མ་ཡུམ་སློབ་གྲྭ།
མ་བྱན། རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 09-18
ངའི་མ་ཡུམ་སློབ་གྲྭ་ནི་སྤྱིར་བཏང་གི་སློབ་གྲྭ་ཞིག་ཡིན་ལ། སྤྱིར་བཏང་གི་སློབ་གྲྭ་ཞིག་ཀྱང་མིན།
ང་རང་སི་ཁྲོན་ཞིང་ཆེན་བོད་ཡིག་སློབ་གྲྭ་ནས་མི་ལོ་ཧྲིལ་བོ་གསུམ་ལ་བསྡད་པ་ཡིན། མི་ལོ་གསུམ་གྱི་ཡུན་ལ་སློབ་གླིང་གི་ཁོ་ར་ཁོར་ཡུག་ནས་དཀར་ནག་སྐྱ་འཐབ་པའི་རྒྱང་རིང་ལ་སེམས་པ་གླན་མྱོང་ཞིང་། སྐྱིད་ལ་སྡུག་པའི་འཚོ་བའི་བགྲོད་ལམ་རིང་མོར་སེམས་ཀྱི་སྟ་གོན་བགྱིས་མྱོང་།
སློབ་འབྲིང་འགྲིམ་སྐབས་སུ། ཨ་མའི་ངག་ནས་ཞིང་ཆེན་བོད་ཡིག་སློབ་གྲྭ་ཟེར་བ་ཞིག་ངས་ཐེངས་དང་པོར་གོ་ཐོས་བྱུང་། ཨ་མས་བཤད་ན། བོད་ཡིག་སློབ་གྲྭའི་དགེ་རྒན་དག་ནི་རིག་པའི་གནས་ལ་མཁྱེན་རྒྱ་ཡངས་ཤིང་སློབ་མ་ལ་ཤ་ཚ་བ། སློབ་མ་རྣམས་ནི་ཤེས་བྱའི་གནས་ལ་བརྩོན་ཐུབ་ཅིང་། མི་གཞི་ཡག་ཅིང་བྱ་སྤྱོད་ཚུལ་དང་མཐུན་པ་ཞིག་ཡིན་ནི་རེད་ཅེས། སྡེ་བའི་ནང་གི་སློབ་མ་མང་དག་ཅིག་དཔེ་འཇོག་བྱས་སོང་། ང་ལའང་སློབ་འབྲིང་མཐར་ཕྱིན་དུས་བོད་ཡིག་སློབ་གྲྭར་རྒྱུགས་ཨེ་འཕྲོད་ལྟོས་ཞེས་བཅོལ་གདམས་ལྟ་བུ་ཞིག་ཀྱང་བྱས་སོང་། དེ་ནས་བཟུང་། ངས་ཀྱང་བོད་ཡིག་སློབ་གྲྭ་ངོ་ཤེས་ལ་དེའི་ཕྱོགས་ལ་དོ་སྣང་བྱེད་མགོ་བརྩམས། རྗེས་སུ་ཤེས་གསལ་ལྟར་ན། སློབ་གྲྭའི་མིང་ཆ་ཚང་ལ་སི་ཁྲོན་ཞིང་ཆེན་བོད་ཡིག་སློབ་གྲྭ་ཟེར་མོད། མང་ཆེ་བས་བོད་ཡིག་སློབ་གྲྭའམ་སི་བོད་ཅེས་བསྡུས་མིང་ལྟ་བུ་ཞིག་འབོད་བཞིན་འདུག
སློབ་འབྲིང་ལོ་ངོ་གསུམ་རྫོགས་ལ་ཉེ་དུས། སློབ་གྲོགས་བྱིངས་ཀྱིས། རྒྱུགས་འབྲས་ལོན་ན་བོད་ཡིག་སློབ་གྲྭར་འགྲོ་འདོད་ཟེར་མཁན་རྐྱང་རྐྱང་ལས། སློབ་གྲྭ་གཞན་དག་ལ་འགྲོ་འདོད་ཟེར་མཁན་བརྒྱ་ལ་གལ་སྲིད་ཙམ་མོ། འདི་ལས་ཀྱང་བོད་ཡིག་སློབ་གྲྭར་འགྲོ་འདོད་མཁན་ང་ཙམ་མིན་པ་རྟོགས། ནང་སེམས་སུ་གནོན་ཤུགས་ཀྱང་ཆེས་ཆེར་གྱུར་པས། རང་གིས་རང་ལ་སྙིང་ཕུར་བརྡབས་ནས་ཚོད་ཚོད་ཀྱིས་འབད་འབུངས་བླ་ལྷག་བྱེད་དགོས་བྱུང་།
དེ་ལྟར་སློབ་འབྲིང་མཐར་ཕྱིན་ནས་འབྲིང་རྒྱུགས་ཀྱི་རྒྱུགས་འབྲས་ལྟར། སློབ་གྲྭ་གདམ་གསེས་ཀྱི་རེ་འདུན་སྐོང་བའི་དུས་ལ་ཐོན། རྒྱུགས་འབྲས་ལ་གཞིག་ན་བོད་ཡིག་སློབ་གྲྭར་འགྲོ་ཐུབ་པར་དཀའ་ལས་མེད་ཚོད་དུ་སྣང་། ཁྱིམ་ལ་ཁ་པར་བཏང་ནས་སློབ་གྲྭ་གང་དུ་འགྲོ་མིན་གྱི་སྐད་ཆ་དྲིས་པས། སྔར་དང་འདྲ་བར་ཕ་མ་གཉིས་ཀྱིས་བོད་ཡིག་སློབ་གྲྭར་སོང་ན་འགྲིག་ཚུལ་གྱི་ཞལ་ཏ་མང་པོ་གསུང་བྱུང་། རང་དང་ཕ་མ་གཉིས་ཀྱི་བསམ་ཕྱོགས་གཅིག་ཏུ་ཁེལ་བས་དགའ་སྤྲོ་གནོན་མི་ཐུབ་པ་ཞིག་གིས་ཡོངས་སུ་བཀྱགས་ཏེ་རེ་འདུན་བོད་ཡིག་སློབ་གྲྭར་བདམས་ནས་ཡུལ་ལ་ལོག །ཡུལ་ལ་ལོག་པའི་ལམ་བར་ནས་བོད་ཡིག་སློབ་གྲྭའི་ཕྱོགས་ལ་སྟོང་འདང་མང་པོ་བརྒྱབ། སྟོང་འདང་དེ་དག་གི་ཁྲོད་ནས་སློབ་བསྡུ་བརྡ་ཐོ་ནམ་ཚོད་འབྱོར་མིན་ལ་རེ་སྒུག་ཆེས་ཆེར་བྱས། རེ་བས་བསྒུགས་པའི་ཟླ་ངོ་གཅིག་ཙམ་གྱི་རྗེས་སུ་སློབ་བསྡུ་བརྡ་ཐོ་ལག་ཏུ་འབྱོར། དེ་དུས་ཀྱི་སེམས་ཁམས་ནི་ཡིག་འབྲུ་ཁ་ཤས་ཀྱི་མཚོན་མི་ཐུབ་པ་ཞིག་ཡིན་ནའང་། སློབ་བསྡུ་བརྡ་ཐོ་ཞེས་བྲིས་པའི་ཤོག་ལྷེ་འདིས་ངའི་སེམས་ཁམས་ཅི་བཞིན་མཚོན་ཐུབ་པར་སྙམ།
ངའི་རང་ཉིད་ཀྱི་རེ་འདུན་དང་སྨོན་འདུན། སྤོབས་སེམས་དང་དམ་བཅའ་ཡོད་ཚད་བསྣམས་ནས་བོད་ཡིག་སློབ་གྲྭར་ཆས། ང་རང་བོད་ཡིག་སློབ་གྲྭ་ནས་མི་ལོ་ཧྲིལ་བོ་གསུམ་ལ་བསྡད་པ་ཡིན། མ་ཡུམ་སློབ་གྲྭ་ནས་སློབ་གཉེར་གནང་སྐབས་རྒན་རྣམས་པས། མི་རྗེ་བཀྲ་ཤིས་ཚེ་རིང་དང་གཟན་དཀར་མཆོག་སྤྲུལ་ཐུབ་བསྟན་ཉི་མ་སོགས་སྐྱེས་ཆེན་དམ་པ་རེ་གཉིས་ཀྱིས། བོད་ཡིག་སློབ་གྲྭ་ཐོག་མར་བཙུགས་སྐབས་ཀྱི་དཀའ་ཁག་དང་འཕྲད་མྱོང་བའི་སྐྱིད་སྡུག་རྒྱུན་ཏུ་གླེང་ཞིང་། དཀའ་ཁག་དང་སྐྱིད་སྡུག་ཅི་ལ་འཕྲད་ཀྱང་དཔའ་མི་ཞུམ་པར། འདི་ལྟར་སློབ་མ་ཁྲི་སྟོང་མང་པོར་རིག་པའི་གནས་ལ་སློབ་སྦྱོང་བྱེད་པའི་ཁོར་ཡུག་ཅིག་བསྐྲུན་ཡོད་པ་ཁོང་ཅག་གི་རླབས་ཆེ་བའི་མཛད་རྗེས་མ་ཡིན་ནམ། འདི་ལྟར་བསམ་ཞིང་བསམ་ན་སྐྱེས་བུ་དམ་པ་ཁོང་རྣམས་ལ་ཕུགས་རྒྱང་རིང་བའི་བློ་གྲོས་དང་འགན་འཁྲིའི་བློ་སྤོབས་མཆོག་ཏུ་མངའ།
ད་ལོ་ནི་མ་ཡུམ་སློབ་གྲྭ་དབུ་བརྙེས་ནས་ལོ་འཁོར་བཞི་བཅུ་འགོར་འདུག །མ་ཡུམ་སློབ་གྲྭའི་འདས་སོང་དང་མ་ཡུམ་སློབ་གྲྭར་ཡོད་སྐབས་ཀྱི་གཏམ་རྒྱུད་མང་པོ་ཞིག་ཡིད་ཀྱི་བྲང་ཁར་བྱོ་ཞིང་། ཀྱི་ཧུད་བདག་བློ་རྨོངས་པས་བཅོམ། །འདི་འདྲའི་ཡོན་ཏན་ཕུང་པོ་ལ། །རིང་ནས་སྐྱབས་སུ་སོང་གྱུར་ཀྱང་། །ཡོན་ཏན་ཆ་ཙམ་མ་འཚལ་ཏོ་སྙམ་པའི་བློ་ཞིག་ཀྱང་འགོག་མེད་དུ་སྐྱེས། མ་ཡུམ་སློབ་གྲྭར་ཡོད་སྐབས་ཀྱི་རང་ཉིད་དྲན་བྱུང་། མི་ལོ་གསུམ་རིང་གཡས་སྐྱོར་གཡོན་འདེགས་བྱེད་མཁན་གྱི་དགེ་རྒན་དང་སློབ་གྲོགས་དག་དྲན་བྱུང་གུས་པའང་མ་ཡུམ་སློབ་གྲྭའི་གྲལ་མཐའ་འཛིན་པ་ཞིག་ཏུ་གྱུར་བར་འགྱོད་པ་ཏིལ་ཙམ་ཡང་སྐྱེ་མ་མྱོང་མ་ཟད། རྟག་ཏུ་མ་ཡུམ་སློབ་གྲྭ་ནི་རང་གི་གཟི་བརྗིད་ཅིག་ཏུ་བསམ་ཡོད། ལོ་ངོ་བཞི་བཅུ་ནི་ལྷག་བསམ་དང་འགན་འཁྲི་མངའ་བའི་སྐྱེས་བུ་དམ་པ་དག་གི་གཟིགས་སྐྱོང་དང་བོད་ཡིག་སློབ་གྲྭའི་དགེ་སློབ་ཡོངས་ཀྱིས་རྔུལ་ཆུ་བསྐྲུན་པའི་ལོ་ངོ་བཞི་བཅུ་མ་ཡིན་ནམ། །