ཡུན་ནན་གྱིས་དེ་རིང་ནས་ཡུལ་སྐོར་ཚང་མ་སླར་གསོ་བྱས།
རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 09-18
ཚེས་15ཉིན་ཡུན་ནན་ཞིང་ཆེན་རིག་གནས་དང་ཡུལ་སྐོར་ཐིང་གིས་གནས་ཚུལ་སྤེལ་ནས་ཚེས་15ཉིན་ནས་བཟུང་ཡུན་ནན་གྱིས་ཞིང་ཆེན་བརྒལ་ནས་ཡུལ་སྐོར་བྱ་རྒྱུ་སླར་གསོ་བྱས་པ་རེད།
ཡུན་ནན་ཞིང་ཆེན་རིག་གནས་དང་ཡུལ་སྐོར་ཐིང་གིས་བསྟན་དོན། རུའེ་ལི་གྲོང་ཁྱེར་གྱི་ཏོག་གསར་གློ་ཚད་རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་བཀོད་འདོམས་པུའུ་ཡིས་ཚེས་15ཉིན་རིམས་ནད་བྱུང་ཚུལ་གྱི་ཉེན་ཁའི་རིམ་པ་ལེགས་སྒྲིག་བྱ་རྒྱུའི་སྐོར་གྱི་བརྡ་ཁྱབ་ལ་གཞིགས། ཡུན་ནན་ཞིང་ཆེན་དུ་རིམས་ནད་སྔོན་འགོག་ཚོད་འཛིན་ཁྲོད་ཀྱི་ཉེན་ཁ་ཆེ་བའི་ས་ཁུལ་མེད་པར་དམིགས་ནས་དེ་རིང་ནས་བཟུང་ཡུལ་སྐོར་ལས་དོན་ཁང་དང་དེ་བཞིན་དྲ་ཐོག་ཡུལ་སྐོར་ཁེ་ལས་ཀྱིས་ཞིང་ཆེན་ལས་བརྒལ་བའི་ཚོགས་པའི་ཡུལ་སྐོར་དང་དེ་བཞིན“གནམ་གྲུའི་སྤ་སེ+མགྲོན་ཁང”ལས་སྒོ་སླར་གསོ་བྱེད་རྒྱུ་རེད། འོན་ཀྱང་ཡུལ་སྐོར་ཚོགས་པ་སྒྲིག་འཛུགས་བྱས་ནས་ཉེན་ཁ་ཆེ་བའི་ས་ཁུལ་གྱི་ཞིང་ཆེན(རང་སྐྱོང་ལྗོངས་དང་གྲོང་ཁྱེར)དུ་སྐྱོད་པ་གནས་སྐབས་མཚམས་འཇོག་པ་དང་། ཉེན་ཁ་ཆེ་བའི་ས་ཁུལ་གྱི་ཞིང་ཆེན(རང་སྐྱོང་ལྗོངས་དང་གྲོང་ཁྱེར)ནས་ཐོན་པའི་ཡུལ་སྐོར་ཚོགས་པར་མུ་མཐུད་སྣེ་ལེན་བྱེད་མཚམས་འཇོག་རྒྱུ་རེད།
ཡུན་ནན་ཞིང་ཆེན་རིག་གནས་དང་ཡུལ་སྐོར་ཐིང་གིས་ཞིང་ཆེན་ཡོངས་ཀྱི་ཡུལ་སྐོར་ལས་དོན་ཁང་དང་དེ་བཞིན་དྲ་ཐོག་ཡུལ་སྐོར་ཁེ་ལས་ཀྱིས་འབྲེལ་ཡོད་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་བླང་བྱ་གཞིར་བཟུང་འགག་རྩའི་ལྷུ་ཚིགས་ཀྱི་དོ་དམ་ལ་ཤུགས་སྣོན་བརྒྱབ་སྟེ་ཡུལ་སྐོར་བ་འགུག་ཐབས་དང་། སྒྲིག་འཛུགས། སྣེ་ལེན་སོགས་ལྷུ་ཚིགས་ཀྱི་རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་ནན་པོར་སྒྲུབ་དགོས་པའི་བླང་བྱ་བཏོན་པ་རེད། ཞིང་ཆེན་ཡོངས་ཀྱི་ཡུལ་སྐོར་མཛེས་ལྗོངས་ཁུལ་གྱིས“ཚད་བཀག་དང་། སྔོན་མངགས། མི་ཚོགས་མང་པོར་གཡོལ་བ”བཅས་ཀྱི་བླང་བྱ་དོན་འཁྱོལ་ནན་པོ་བྱས་ནས་ཡུལ་སྐོར་བར་སྣེ་ལེན་ཞུ་ཚད་ཚོད་འཛིན་བྱེད་དགོས་པ་དང་། སྒོ་འཛིན་སྔོན་མངགས་དང་། བདེ་ཐང་ཨང་རྟགས་དཔྱད་བཤེར། འགྲོ་སྐྱོད་ཁཱ་སོགས་ཀྱི་བླང་བྱ་དོན་འཁྱོལ་ནན་པོ་བྱས་ནས་ཡུལ་སྐོར་བའི་ཆ་འཕྲིན་ཁུངས་འདེད་ཐུབ་པའི་འགན་ལེན་བྱེད་དགོས། ཉིང་སྐྱུར་གྱི་ཞིབ་དཔྱད་དང་། གཟུགས་པོའི་དྲོད་ཚད་བརྟག་པ། ཁ་ཐུམ་རྒྱག་པ་སོགས་ཀྱི་བླང་བྱ་དོན་འཁྱོལ་ནན་པོ་བྱས་ནས་གནད་དོན་ཡོད་རིགས་སྔ་ཙམ་ཤེས་རྟོགས་ཐུབ་པ་དང་སྔ་ཙམ་ཐག་གཅོད་ཐུབ་པའི་འགན་ལེན་བྱེད་དགོས།