ་ཤེས་ཐུབ། ཁྱད་པར་བོད་རང་གི་རྫ་ཆས་ལག་རྩལ་གྱི་ལོ་རྒྱུས་ལ་མཚོན་ན་འབྲེལ་ཡོད་ཡིག་ཆར་གསལ་བ་ལྟར་ཆབ་མདོའི་ཁ་རུབ་དང་། ལྷ་སའི་ཆོས་གོང་། མཚོ་སྔོན་འབའ་རྫོང་སོགས་བོད་ཀྱི་ས་ཁུལ་ཁག་ནས་ཐོན་པ་ལ་མ་མཐར་ལོ་ངོ་ལྔ་སྟོང་ཙམ་གྱི་ལོ་རྒྱུས་ལྡན་པ་མ་ཟད། དུས་རབས་སྔོན་མའི་ལོ་རབས༧༠པར། བོད་ལྗོངས་ཀྱི་གནའ་རྫས་རྟོག་ཞིབ་པས་ཆབ་མདོའི་ཁ་རུབ་གྲོང་ཚོ་ནས་རྡོ་ཆས་གསར་མའི་རྗེས་ཤུལ་རྙེད་པ་དང་། གནའ་རྫས་སྔོག་བཤེར་བྱས་པ་བརྒྱུད་རིག་དངོས་རིན་ཐང་ཆེན་པོ་ལྡན་པ་སྐོར་ཞིག་ས་ཐོག་ཏུ་ཐོན། དེའི་ཁྲོད་ཀྱི་འཐུས་ཚབ་རང་བཞིན་ལྡན་པ་ནི་མཆུ་གཅིག་དང་ལྟོ་བ་གཉིས་སྦྲེལ་ནས་ཡོད་པའི་ལུག་གི་གྲོད་པུའི་དབྱིབས་ཅན་གྱི་རྫ་སྣོད་ཅིག་ཡིན་ལ། དེ་ནི་ལག་ཤེས་ཀྱིས་བཟོས་པ་དང་ཕྱི་རུ་རྒྱན་རིས་སྤྲོས་ཡོད་པ། དབྱིབས་ནི་ཁྱད་མཚར་ཡིད་དུ་འོང་པ་ཞིག་ཡིན་པ་དང་། ཕལ་ཆེར་སྤྱི་ལོ༤༥༠༠ནས༥༠༠༠བར་དུ་བཟོས་པ་ཞིག་རེད། འདི་ནི་མིག་སྔར་བོད་ཡུལ་ནས་རྙེད་པའི་ཆེས་སྔ་བའི་རྫ་བུམ་དེ་རེད། དེའི་ལོ་རྒྱུས་ཡུན་རིང་ཞིང་ཕྱིའི་བཟོ་བཀོད་ཞིབ་ཅིང་ཕྲ་བ། རིག་གནས་སྒྱུ་རྩལ་གྱི་མཚོན་དོན་ཕུན་སུམ་ཚོགས་པའི་དབང་གིས་བོད་ལྗོངས་རྟེན་རྫས་བཤམས་མཛོད་ཁང་གི་བཤམས་དངོས་རྩ་ཆེན་ཏུ་གྱུར་ཡོད་པ་མ་ཟད། བོད་ལྗོངས་རྟེན་རྫས་བཤམས་མཛོད་ཁང་གི་མཚོན་རྟགས་ཀྱང་དེའི་དབྱིབས་ལྟར་ཇུས་འགོད་བྱས་ཡོད། གཞན་བོད་ལྗོངས་སུ་མིག་སྔར་རྡོ་ཆས་གསར་མའི་སྐབས་ཀྱི་རྫ་ཆས་ནི་ཆབ་མདོའི་ཁ་རུབ་གནའ་ཤུལ་ཕུད་ལྷ་སའི་ཆོས་གོང་དང་། ཉིང་ཁྲིའི་དཔར་སྐོང་། ལྷོ་ཁ། གུང་དཀར། སྤོ་བོ། མངའ་རིས་སོགས་ཀྱི་གནའ་ཤུལ་དང་དུར་ས་དེ་དག་ནས་རྫ་ཆས་བྱུང་བ་མ་ཟད། དེ་ལས་དུར་སར་བྱུང་བ་ནི་ལྷ་སའི་ཆོས་གོང་ནས་ཐོན་པའི་རྫ་ཆས་དུམ་བུ་སྤྲེའུ་གདོང་ཅན་དེ་ནི་བཟོ་བཀོད་དམིགས་བསལ་ཅན་ཞིག་ཡིན་པ་དང་། དེའི་གྲུབ་ཚུལ་ལ་གཞིགས་ན་ཅ་དངོས་གཞན་ཞིག་གི་ཆག་དུམ་ཡིན་པ་གསལ་པོར་མངོན། དེ་སྔོན་ལོ་རྒྱུས་ཞིབ་འཇུག་པ་འགའ་ཞིག་གིས་དེ་ནི་བོད་ཀྱི་མི་རིགས་འདི་ཉིད་ཕ་སྤྲེའུ་རྒན་བྱང་ཆུབ་སེམས་དཔའ་དང་མ་སྲིན་མོ་གན་རྐྱལ་དུ་ངོས་བཟུང་བའི་འདུ་ཤེས་དང་འབྲེལ་བ་ཆེན་པོ་ཡོད་པར་འདོད་མོད་ཀྱང་། མུ་མཐུད་དཔྱད་པ་བྱ་རྒྱུའི་གནས་ཙམ་ལས་འདི་ཡིན་དེ་མིན་གྱི་གནས་ལུགས་ཕུགས་བརྟན་པ་ཞིག་ད་ཆའི་བར་དུ་མ་རྙེད། ད་རུང་ཆེད་མངགས་དུར་རྫས་སུ་བཟོས་པའི་རྫ་མི(陶俑)ཡང་ཐོན་མྱོང་། རྒྱུ་ཆ་སྣ་ཚོགས་ལས་གྲུབ་པའི་དུར་རྫས་རྫ་མི་ནི་ཆེད་མངགས་གཤིན་པོའི་དུར་རྫས་སུ་བཟོས་པ་ཞིག་ཡིན་ལ་ལོ་རྒྱུས་ཡུན་རིང་ལྡན་པ་ཞིག་ཀྱང་རེད། དེའི་ཐད་ཀྱི་དཔྱད་གཞི་ནི་མལ་གྲོ་གུང་དཀར་རྫོང་ཡེ་ཤེས་གྲོང་གི་བང་སོ་ལས་རྫ་མི་དེ་རིགས་ལྔ་ཙམ་ཐོན་ཡོད་པ་དང་ས་སྐྱའི་དཔྱིད་འབེབ་རིའི་བང་སོ་ལས་ཀྱང་ཐོན་ཡོད་པ་དག་ཡིན། དེ་མིན་སྟོད་མངའ་རིས་ཁུལ་གྱི་སྒར་རྫོང་གི་གུ་རུ་གྱམ་བང་སོ་ལས་རྙེད་པའི་རྫ་མ་ཚོན་རིས་མཆུ་ལུང་ཅན་དེར་བཟོ་རྩལ་མཐོན་པོ་དང་ཚབ་མཚོན་གྱི་རང་བཞིན་ལྡན་ཕྱིར། བོད་ལྗོངས་ནས་རྙེད་པའི་རྫ་མ་དང་རྫ་སྣོད་གང་ཡིན་རུང་ཁ་ཞེང་དང་མཐིལ་ཞེང་མཐོ་དམན་བཅས་འོས་ཤིང་འཚམ་པས་འདྲ་མི་ཆགས་པའི་སྣང་བ་མི་འཆར་བ་མ་ཟད་ཨུ་ཚུགས་ཀྱིས་མཛེས་བཅོས་དང་དགོས་མེད་ཀྱི་རྒྱས་སྤྲོས་དང་བྲལ་ནས་རང་བཞིན་ལྷུན་པོར་གནས་པ་དེ་བོད་པའི་རང་གཤིས་ཀྱི་བཟོ་རྩལ་མཚོན་བྱེད་ཅིག་ཡིན་པར་འདོད། དེ་མིན་བོད་ལྗོངས་ཀྱི་ས་ཆ་དག་ནས་བུད་པའི་རྫ་ཆས་ཀྱི་ཕྱི་དབྱིབས་དང་རྣམ་པ། ཚོས་གཞི་ལ་སོགས་པ་ཐོན་སྐྱེད་ནུས་ཤུགས་ཞན་པའི་གདོད་མའི་སྤྱི་ཚོགས་སུ་དེང་རབས་རྫ་ཆས་ལྟ་བུའི་ཚད་གཞི་ལ་སླེབས་པ་ནི་མེས་པོ་གོང་མ་དག་གི་བློ་གྲོས་ལ་ཧ་ལས་དགོས་པ་ཞིག་རེད།
སྐོར་བྲོ་འཁྲབ་པའི་རི་མོ་ཡོད་པའི་རྫ་གཞོང་།
གཞན༡༩༩༤ལོར། རྒྱལ་ཁབ་རིག་རྫས་ཅུའུ་ཡིས་ཆོག་མཆན་བཀོད་པ་བརྒྱུད། གནའ་རྫས་རྟོག་ཞིབ་ཆེད་མཁས་པས་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་ཁུལ་འབའ་རྫོང་རྫོང་རི་གནའ་ཤུལ་ཁུལ་དུ་རྒྱུ་ཆ་སྔོག་འདོན་བྱས་པས། སྟེང་དུ་གྲལ་ཤར་གཉིས་གཤིབ་པའི་མི་རྣམས་ཀྱིས་ལག་འཇུ་བྱས་ནས་སྐོར་བྲོ་འཁྲབ་བཞིན་པའི་རྫ་གཞོང་ཞིག་རྙེད་པ་དང་། དེའི་མཐོ་ཚད་ལ་ལིས་སྨི་བཅུ་གཉིས་དང་གྲངས་ཆུང་གསུམ་ཡོད་པ་དང་། ཁའི་ཚངས་ཐིག་ལ་ལིས་སྨི་ཉེར་དྲུག་གྲངས་ཆུང་བཞི་ཡོད་ལ། ད་བར་དུ་ཕལ་ཆེར་ལོ་སྟོང་ལྔ་དང་སུམ་བརྒྱ་ལྷག་འགོར་ཡོད་པ་རེད། རྫ་གཞོང་དེའི་ནང་དུ་ཚོ་ཁག་གཉིས་ཀྱི་མིའི་གཟུགས་དབྱིབས་ཡོད་པ་དང་། མགོ་རྒྱན་སྤྲས་ཞིང་། བོད་ལྭ་གྱོན་ཏེ། མི་མང་པོ་གཅིག་འདུས་ཀྱིས་སྐོར་བྲོ་འཁྲབ་པའི་ཚུལ་དེ་གསོན་ཉམས་ལྡན་པའི་སྒོ་ནས་རི་མོར་ཕབ་ཡོད། ཆེད་མཁས་པས་བལྟས་ན། རྫོང་རི་རིག་གནས་དང་བོད་མིའི་འབྱུང་ཁུངས་སྐོར་ལ་འབྲེལ་བ་ཟབ་མོ་ཡོད་པས། རྫོང་རི་ཤུལ་བཞག་དེ་ཁ་རུབ་ཤུལ་བཞག་དང་། ཆོས་གོང་ཤུལ་བཞག་གི་རྗེས་སུ་རྙེད་པའི་བོད་ཀྱི་ཆེས་སྔ་མོའི་རིག་གནས་འབྱུང་ཁུངས་ཆེན་པོ་གསུམ་གྲས་ཀྱི་གཅིག་ཏུ་གྱུར། མཚོ་སྔོན་ཞིང་ཆེན་ལིའུ་བཱན་ཚོན་ལྡན་རྫ་ཆས་ཞིབ་འཇུག་ལྟེ་གནས་ཀྱི་ཞིབ་འཇུག་པ་ཝང་ཀོ་ཧྲོང་གིས་བཤད་རྒྱུར། “རྫོང་རི་རིག་གནས་ཀྱིས་གསར་སྐྲུན་བྱས་པའི་འབྲོག་པའི་ཤེས་རིག་གིས་ད་བར་དུ་དཔའ་ངར་ཆེ་ཞིང་། གྲང་ངར་བཟོད་ཐུབ་པ། ཤ་ཟ་བར་དགའ་བའི་བོད་མི་རིགས་ཀྱི་རང་བཞིན་ལ་ཤན་ཤུགས་ཐེབས་ཡོད”ཟེར། དེ་བཞིན་མཚོ་སྔོན་ཞིང་ཆེན་གནའ་རྫས་རྟོག་ཞིབ་ཞིབ་འཇུག་སའོ་ཡི་ཞིབ་འཇུག་པ་ལིས་ཀོ་ལིན་གྱིས་བཤད་པ་ལྟར་ན། “ཚོན་ལྡན་རྫ་གཞོང་ནང་གི་སྒོར་སྒོར་དེས་ཉི་མ་མཚོན་ཡོད་པ་དང་། ཟླུམ་གཟུགས་ཀྱིས་གནའ་བོའི་ལྷ་དགུ་མཚོན་པར་བྱས་ཡོད། ཁོ་ཚོས་གདོད་མའི་སྐྱེལ་བསུ་མཛད་སྒོ་སྤེལ་སྐབས། དཔུང་བ་སྦྲེལ་ནས་རྩེ་བའི་བྲོ་གར་དེའི་མིང་ལ་ཉི་མའི་བྲོ་གར་ཟེར་ཞིང་། དེ་ནི་རྗེས་རབས་པས་དཔུང་བ་སྦྲེལ་ནས་རྩེ་བའི་བྲོ་གར་གྱི་ཆེས་ཐོག་མའི་དོན་སྙིང་དང་རྣམ་པ་ཞིག་རེད། རྫ་གཞོང་དེ་ནི་གནའ་བོའི་མོ་དཔེ་ཞིག་ཡིན་པར་མ་ཟད། དམངས་སྲོལ་གནད་བསྡུས་ཤིག་ཀྱང་རེད”ཟེར།
གཡུང་དྲུང་གི་རྟགས་ཡོད་པའི་རྫ་སྣོད།
མཚོ་སྔོན་ཞིང་ཆེན་རྟེན་རྫས་བཤམས་སྟོན་ཁང་གི་ཞིབ་འཇུག་པ་སུང་ལིས་ཉིན་གྱིས་བཤད་པ་ལྟར་ན།“ཁོ་རང་གིས་ལོ་གསུམ་གྱི་རིང་ལ་རི་མགོ་ནས་བྱ་བ་སྒྲུབ་པ་བརྒྱུད། རྫོང་རི་ཤུལ་བཞག་ཁུལ་དུ་བསྡོམས་པས་དུར་ས་སུམ་བརྒྱ་དང་ཞེ་གཅིག་སྔོག་འདོན་བྱས་པ་དང་། རིག་རྫས་ཁྲི་གཉིས་དང་སྟོང་གསུམ་ལྷག་ས་ཁར་བུད་ལ། དེའི་ནང་དུ་ཚོན་ལྡན་རྫ་ཆས་བརྒྱད་བརྒྱ་དང་གོ་དྲུག་ཡོད་པ་དང་། དེས་དུར་འཇུག་དངོས་རྫས་ཀྱི་སྤྱིའི་གྲངས་ཀའི་བརྒྱ་ཆའི་བདུན་ཟིན་ཡོད། དེའི་ནང་དུ་ད་དུང་ཁྱད་ཆོས་ཅན་ཞིག་ཡོད་པ་ནི་འོ་མདོག་ཅན་གྱི་རྫ་བུམ་རགས་མོ་དེ་རེད། རྫ་ཆས་དེ་དག་འདམ་བག་ཁྲོད་དངོས་རྫས་གཞན་དག་བསྲེས་ནས་ལས་པ་ཞིག་ཡིན་ལ། རྫ་ཆས་ཀྱིས་བཟོས་པའི་ལག་ཆ་དེ་རིགས་གཙོ་བོ་ཟས་གཡོས་སྦྱོར་བྱེད་པའི་ཐད་བཀོལ་བཞིན་ཡོད་པ་དང་། ལག་ཆ་དེ་དུས་ཡུན་རིང་བོར་མེ་ནང་དུ་བཀོལ་ཡང་གས་མི་སླ་བས། ང་ཚོས་ད་ལྟ་བཀོལ་བཞིན་པའི་རྫ་ཁོག་དང་ཕལ་ཆེར་གཅིག་འདྲ་རེད”ཟེར། གནའ་རྫས་རྟོག་དཔྱོད་ལས་བདེན་དཔང་བྱས་པ་ལྟར་ན། ལོ་སྟོང་ལྔའི་ཡར་སྔོན་ལ། མཚོ་སྔོན་ས་ཁུལ་ནི་མ་རྒྱུད་རུས་རྒྱུད་སྤྱི་ཚོགས་ཀྱི་དུས་མཇུག་ནས་ཕ་རྒྱུད་རུས་རྒྱུད་སྤྱི་ཚོགས་སུ་བར་བརྒལ་བྱེད་པའི་དུས་སྐབས་ཡིན་པ་དང་། སྐབས་དེའི་འཚོ་བའི་བཀོལ་སྤྱོད་ཀྱི་དངོས་རྫས་གཙོ་བོ་ནི་རྫ་ཆས་ཡིན་ལ། རྫ་ཆས་བསྲེགས་པའི་ལག་རྩལ་ཅུང་མཐོ་ཟེར། དེ་མིན་རིག་དངོས་གནའ་རྫས་རྟོག་ཞིབ་ཆེད་མཁས་པས་འོ་དཀར་བྱེ་རྒྱུ་རྫ་ཆས་སྟེང་དམར་ནག་གི་ཚན་རིས་བྱུག་ཡོད་པ་དང་། རྒྱན་རིས་ལ་བྱ་རིས་དང་། དབྱིབས་འགྱུར་བྱ་རིས། གཞུང་ཐིག་རྩེ་ལྟེབ་རི་མོ། མུ་འབྲེལ་དཀྱོག་ཐིག་རི་མོ། ཟུར་གསུམ་རི་མོ་སོགས་ཡོད་པ་དང་། ཡོ་བྱད་ལ་ལའི་སྐེ་དང་ཕྲག་པ། ལྟོ་བར་ཟུར་སྣོན་རི་མོ་ཡོད་པ་རྟོགས། འདི་ལྟ་བུའི་རིག་གནས་གནའ་ཤུལ་ནི་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་མང་རྫོང་དང་ཁྲི་ཀ་རྫོང་སོགས་སུའང་རྙེད་ཡོད། ས་རིམ་འབྲེལ་བ་ལྟར་ན། གནའ་ཤུལ་འདི་ནི་ཆི་ཅཱ་རིག་གནས(齐家文化)ལས་ཀྱང་སྔ་བ་དང་། འོ་དཀར་བྱེ་རྒྱུ་རྫ་ཆས་སྟེང་དུ་དམར་སྨུག་གི་ཚོན་རིས་བྱུག་པའི་རྫ་ཆས་ལ་ས་གནས་ཀྱི་ཁྱད་ཆོས་དྲག་པོ་ལྡན་ལ། དེ་ནི་ཀན་སུའུ་དང་མཚོ་སྔོན་ས་ཁུལ་གྱི་ཤེས་ཟིན་པའི་རྡོ་ཆས་གསར་མའི་དུས་སྐབས་ཀྱི་རིགས་མཚུངས་རྫ་ཆས་གཞན་དག་དང་ཁྱད་པར་ཆེན་པོ་ལྡན་པས། མཚོ་སྔོན་རང་ས་གནས་ཀྱི་རིག་གནས་ལ་ཞིབ་འཇུག་བྱེད་པར་གཞི་འཛིན་ས་བརྟན་པོ་ཞིག་མཁོ་འདོན་བྱས་ཤིང་། རྫོང་རུའི་རིག་གནས་ཀྱི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ཀྱིས་ས་ཁུལ་འདིའི་གནའ་བོའི་རིག་གནས་ཀྱི་རྣམ་པ་ཕུན་སུམ་ཇེ་ཚོགས་སུ་བཏང་ཡོད་པ་དང་། ས་ཁུལ་འདིའི་རྡོ་ཆས་གསར་མའི་དུས་སྐབས་ཀྱི་གནའ་རྫས་རྟོག་ཞིབ་བྱེད་པར་སྟོང་ཆ་ཆེན་པོ་ཞིག་བསྐངས་ཡོད།།
བུམ་པའི་དབྱིབས་ཅན་གྱི་རྫ་བུམ།
མདོར་ན། ལྷ་སའི་ཆོས་གོང་རིག་གནས་ཀྱིས་མཚོན་པའི་དབུས་གཙང་ས་ཆའི་རྫ་ཆས་དང་ཆབ་མདོའི་ཁ་རུབ་རིག་གནས་ཀྱིས་མཚོན་པའི་ཁམས་ཕྱོགས་ཀྱི་རྫ་ཆས། མཚོ་སྔོན་རྫོང་རི་རིག་གནས་ཀྱིས་མཚོན་པའི་ཨ་མདོ་ས་ཆའི་རྫ་ཆས་བཅས་མདོ་དབུས་ཁམས་གསུམ་གྱི་རྫ་ཆས་རིག་གནས་རྣམས་ལ་སྤྱིར་བོད་རིགས་ཀྱི་ཐུན་མོང་ཁྱད་ཆོས་ལྡན་པ་དང་སྒོས་སུ་ས་གནས་ཀྱི་ཁྱད་ཆོས་ལྡན་པས། བོད་ཀྱི་མེས་པོ་རྣམས་ཤ་རུས་གཅིག་ཏུ་གྲུབ་ཅིང་རིག་གནས་འབྱུང་ཁུངས་འདྲ་བ་གསལ་བཤད་བྱས་ཡོད་ཅིང་། ང་ཚོས་རྫ་ཆས་དེ་རྣམས་གཞི་གཅིག་ཏུ་སྦྲེལ་ནས་བོད་རིགས་ཀྱི་ཡི་གེ་མ་བྱུང་བའི་སྔོན་གྱི་ཤེས་རིག་སྣ་ཚོགས་ལ་དཔྱད་པ་གཏོང་རྒྱུ་ནི་ཤིན་ཏུ་གལ་ཆེའོ་སྙམ།
སྡོང་བོའི་ཡལ་ག་ཅན་གྱི་རྫ་སྣོད།
སྐབས་གསུམ་པ་བོད་ཀྱི་རྫ་ཆས་སྟེང་གི་རི་མོ་སྣ་ཚོགས། བོད་སྟོད་སྨད་བར་གསུམ་ནས་རྙེད་པའི་གནའ་རབས་ཀྱི་རྫ་ཆས་དག་ནི་ཧ་ལམ་ལོ་ངོ་ལྔ་སྟོང་ནས་གཉིས་སྟོང་བར་གྱི་གནའ་རྫས་ཅ་ལག་ཤ་སྟག་ཡིན་ཞིང་། རིགས་དབྱིབས་ལ་ཁོག་མ་དང་། སླ་ང་། ཕོར་པ་སོགས་རིགས་ཉུང་ཙམ་ལས་མེད་རུང་། དེ་དག་གི་རི་མོའི་རྣམ་པ་ནི་ཧ་ཅང་ཕུན་སུམ་ཚོགས་པ་སྟེ། བརྐོས་རིས་དང་། ཐག་རིས། ལེབ་ཤད། འཚེར་ཅན། སྨྱུག་གཟེབ། ཁྱུང་རིས་དང་། ཆུ་རིས། ཆུ་མིག ཟུར་གསུམ། ཁ་དཀྲིས་ཉིས་བརྩེགས་དང་། སུམ་བརྩེགས་སོགས་ཐུན་མོང་མ་ཡིན་པའི་ཁྱད་རྟགས་ཧ་ཅང་མང་ཞིང་། རྫ་ཆས་ཀྱི་མགོ་ནི་དམར་པོ་དང་། སེར་པོ། ཐལ་མདོག ནག་པོ་བཅས་ཡོད་ལ་རྫ་ཆས་མང་ཆེ་བ་འཇམ་ཤ་དོད་ལ་སྤུས་ཀ་དག་པོ་མཆིས། དེ་མིན་རྒྱུན་དུ་བཀོལ་སྤྱོད་བྱེད་པའི་འཚོ་བའི་ཡོ་བྱད་དུར་དུ་སྦ་རྒྱུ་ནི་གནའ་བོའི་དུས་ཀྱི་དུར་འཇུག་བྱེད་སྲོལ་ནང་གི་ཁྱད་ཆོས་གཙོ་བོ་ཞིག་ཡིན་ལ། གནའ་རྫས་རྟོག་ཞིབ་ཁྲོད་ལས་བྱུང་བའི་དཔྱད་གཞིར་གཞིགས་ན་བོད་ཀྱི་བང་སོའི་ནང་ནས་ཐོན་པའི་དུར་རྫས་ཀྱི་གྲས་སུ་གཏོགས་པའི་ཡོ་བྱད་གྲངས་འབོར་མང་ཤོས་ནི་རྫ་ཆས་ཡིན་ཤིང་། དེ་དག་ཀྱང་ཐབ་ཆས་དང་ཟ་སྤྱད་ཡིན་པ་ནི་ཡོ་བྱད་དེ་དག་གི་ཐོག་ཏུ་དུ་དྲེག་ལྡན་པ་ལས་འདས་པོ་འཚོ་བཞུགས་སྐབས་རྒྱུན་པར་བཀོལ་སྤྱོད་བྱེད་མྱོང་ཡོད་པའི་ཡོ་བྱད་ཡིན་པ་མངོན་ཐུབ་པས། “གནའ་བོའི་བོད་ཀྱི་རྫ་བུམ་ཁག་ཏུ་ཟ་དང་ཇ་ཡི་རྟགས་ཕོག་པ་ཤིན་ཏུ་མང་བ་དེ་དག་ནི་ཟ་འཐུང་གི་ཡོ་བྱད་དང་འབྲེལ་བ་་ཕྱིར། རྫ་བུམ་གྱི་རིས་སུ་གྱུར་པའི༼ ཟཇ༽ཡི་རྟགས་ལ་སྡོང་པོའི་ཡལ་ག་ཅན་དང་། ལ་ལ་འཁོར་ལོ་ཅན་དང་། ལ་ལ་རྒྱ་གྲམ་ཅན་དང་། ལ་ལ་འབྲུ་ཡི་སྙེ་མ་ཅན། ལ་ལ་གཡུང་དྲུང་གི་རྟགས་སོགས་རྣམ་པ་དུ་མ་ཞིག་མངའ། ནང་དོན་ནི་བཟའ་བཏུང་གི་བསྟན་པ་དར་བ་དང་། ནམ་ཡང་བཀྲེས་སྐོམ་གྱི་སྡུག་བསྔལ་སེལ་བ། མུ་གེ་བཟློག་པའོ།” དེ་ལྟར་བོད་ཀྱི་རྫ་ཆས་སྟེང་གི་རི་མོ་དེ་དག་གི་འབྱུང་ཁུངས་དང་མཚོན་དོན་བཅས་ལ་ཞིབ་འཇུག་བྱ་ནུས་ན། དུས་སྐབས་དེའི་སྤྱི་ཚོགས་ཀྱི་འགྲོ་སྟངས་དང་། དད་མོས། འཚོ་བའི་གོམས་སྲོལ་བཅས་གང་འདྲ་ཡིན་པ་གསལ་བོར་ཤེས་ནུས་སོ། ས་འོག་ནས་བུད་པའི་རྫ་ཆས་དེ་དག་ནི། ད་ལྟ་མང་ཤས་ཀྱིས་ཚོང་རྫས་ཙམ་གྱི་ཡོ་བྱད་དུ་བརྩིས་པ་ལས། རིག་དངོས་ཀྱི་རིན་ཐང་ཤེས་ཀྱི་མེད། ཤེས་ཀྱང་ཞིབ་འཇུག་བྱས་ནས་སྤྱི་ཚོགས་ལ་ཐད་ཀར་ཕན་ནུས་ཀྱི་འབྲས་བུ་གང་ཡང་ཐོན་མེད། གལ་ཏེ་རྫ་ཆས་དེ་དག་ལ་དམིགས་བསལ་གྱིས་བདག་གཉེར་བྱེད་མ་ནུས་ན། རིམ་གྱིས་རྫ་ཆས་སྟེང་གི་རི་མོ་རྣམས་དག་ནས་མི་སྣང་བར་གྱུར་བ་མ་ཟད། ད་དུང་ཆག་སྐྱོན་གྱི་ཉེན་ཁའང་འབྱུང་སྲིད། དེའི་ཕྱིར། རྫ་ཆས་དེ་དག་ལ་དམིགས་བསལ་གྱིས་བདག་གཉེར་བྱ་དགོས་ལ། རབ་ཡིན་ན། བདག་གཉེར་བྱེད་སྟངས་ཐད་ངེས་པར་དུ་རིག་དངོས་སྲུང་སྐྱོབ་བྱེད་ཚུལ་གྱི་སྒྲིག་གཞི་ལྟར་ལག་བསྟར་བྱ་དགོས་སོ།
ཚོན་ལྡན་རྫ་ཆེན།
སྐབས་བཞི་བ་བོད་ཀྱི་རྫ་ཆས་བཟོ་སྟངས། དེ་ཡང་དབྱར་ཁ་ལྕགས་དང་དགུན་ཁ་རྫ་ལ་ལྟོས་ཟེར་བ་ལྟར། རྫ་མ་བཟོ་བའི་དུས་ཚོད་ཡག་ཤོས་ནི་དཔྱིད་དབྱར་སྟོན་གསུམ་ཡིན་པ་དང་དགུན་ཁ་བཟོས་པའི་རྫ་ནི་ཇི་ལྟར་བྱས་ཀྱང་འཁྱགས་ལ་ཤོར་གྱི་ཡོད་པས་དགུན་རྫ་ཞེས་ཞན་པར་བརྩི། རྫ་བའི་ལག་རྩལ་ལེགས་ཉེས་ཀྱི་ཁྱད་པར་ནི། གཙོ་བོ་རྫའི་བཟོ་ལྟ་ལེགས་ཉེས་དང་། རྫ་ཇི་ཙམ་སྲབ་པ་དེ་ཙམ་ལྟོ་འཁོལ་བདེ་བས་རྫ་སྲབ་མཐུག འཇམ་ཤ་དོད་མིན་བཅས་གསུམ་ཡིན་པ་དང་། རྫ་ཆས་བཟོ་བྱེད་ཀྱི་རྫ་སར་ས་རིགས་གཞན་དང་མེ་ཐལ་སོལ་ཕྱེ་ལྕི་ལུད་སོགས་མ་འདྲེས་པར་བྱ་ཞིང་། ས་རློན་བརྐོས་མ་ཐག་ལྟ་བུ་ཡིན་ན་ཉི་འོད་ཀྱིས་བསྐམ་དུ་བཅུག་ལ། ལས་འཇུག་བདེ་བའི་རྡོ་ལེབ་མོའི་སྟེང་དུ་རྫ་ས་བཀྲམ་སྟེ་རྡོ་བར་ཞིབ་མོར་བཏགས། ས་འབྲུ་མེད་པར་ཆུ་དང་འདྲེས་སྦྱོར་བྱས་པའི་འདམ་བག །རྡོ་ཡིས་ཡུན་དུ་བསྣར་ན་རྡོ་ཐལ་འབྱུང་བས་དེ་ལ་རྡོ་རྫ་ཞེས་སྲ་བའི་ཚད་དུ་བྱེད། གདན་ཤིང་ལེབ་བྱ་ལ་བེར་ཀས་བརྡུང་སྟེ་མཉེན་ཆ་འདོན། སྒྲོ་བར་བཅུག་ལ་རྡོག་བཅས་གཏོང་སྟེ་ཟན་ལྟར་སྙི་མོར་བྱ། ཉི་ཟེར་དང་རླུང་སོགས་ཀྱིས་མི་གནོད་སར་བསིལ་གྲིབ་ཏུ་འཇོག་ཅིང་རས་རློན་གྱིས་བཏུམ་པར་བྱའོ། རྫ་ཆས་མ་བཟོས་གོང་རྫ་སའི་འདམ་བག་ཧ་ཅང་ནན་པོ་བརྫི་དགོས་ཤིང་། རྫའི་སྤུས་ཚད་ཚེགས་མིན་གཙོ་བོ་ལག་རྩལ་མཐོ་དམན་ཡིན་པ་ཕུད། ད་དུང་འདམ་བག་ལའང་རག་ལས་ཀྱི་ཡོད། བཟོ་སྟངས་ལའང་དམིགས་བསལ་ཁྱད་ཆོས་ལྡན་ཡོད་པ་དེ་ནི་ནང་སའི་སོ་གཏོང་སྟངས་དང་མི་འདྲ་བར་བོད་ཀྱི་ཐུན་མིན་ཁོར་ཡུག་ལ་གཞིགས་ནས་བྱུང་བའི་སྤུངས་ཏེ་སོ་གཏོང་སྟངས་ཤིག་ཡིན། རྫ་ཆས་ཀྱི་གཞི་གྲུབ་རྗེས་ས་སྟོང་ཞིག་ཏུ་རྩྭ་དང་ལྕི་བས་གཡོགས་ཏེ་སྲུབ་ཁ་མ་ལུས་པ་བྱེད་དགོས་པ་དང་དེ་རྗེས་སྒྱིད་བུ་གསུམ་བཙུགས་ཐོག་དེའི་སྟེང་རྫ་ཆས་བཞག་ནས་མེ་གཏོང་དགོས། དེ་ལྟར་ཆུ་ཚོད་བཅུ་ལྷག་ཙམ་སོ་བཏང་རྗེས་རྫ་དངོས་སུ་གྲུབ་ཀྱི་ཡོད།
ཚོན་ལྡན་རྫ་སྣོད།
སྐབས་ལྔ་བ་བོད་ཀྱི་རྫ་རྩི་བཟོ་ཐབས། རྫ་རྩི་བཟོ་བའི་ལག་ཤེས་དེ་བོད་ལ་ཆེས་སྔ་མོ་ཞིག་ནས་དར་མྱོང་བ་མ་ཟད། སྤྱོད་སྒོ་རྒྱ་ཆེན་པོ་ཡོད་པའི་རྟགས་སུ་ཁམས་དགེ་རྫ་ཁོག་གི་ས་འོག་ནས་གྱོ་མོ་རྩི་ཅན་ཤས་མཐུག་ལ་སྤུས་ཀ་བཟང་བ། རྫ་གཡམ་གྱི་མཐའ་རྒྱན་རི་མོ་དང་བཅས་པ་མང་པོ་རྙེད་པ་ལས་ཤེས་ཤིང་། དེང་གི་མཁས་པ་འགའ་ཞིག་གིས། རྫ་སྟོད་སྨད་བར་གསུམ་གྱི་མིང་ཡང་རི་མགོའི་རྫ་མ་ཡིན་པར། ལག་ཤེས་རྫ་བཟོ་ཆེས་དར་བའི་ས་ཆ་ཡིན་ཕྱིན་མིང་དེ་ལྟར་ཐོགས་པར་འདོད་དོ།
འདམ་རྩི་ཚོན་དམར་གྱི་རྫ་ཆས།
བོད་ཀྱི་རྫ་རྩི་བཟོ་བའི་ལག་ཤེས་ལ། རྫ་མ་རིགས་ཀྱི་རྩིའི་ཁ་དོག་ལ་གཡུ་རྩི་དང་སེར་རྩི་གཉིས་ཏེ། དང་པོ་གཡུ་རྩི་བཟོ་ན། ཕོ་ཅོང་སྤུས་ལེགས་སྲང་གང་། ཚ་ལ་སྲང་དགུ་ཞོ་ལྔ། ཟེ་ཚྭ་སྐར་ལྔ་སོ་སོར་ཞིབ་བཏགས་བྱས་པ་དེ་བསྲེས་པའི་ཐོག །མཐིང་དུལ་མ་ཞོ་དོ་ཙམ་བསྲེ་ལ་བཞུ། མཐིང་ཕྱེ་ཚྭ་འདེབས་ལྟར་ཅི་ཙམ་རན་པའི་ཁ་དོག་ལ་ཚོད་ལྟ་བྱ་བཞིན་ལེགས་པར་བཞུས་པ་དེ་ཀ་ཏོ་ར་སོགས་ཀྱི་སྣོད་དུ་བླུག་གྲངས་ནས་མདོག་དཀར་ན་མཐིང་བསྣན་ནས་ཡང་དུ་བཞུ། ལེགས་ན་ཞིབ་པར་བཏགས་ཏེ་རྡུལ་མེད་སྣོད་གཙང་དུ་བླུགས། རྫ་མ་སོགས་བྱུག་ཡུལ་གང་ཡིན་པ་དེ་ལ་ཆུས་རླན་ཕབ། ས་སྟེགས་ཀྱི་སྟེང་དུ་བཞག་པའི་ཐོག་གོང་གི་གཡུ་རྩིའི་ཕྱེ་མ་སྙོམས་པར་བཏབ། ཐལ་རྡུལ་མི་འགོ་ཕྱིར་དེ་སྟེང་རྫ་མ་ཞིག་སྦུབ་ནས་བཞག །དེར་བལྟ་བའི་བུ་ག་བྱ། ཕྱི་ནས་སོལ་མེར་སྤུད་པ་མི་འབུད་པར་རང་བཞིན་རླུང་གིས་རང་འབར་དུ་འགྲོ་བ་ལ་བརྟེན་ནས་བསྲེག་ལ། མེ་ཤེད་མ་སྙོམས་ནས་རྩི་གཏང་ཡུལ་ཚ་དྲོད་ཕོག་ཚད་མ་མཉམ་ན་རྩི་འགོས་ཚད་ཀྱང་མི་མཉམ་པས་ལེགས་པོ་མི་འོང་བས་ཕྱོགས་ཀུན་གྱི་མེ་ཤེད་སྙོམ་པར་བསྲེག །ཚིག་ཚད་བུ་ག་ནས་བལྟས་པས་དམར་ལྷང་ངེ་བ། གཡུ་རྩི་ཞུ་ནས་འཇམ་ཤིག་གེར་འོང་བ་དང་། རླུང་མ་ཕོག་པར་གྲང་དུ་བཅུག་ནས་འགྲུབ་ལ། འདི་ནི་རྫ་མ་གཅིག་ཙམ་ལ་རྩི་གཏོང་ཐབས་ཏེ། འབོར་ཆེན་ལ་རྩི་གཏོང་ན་རིགས་བསྒྲེ་སྟེ་བཟོ་ཤེས་པར་བྱའོ། །
ཚོན་ལྡན་རྫ་ཕོར།
ཞར་བྱུང་དུ་རྫ་ཆས་ཀྱིས་བོད་རིགས་མང་ཚོགས་ཀྱི་འཚོ་བའི་ཁྲོད་དུ་གོ་གནས་གལ་ཆེན་བཟུང་ཡོད་དེ། ཉིན་རེའི་བསང་མཆོད་ཀྱི་བསང་གཞོང་དང་། དུས་ཆེན་སྐབས་མཆོད་མེ་སྒྲོན་པའི་སྣུམ་སྒྲོན། གཟིམ་སྤོས་སྒྲོན་སའི་སྤོས་ཕོར་དག་ནི་རྫ་ཆས་ཆུང་པའི་རིགས་དང་འབྲལ་ཐབས་མེད་ལ། ཟས་གཡོ་སྐོལ་དང་། ཆང་བསྙལ་བ། གསོལ་ཇ་མཆོད་པ་སོགས་དང་ཐ་ན་འབྲུ་རིགས་བླུགས་སྣོད། ཆུ་སྣོད། སྣུམ་སྣོད་བཅས་ཀྱང་འབྲལ་ཐབས་མེད་པའི་འཚོ་བའི་ཡོ་བྱེད་གལ་ཆེན་ཞིག་ཡིན་མོད། ཡིན་ནའང་བོད་ཀྱི་རྫ་བཟོའི་ལག་རྩལ་དེ་རིམ་གྱིས་ཉམས་རྒུད་དུ་སོང་ནས་ང་ཚོའི་འཚོ་བའི་ཁྲོད་རྒྱུན་མ་ཆད་ཙམ་དུ་གནས་ཤིང་། ལྷག་པར་དུ་བོད་ཀྱི་གཡུ་རྩིའི་ལག་རྩལ་སོགས་ལོ་ངོ་བརྒྱ་ལྷག་སྔོན་ནས་བཟུང་ད་ལྟ་བར་ཡོངས་སུ་ནུབ་ལ་ཉེ་བས། ད་ལྟ་གཞི་ནས་མི་ལོ་ཆིག་སྟོང་གོང་གི་ཚད་མཐོའི་རྫ་བཟོའི་ལག་རྩལ་དེ་རིག་གཞུང་དང་ལག་ལེན་ཟུང་དུ་སྦྲེལ་ཏེ་བོད་ཀྱི་རྫ་བཟོའི་ལག་རྩལ་སླར་གསོ་དང་རྒྱུན་འཛིན་བྱེད་རྒྱུ་དང་། དེ་བས་ཀྱང་རྫ་བཟོ་བ་དག་གིས་བོད་ཀྱི་རྫ་ཆས་རིག་གནས་འདི་ཉིད་ཉམས་པ་ཟོར་ཆུད་དང་མ་ཉམས་པ་གོང་སྤེལ་གཏོང་བར་འབད་འབུངས་བྱ་རྒྱུ་ནི་ཧ་ཅང་གལ་ཆེ་བར་སེམས་སོ། །