རྨ་བྱ་ཁ་འབབ་ངོགས་ཀྱི་གྲོང་ཚོ། སྔོ་ལྗང་ལྗོན་ཤིང་གསེབ་ཀྱི་ཕྲ་རྒྱན།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། སྤེལ་དུས། 09-23




འཁོར་ཆགས་ཀྱི་རྒྱན་གོས། 
            ཟླ་6ཚེས་29ཉིན་སྤུ་ཧྲེང་རྫོང་དུ་བཅའ་སྡོད་བྱས་པར་དེ་གའི་མང་ཚོགས་ཀྱི་སྤྲོ་སེམས་འཁོལ་བའི་དགའ་བསུ་ཐོབ། ཟླ་7ཚེས་5ཉིན་མངའ་རིས་ཀྱི་ཀྲོན་ཡོན་ཁྲི་སྨོན་སྲས་དང་ཀྲོན་ཡོན་གཞོན་པ་མོང་སྟོད་སྲས་ཀྱིས་མི་20ལྷག་ཙམ་ཁྲིད་དེ་རྩམ་པ་རྒྱ་མ་800འཁྱེར་བཞིན་ཆེད་མངགས་སྒར་ནས་སྤུ་ཧྲེང་རྫོང་དུ་ཨན་ཀྲི་མིང་ལ་འཚམས་འདྲི་ཞུ་བར་ཡོང་བ་དང་། རང་རེའི་དམག་དཔུང་གིས་སྤུ་ཧྲེང་རྫོང་དུ་ས་གནས་ཀྱི་དཔོན་རིགས་དང་། ཆོས་ལུགས་མི་སྣ། བོད་མི་400ལྷག་ཙམ་བཅས་ཞུཌ་པའི་མང་ཚོགས་ཀྱི་ཚོགས་ཆེན་འཚོགས་ནས་སྲིད་ཇུས་དང་སྒྲིག་ཁྲིམས་དྲིལ་བསྒྲགས་བྱས་རྗེས་དམག་དཔུང་བྱང་ཕྱོགས་སུ་ཐོན།
            ——《བོད་སྐྱོད་དཔའ་བོའི་སྔོན་སྐྱོད་ལེན་ཤོག》ལས་བཏུས།
            སྤུ་ཧྲེང་རྫོང་གི་མཐའ་མཚམས་ལ་རིང་ཚད་སྤྱི་ལེ་400ལྷག་ཙམ་ཟིན་ཞིང་། དེ་ནི་རྒྱལ་ཡོངས་ཀྱི་རྒྱལ་ཁབ་གསུམ་འབྲེལ་མཚམས་ཀྱི་རྫོང་བཅུ་ལྷག་ཙམ་གྱི་གྲས་ཤིག་ཡིན་པ་དང་། འཁོར་ཆགས་གྲོང་ཚོ་ནི་དེའི་མཐའ་མཚམས་ཀྱི་བགྲོད་ལམ་གལ་ཆེ་ཤོས་ཤིག་རེད།
            མངའ་རིས་ལ་སྐོར་གསུམ་ཡོད་ཅིང་། སྐོར་དང་པོ་རུ་ཐོག་དང་། སྐོར་གཉིས་པ་རྩ་མདའ། སྐོར་གསུམ་པ་སྤུ་ཧྲེང་རེད། ཧི་མ་ལ་ཡའི་གངས་རི་ཁྱུ་ཚོགས་ཀྱིས་བསྐོར་བའི་ལུང་ཤུར་དུ་ལོ་ངོ་ཆིག་སྟོང་ལྷག་ཙམ་གྱི་གོང་དུ་རྨ་བྱ་ཁ་འབབ་ཀྱི་ངོགས་སུ་འཁོར་ཆགས་དགོན་བཞེངས་པ་དང་། དེ་གའི་མི་རྣམས་ཕྱོགས་བཞིའི་ལ་མོ་བརྒྱབ་ནས་ལུང་ཤུར་དེར་གནས་བཅས་པས་འཁོར་ཆགས་གྲོང་ཚོ་ཆགས།
            ཀྲུང་ནེའི་མཐའ་མཚམས་ཀྱི་ལྕགས་ཟམ་ནི་འཁོར་ཆགས་གྲོང་ཚོའི་ལྷོ་ངོས་དང་བར་ཐག་སྤྱི་ལེ་30ཡི་སར་ཡོད། ལྕགས་ཟམ་གྱི་ཟམ་སྣེ་ནས་ཁ་སྤྲོད་དུ་ཆགས་པའི་ནེ་པ་ལའི་མངའ་ཁོངས་སུ་རྒྱང་ལྟ་བྱས་ཚེ། མིག་ལམ་དུ་འཆར་བ་ནི་ནེ་པ་ལ་ནས་འཁོར་ཆགས་གྲོང་ཚོའི་བར་གྱི་འགྲོ་ལམ་འབའ་ཞིག་ཏུ་གྱུར་པའི་རྐང་ལམ་ཕྲ་མོ་དེ་རེད། དེ་ནི་ནེ་པ་ལའི“ཇ་རྟའི་ཚོང་ལམ”དང་ཧ་ལམ་མཚུངས།
            ལོ་རྒྱུས་དང་ས་ཁམས་ཀྱི་གནས་བབ་དམིགས་བསལ་ལས། འཁོར་ཆགས་རིག་གནས་ཀྱི་ཐུན་མིན་གྱི་ཁྱད་ཆོས་གྲུབ་ལ་ཡུལ་གཞན་དང་མི་འདྲ་བའི་འཁོར་ཆགས་ཀྱི་དམངས་སྲོལ་རིག་གནས་ཀྱང་གྲུབ།
            གྲོང་ཚོ་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་པ་སངས་དངོས་གྲུབ་ཀྱིས་ངོ་སྤྲོད་བྱས་པར་གཞིགས་ན། མིག་སྔར་འཁོར་ཆགས་གྲོང་ཚོར་འཁོར་ཆགས་ཀྱི་རྒྱན་གོས་ཆ་ཚང་8ཉར་ཚགས་བྱས་ཡོད་པ་དང་། དེ་དག་ལས་བུད་མེད་ཀྱི“རྨ་བྱའི་རྒྱན་གོས”ནི་རིན་ཐང་ཆེ་ཤོས་རེད། རྒྱན་གོས་དེར་རིན་ཐང་སྒོར་ཁྲི་བཅུ་ཕྲག་ཁ་ཤས་དང་ཐ་ན་སྒོར་ཁྲི་བརྒྱ་ཕྲག་ཁ་ཤས་གནས་པའི་རྒྱུ་མཚན་གཙོ་བོ་ནི་དེ་དག་ཕལ་ཆེ་བ་གསེར་དང་། དངུལ། གཡུ། མཆོང་། བྱུ་རུ། སྤོས་ཤེལ། མུ་ཏིག་སོགས་ནོར་བུའི་རིགས་ཆས་ཀྱིས་བརྒྱན་པས་རེད། རྒྱན་གོས་དེ་དག་ལ་ལོ་ངོ་སྟོང་ཕྲག་མང་པོའི་རིག་གནས་འདུས་ཡོད།
            དུས་ཐུང་གི་འཁོར་ཆགས་ཀྱི“རྒྱན་གོས་ལྟ་སྦྱོང”མཇུག་འགྲིལ་རྗེས་པ་སངས་དངོས་གྲུབ་ཀྱིས་རྒྱུན་གོས་བརྗེས་པ་དང་། ང་ཚོ་ཁོང་གི་སྒེར་འཁོར་ལ་བསྡད་དེ་ཁོང་གི་ཁྱིམ་དུ་བསྐྱོད་པ་ཡིན། ཁོང་གི་ཁྱིམ་ནི་འཁོར་ཆགས་གྲོང་ཚོའི་ཁང་པ་གཞན་དག་དང་འདྲ་བར་ཁང་པ་གྲུ་བཞི་དཀར་པོ་ཉིས་ཐོག་ཅིག་ཡོད་པ་དེ་ཕྱི་ནས་བལྟས་ན་བཟོ་ལྟ་དོད་ལ་ཐོག་ཁའི་ཁང་པའི་སྒེའུ་ཁུང་ལ་ཕྲ་མ་མང་པོ་འདུག དེ་དག་ལས་བཀྲག་མདངས་འཚེར་ཤོས་ནི་ཨ་སྔོན་སྤྲིན་དཀར་འོག་ཏུ་ཐོག་ཁར་ལྷབ་ལྷུབ་ཏུ་གཡོ་བའི་དར་དམར་རེད།
            ང་ཚོ་ཤིང་སྐས་འཛེགས་ནས་ཉིས་ཐོག་གི་ཚོམས་ཆེན་དུ་བསྡད་པ་དང་། པ་སངས་དངོས་གྲུབ་ཀྱིས་སྔོན་ལ་ཆ་སྒམ་ནས་རྩོམ་སྒྲིག་པར་འདེབས་བྱས་ཀྱང་ད་དུང་དཔེ་སྐྲུན་བྱས་མེད་པའི་བོད་ཡིག་དེབ་ཅིག་བཏོན་བྱུང་། དེབ་འདི་ནི་འཁོར་ཆགས་ཀྱི་ལོ་རྒྱུས་ཤོད་རྒྱུན་དང་། དམངས་སྲོལ་གོམས་གཤིས། གླུ་གར་གྱོན་ཆས་སོགས་ཀྱི་ནང་དོན་བྲིས་པའི་དེབ་ཅིག་རེད་འདུག
            པ་སངས་དངོས་གྲུབ་ལ་མཚོན་ན། དེ་ནི་ཁོང་གིས་ལོ་མང་དཀའ་ལས་བརྒྱབ་པའི་འབྲས་བུ་ཞིག་རེད། དེ་ཡང་དེབ་དེ་ནི་ལོ་འགའ་ཤས་གོང་ཁོང་དང་ལོ་རྒྱུས་ལ་རྒྱུས་མངའ་ཅུང་ཟད་ཡོད་པ་དང་རིག་གནས་ཏོག་ཙམ་ཤེས་མཁན་གྲོང་ཚོའི་ལས་བྱེད་པ་དང་གྲོང་མིས་གླུ་གར་ལ་མཁས་པ་དང་དམངས་སྲོལ་ལོ་རྒྱུས་ཤོད་ཤེས་མཁན་གྲོང་ཚོའི་རྒན་གྲས་བཙལ་ཏེ། ཟིན་བྲིས་དང་། སྒྲ་ཕབ། བརྙན་ལམ་སོགས་ཀྱིས་དུས་ཚོད་མང་པོ་སྤྱད་ནས་ལེགས་སྒྲིག་བྱས་པ་ཞིག་རེད།
            པ་སངས་དངོས་གྲུབ་ཀྱིས་བཤད་པའི་སྐད་ཆ་ཉན་སྐབས་ད་ཆ་ཁོང་སེམས་ལྷོད་ལ་བབས་ཡོད་ཅིང་། “དོན་དག་འདིར་ངར་ལོ་མང་སེམས་ཁྲལ་ཆེན་པོ་བྱུང་། ད་ཆ་དེབ་བཏོན་ཐུབ་པས་དཀའ་ལས་བརྒྱབ་རིན་ཆོག་སོང”ཞེས་ཁོང་གིས་བཤད་བྱུང་།
            པ་སངས་དངོས་གྲུབ་ལ་ད་བར་སེམས་ཁྲལ་ཆེ་ཤོས་ནི་འཁོར་ཆགས་གྲོང་ཚོའི་ལོ་རྒྱུས་དང་། གླུ་གར། དམངས་སྲོལ་བཅས་ཤེས་པའི་བགྲེས་སོང་སྔ་རྗེས་སུ་ཚེ་ལས་འདས་པ་དེ་རེད། ད་ཆ་པ་སངས་དངོས་གྲུབ་ཀྱིས་སེམས་པ་ལྷོད་ལ་བབས་ནས“འཁོར་ཆགས་ཀྱི་ལོ་རྒྱུས་རིག་གནས་ནི་གཏིང་ཟབ་ལ་དམིགས་བསལ་གྱི་ཁྱད་ཆོས་ལྡན་པས། ང་ཚོ་རྗེས་རབས་པ་ཚོས་ལོ་རྒྱུས་དེ་དག་ཤེས་རྟོགས་དང་བློ་ལ་བརྟན་པོར་ངེས་དགོས་ལ་དེ་བས་ཀྱང་རྒྱུན་འཛིན་བྱེད་དགོས”ཞེས་ཁོང་གིས་བཤད་བྱུང་།
            གྲོང་ཚོའི་རིག་གནས་སྲུང་སྐྱོང་ལ་ཧ་ཅང་དགའ་པོ་ཡོད་པ་ཕུད། པ་སངས་དངོས་གྲུབ་ཀྱིས་ད་དུང་སྐབས་གསར་པའི་གྲོང་ཚོའི“ཨུ་ལྷན་གཉིས”ཀྱི་ཚན་ཁག་དང་མཉམ་དུ་ཐབས་བརྒྱ་ཇུས་སྟོང་ངང་འཁོར་ཆགས་གྲོང་ཚོའི་གྲོང་མི་ཚོར་འཚོ་བ་དེ་བས་བདེ་སྐྱིད་ལྡན་པ་སྐྱེལ་རྒྱུ་ཡོང་བར་འབད་བཞིན་ཡོད། འཁོར་ཆགས་གྲོང་ཚོར་དབུལ་སྐྱོར་སྤོས་བཟོ་གྲྭ་དང་། ཞིང་པའི་ཨར་ལས་རུ་ཁག བུད་མེད་མཉམ་ལས་ཁང་བཅས་གྲོང་ཚོ་རིམ་པའི་མཉམ་སྡེབ་དཔལ་འབྱོར་3ཡོད་ཅིང་། གྲོང་ཚོ་དེ་ཡོངས་ཀྱི་མི་689དེ་དག་ནང་ཞུགས་ཡོད།
            “གྲོང་ཚོའི་དུད་ཚང་ཚང་མས་འབྲས་ཤིང་བཏབ་ཡོད། མིག་སྔར་འཁོར་ཆགས་གྲོང་ཚོས་མི་ཕྱུགས་ལོགས་དབྱེའི་གྲོང་ཚོ་བསྐྲུན་རྒྱུར་སྐུལ་འདེད་གཏོང་བཞིན་ཡོད། འབྱུང་འགྱུར་འཁོར་ཆགས་དེ་བས་མཛེས་སྡུག་ལྡན་པ་ཞིག་ཡོང་ངེས་ཡིན”ཞེས་པ་སངས་དངོས་གྲུབ་ཀྱིས་ཡིད་ཆེས་ཆེན་པོས་བཤད་བྱུང་། 

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1