ཉེ་ཆར། དབྱིན་ཇིའི་《ཉིན་རེའི་སྦྲག་སྲིད་ཚགས་པར།》ཐོག་གནས་ཚུལ་སྤེལ་དོན། ཀྲུང་གོའི་སྤྱི་གཉེར་ཁང་ཞིག་གིས་ཨབ་གྷན་སི་ཐན་གྱི་དབུས་རྒྱུད་ས་ཁུལ་དུ་གཏེར་ཁ་སྔོག་འདོན་བྱེད་སྐབས། གནའ་བོའི་དར་གོས་འགྲུལ་ལམ་དུ་བཞེངས་པའི་ལོ་ངོ་2600སྔོན་གྱི་ནང་པའི་དགོན་པ་ཞིག་རྙེད་ཅིང་། དེ་ནི་མི་ཚོས་ཡང་བསྐྱར་རྙེད་པའི་གནའ་ཤུལ་ཆེན་པོ་ཞིག་རེད།
གནའ་རྫས་རྟོག་ཞིབ་མཁས་པས་ངོ་སྤྲོད་བྱས་པ་ལྟར་ན། ནང་པའི་དགོན་པ་འདི་ནི་ཨབ་གྷན་སི་ཐན་གྱི་རྒྱལ་ས་ཁ་པུལ་ནས་ལྷོ་ཕྱོགས་ཀྱི་སྤྱི་ལེ་30ཡི་མཚམས་སུ་ཡོད་པ་དང་། གནའ་ཤུལ་འདི་ནི་2014ལོའི་ཟླ་5པའི་ནང་གསར་རྙེད་བྱུང་བ་ཡིན་མོད། འོན་ཀྱང་ད་ལྟའི་བར་དེའི་གནས་ཚུལ་ཕྱི་ལ་བསྒྲགས་མེད། ནང་པའི་དགོན་པ་འདི་ནི་སྤྱི་ལོ་སྔོན་གྱི་དུས་རབས་7པའི་ནང་གསར་དུ་བཞེངས་ཤིང་། དགོན་པའི་ནང་དུ་ཚེམས་གདུང་མཆོད་རྟེན་ཁ་ཤས་དང་། ལྷ་སྐུ་ཆེ་ཆུང་150ཡོད་ལ། ད་དུང་ཁ་དོག་རྣམ་པར་བཀྲ་བའི་གསེར་བྲིས་དང་དངུལ་བྲིས་ཀྱི་ལྡེབས་རིས་སོགས་ཀྱང་ཡོད་འདུག
མིག་སྔར། ཨབ་གྷན་སི་ཐན་དང་ཧྥ་རན་སི་ནས་ཕེབས་པའི་གནའ་རྫས་རྟོག་ཞིབ་མཁས་པ་ཚོས་ལས་སྒྲུབ་མི་སྣ་དག་གི་སྣེ་ཁྲིད་ནས། རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ་2ཡོད་པའི་གནའ་ཤུལ་གྱི་ཡུལ་དངོས་སུ་མུ་མཐུད་ནས་འཚོལ་བཤེར་བྱེད་བཞིན་ཡོད། །