ཆོས་ལུགས་ལམ་ལྷོངས་ཀྱི་ལེའུ་གསར་པ་རྩོམ་དགོས།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།བོད་ལྗོངས་ཉིན་རེའི་ཚགས་པར། སྤེལ་དུས། 09-22



—— བོད་ལྗོངས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་དུ་གཟིགས་ཞིབ་གནང་སྐབས་གནང་བའི་གསུང་བཤད་གལ་ཆེན་དང་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱེད་པའི་སྐོར་གྱི་ཆོས་ལུགས་ཀྱི་ལེའུ།
        ཟླ་7ཚེས་22ཉིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ལྷ་སའི་ནུབ་འདབས་ཀྱི་འབྲས་སྤུངས་དགོན་དུ་ཕེབས་ཤིང་། ཁོང་གིས་ཏང་གི་ཆོས་ལུགས་ལས་དོན་གྱི་གཞི་རྩའི་བྱེད་ཕྱོགས་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ་དང་། མང་ཚོགས་ཀྱི་ཆོས་དད་ལ་བརྩི་འཇོག་བྱེད་པ། རང་ཚུགས་རང་བདག་རང་གཉེར་གྱི་རྩ་དོན་མཐའ་འཁྱོངས་བྱེད་པ། ཆོས་ལུགས་ལས་དོན་ལ་ཁྲིམས་ལྟར་དོ་དམ་བྱེད་པ། བོད་བརྒྱུད་ནང་བསྟན་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་འཚམ་མཐུན་ཡོང་རྒྱུར་ཁྲིད་སྟོན་ཧུར་ཐག་བྱེད་པ་བཅས་བྱས་ནས་ཆོས་ལུགས་ལམ་ལྷོངས་དང་། སྤྱི་ཚོགས་ཞི་མཐུན། མི་རིགས་འཆམ་མཐུན་བཅས་ཡོང་རྒྱུར་སྐུལ་འདེད་གཏོང་བ་དང་སྤྱི་ཚོགས་འཕེལ་རྒྱས་དང་ཡར་ཐོན་ལ་སྐུལ་འདེད་གཏོང་བའི་ཁྲོད་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་བྱེད་དགོས་པའི་ནན་བཤད་གནང་ཡོད།
        “སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་འབྲས་སྤུངས་དགོན་དུ་དགེ་འདུན་པའི་སློབ་སྦྱོང་དང་འཚོ་བ་སོགས་ཀྱི་གཞི་རྩའི་གནས་ཚུལ་མཁྱེན་རྟོགས་གནང་བ་དང་སྦྲགས། གསུང་བཤད་གལ་ཆེན་ཡང་གནང་ཡོད། དེ་ནི་ཆོས་ལུགས་ལས་རིགས་ཀྱི་མི་སྣར་ཐུགས་ཁུར་ཟབ་བཞེས་དང་བྱམས་སྐྱོང་ཆེན་པོ་གནང་བ་ཞིག་རེད་ལ། ལྗོངས་ཡོངས་ཀྱི་ཆོས་ལུགས་ལས་རིགས་ཀྱི་མི་སྣར་སྐུལ་ལྕག་ཆེན་པོ་གནང་བ་ཞིག་དེ་བས་རེད” འབྲས་སྤུངས་དགོན་དོ་དམ་ཨུ་ལྷན་གྱི་རྒྱུན་ལས་ཀྲུའུ་རེན་གཞོན་པ་ངག་དབང་ཆོས་འཛིན་གྱིས་སྤྱི་ཁྱབ་ཧྲུའུ་ཅིའི་མངགས་བཅོལ་ཟབ་མོ་བློ་ལ་བརྟན་པོར་ངེས་ནས་དྲིན་ཚོར་འབད་འབུངས་ཀྱིས“ཚད་གཞི་བཞིར་བརྩི་སྲུང་གིས་སྔོན་ཐོན་གྲྭ་བཙུན་ཧུར་ཐག་བྱེད་པའི”སློབ་གསོ་ལག་ལེན་བྱེད་སྒོ་ཡག་པོ་སྤེལ་སྟེ་རྒྱ་ཆེའི་དགེ་འདུན་པ་ཚོར་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་དུ་གཏོང་བ་དང་། དར་ཆ་གསལ་སྟོན་གྱིས་ཁ་ཕྲལ་ལ་ངོ་རྒོལ་བྱེད་པ། རང་རྟོགས་ངང་མེས་རྒྱལ་གཅིག་གྱུར་ལ་སྲུང་སྐྱོང་བྱེད་པ། མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ནས་ཆོས་ལུགས་ལམ་ལྷོངས་དང་། སྤྱི་ཚོགས་ཞི་མཐུན། མི་རིགས་འཆམ་མཐུན་བཅས་ཡོང་ཆེད་དགེ་མཚན་ལྡན་པའི་ལེགས་སྐྱེས་འབུལ་རྒྱུར་ཁྲིད་སྟོན་བྱེད་རྒྱུ་ཡིན་ཞེས་བརྗོད་པ་རེད།
        ངག་དབང་ཆོས་འཛིན་གྱིས་ཏང་གི་བཀའ་དྲིན་ཚོར་བཞིན་པའི་རང་ལྗོངས་ཀྱི་རྒྱ་ཆེའི་གྲྭ་བཙུན་ཚོའི་སེམས་གཏིང་གི་སྐད་ཆ་བཤད་ཡོད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། རང་ལྗོངས་ཀྱིས་ཆོས་ལུགས་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་ལག་བསྟར་གཏིང་ཟབ་བྱེད་པ་དང་། ཏང་གི་ཆོས་ལུགས་ལས་དོན་གྱི་གཞི་རྩའི་བྱེད་ཕྱོགས་དང་རྒྱལ་ཁབ་ཀྱིས་ཆོས་ལུགས་ལས་དོན་ལ་དོ་དམ་བྱེད་པའི་བཅའ་ཁྲིམས་ཁྲིམས་སྲོལ་ཁྱོན་ཡོངས་ནས་དོན་འཁྱོལ་བྱེད་པ། བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་གྱི་ཁ་ཕྱོགས་མཐའ་འཁྱོངས་བྱེད་པ། “ཁྲིད་སྟོན”ཐད་འབད་བརྩོན་བྱ་རྒྱུར་ཤུགས་སྣོན་རྒྱག་པ། ཆོས་ལུགས་ལས་དོན་ལ་ཁྲིམས་ལྟར་དོ་དམ་བཅས་བྱས་པས། མང་ཚོགས་ཀྱི་ཆོས་དད་རང་མོས་དང་རྒྱུན་གཏན་གྱི་ཆོས་ལུགས་བྱེད་སྒོར་འགན་ལེན་ནུས་ལྡན་ཐུབ་ཡོད་ལ། གྲྭ་བཙུན་གྱི་སྒོམ་སྒྲུབ་དང་འཚོ་བའི་ཆ་རྐྱེན་ཡང་ལེགས་སུ་ཤུགས་ཆེན་བཏང་ཡོད།
        སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་དུ་གཟིགས་ཞིབ་གནང་སྐབས་གནང་བའི་གསུང་བཤད་གལ་ཆེན་དང་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དོན་ཐོག་ཏུ་འཁྱོལ་བའི་འགན་ལེན་བྱ་ཆེད། རང་ལྗོངས་ཀྱི་ཆོས་ལུགས་ལས་རིགས་ཀྱི་མི་སྣས་གཅིག་རྗེས་གཉིས་མཐུད་ངང་བཞུགས་མོལ་ཚོགས་འདུ་དང་། སྒྲོག་འགྲེལ་ཚོགས་འདུ། མི་སྒེར་གྱི་རང་སྦྱོང་སོགས་ཀྱི་བྱ་ཐབས་བརྒྱུད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་དུ་གཟིགས་ཞིབ་གནང་སྐབས་གནང་བའི་གསུང་བཤད་གལ་ཆེན་དང་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་གྱི་ངོ་བོར་གོ་བ་གཏིང་ཟབ་བླངས་ནས་ངོས་འཛིན་གླེང་བ་དང་། ཚོར་ཤེས་བརྗོད་པ། མི་སྒེར་གྱི་ཧེ་བག་འཚོལ་བ། འབད་བརྩོན་གྱི་ཁ་ཕྱོགས་གཏན་འཁེལ་བཅས་བྱས་ཡོད།
        “མིག་སྔར། ལྗོངས་ཡོངས་ཀྱི་ཆོས་ལུགས་འཆམ་མཐུན་དང་། བསྟན་དོན་ལམ་ལྷོངས། དགོན་སྡེ་ཞི་མཐུན་བཅས་ཀྱི་རྣམ་པ་ནི་ཀྲུང་གོ་གུང་ཁྲན་ཏང་གིས་མཁས་མཛངས་ལྡན་པའི་འགོ་ཁྲིད་གནང་བ་དང་མི་རིགས་ཁག་གིས་ཐུན་མོང་ཐོག་འབད་བརྩོན་བྱས་པའི་གྲུབ་འབྲས་ཤིག་རེད། ང་ཚོས་སྤྱི་ཁྱབ་ཧྲུའུ་ཅིའི་མངགས་བཅོལ་ཟབ་མོ་རྩ་བའི་གཞི་འཛིན་སར་བྱས་ཏེ་ལས་སླ་པོར་བྱུང་བ་མིན་པའི་རྣམ་པ་བཟང་པོར་གཅེས་འཛིན་དང་། ‘མཐུན་སྒྲིལ་དང་བརྟན་ལྷིང་ནི་བདེ་སྐྱིད་དང་ཁ་ཕྲལ་དང་ཟང་ཟིང་ནི་ཆག་སྒོ་ཡིན་པའི’གནས་ལུགས་དེ་བས་གསལ་པོ་རྟོགས་པ། ཐོག་མཐའ་བར་གསུམ་དུ་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་དང་བསམ་བློའི་ཐོག་བློ་སེམས་གཅིག་མཐུན་དང་། དམིགས་ཚད་ཐོག་བློ་ཁ་གཅིག་མཐུན། བྱ་སྤྱོད་ཐོག་བསམ་སྦྱོར་གཅིག་མཐུན་བཅས་བྱས་ནས། དར་ཆ་གསལ་སྟོན་གྱིས་ཁ་ཕྲལ་ལ་ངོ་རྒོལ་བྱེད་པ་དང་རང་རྟོགས་ངང་ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པ་དང་ཏཱ་ལའི་རུ་ཚོགས་དང་དབྱེ་མཚམས་གསལ་པོ་འབྱེད་དགོས”ཞེས་བོད་ལྗོངས་ནང་བསྟན་སློབ་གླིང་གི་ཡོན་ཀྲང་གཞོན་པ་དང་ལྷ་ས་གྲོང་ཁྱེར་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་བཀྲ་ཤིས་རྒྱལ་མཚན་གྱིས་བརྗོད་པ་རེད།
        བཀྲ་ཤིས་ལྷུན་པོ་དགོན་དོ་དམ་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་སྲད་པ་སྟོབས་ཆུང་གིས། ང་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བཀའ་སློབ་ཟབ་མོ་ངེས་པར་དུ་བློ་ལ་བརྟན་པོར་ངེས་ནས་བཀྲ་ཤིས་ལྷུན་པོ་དགོན་གྱི་ཏང་གཅེས་རྒྱལ་གཅེས་ཆོས་གཅེས་ཀྱི་སྲོལ་རྒྱུན་བཟང་པོ་རྒྱུན་འཛིན་དང་དར་སྤེལ་བཏང་སྟེ་ལོ་རྒྱུས་མེ་ལོང་དུ་འཛིན་ནས་རྒྱ་ཆེའི་སེར་སྐྱ་མང་ཚོགས་ཀྱིས་ནམ་ཡང་ཏང་གི་བཀའ་ལ་ཉན་པ་དང་། ཏང་གི་བཀའ་དྲིན་དྲན་པ། ཏང་གི་རྗེས་སུ་འབྲང་བ་བཅས་བྱེད་པར་ཁྲིད་སྟོན་དང་། བློ་བརྟན་འགྱུར་མེད་ངང་མེས་རྒྱལ་གཅིག་གྱུར་དང་མི་རིགས་མཐུན་སྒྲིལ་ལ་སྲུང་སྐྱོང་། རང་ཉིད་ཀྱི་བྱ་སྤྱོད་དངོས་ལ་བརྟེན་ནས“ཚད་གཞི་བཞི”རང་རྟོགས་ངང་ལག་ལེན་བསྟར་བ་བཅས་བྱེད་རྒྱུ་ཡིན་ཞེས་བརྗོད་པ་རེད།
        ལྗོངས་ཆོས་ལུགས་ལས་དོན་ཅུས་གཞུང་དོན་ཁང་གི་ཀྲུའུ་རེན་གཞོན་པ་རེན་ལེའང་གིས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་དུ་གཟིགས་ཞིབ་གནང་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་མཛུབ་ཁྲིད་དུ་བྱ་རྒྱུ་ངེས་པར་དུ་མཐའ་འཁྱོངས་ཀྱིས་ལས་གནས་དང་འགན་འཁྲིར་གཞི་ཚུགས་པ་དང་། དྲང་སྲུང་གསར་གཏོད་དང་སྤྱི་ཡོངས་ལ་ཞབས་འདེགས་ཞུ་བ། འགན་ཁུར་ཕོད་པ་དང་དཀའ་སྤྱད་ལས་སྒྲུབ་བཅས་བྱས་ནས་ཆོས་ལུགས་འཆམ་མཐུན་དང་། བསྟན་དོན་ལམ་ལྷོངས། དགོན་སྡེ་ཞི་མཐུན་བཅས་ཀྱི་རྣམ་པ་བཟང་པོ་སྲ་བརྟན་དུ་གཏོང་བར་སྟོབས་ཤུགས་ཧུར་ཐག་འབུལ་རྒྱུ་ཡིན་ཞེས་བརྗོད་པ་རེད།
        ད་ཆ་ཏང་དང་སྲིད་གཞུང་གི་བཀའ་དྲིན་འོག་རྒྱ་ཆེའི་གྲྭ་བཙུན་ཚོས་དུས་དང་རྣམ་པ་ཀུན་ཏུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་དུ་གཟིགས་ཞིབ་གནང་སྐབས་གནང་བའི་གསུང་བཤད་གལ་ཆེན་བློ་ལ་བརྟན་པོར་ངེས་ནས་ཞི་མཐུན་དཔེ་བཟང་གི་དགོན་སྡེ་གཏོད་པ་དང་རྒྱལ་གཅེས་ཁྲིམས་སྲུང་གི་དགེ་འདུན་པ་ཞིག་བྱེད་རྒྱུའི་བརྩོན་ལེན་བྱས་ཏེ་མཐུན་སྒྲིལ་དང་། འབྱོར་ཕྱུག ཤེས་དཔལ། ཞི་མཐུན། མཛེས་སྡུག་བཅས་ལྡན་པའི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་བསྐྲུན་ཆེད་སྟོབས་ཤུགས་ཧུར་ཐག་འབུལ་བཞིན་ཡོད། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1