༄༅།།བོད་མི་དམངས་ཀྱི་བདེ་ཐང་དང་བདེ་སྐྱིད་ཀྱི་ཆེད་དུ།

རྩོམ་པ་པོ། མི་གསལ། རྩོམ་སྒྲིག་པ།དབང་ཆེན།ཡོང་ཁུངས།ཀྲུང་གོའི་བོད་ལྗོངས་དྲ་བ། སྤེལ་དུས། 09-27


 སྨན་བཅོས་ཤེས་ལྡན་པའི“ཚོགས་སྒྲིག་རྣམ་པའི”བོད་སྐྱོར་བྱས་ནས་ས་མཐོའི་སྨན་བཅོས་ལ་རྣམ་པ་གསར་པ་བཏོད་པ།
           བོད་ཀྱི་སྨན་བཅོས་འཕྲོད་བསྟེན་བྱ་གཞག་འཕེལ་རྒྱས་ཀྱི་འཇུར་མིག་སེལ་རྒྱུ་དང་ལྷག་པར་དུ“1+7”གྱི་སྨན་ཁང(བོད་རང་སྐྱོང་ལྗོངས་མི་དམངས་སྨན་ཁང་དང་ས་གནས་དང་གྲོང་ཁྱེར་གྱི་མི་དམངས་སྨན་ཁང་7)འཕེལ་རྒྱས་ཀྱི་དཀའ་གནད་སེལ་ཆེད། 2015ལོའི་ཟླ་8པར་ཀྲུང་དབྱང་རྩ་འཛུགས་པུའུ་དང་རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱིས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀོད་སྒྲིག་གཞིར་བཟུང་། མི་དམངས་ཀྱི་བདེ་ཐང་ལྟེ་བར་འཛིན་རྒྱུ་མཐའ་འཁྱོངས་དང་། མི་དམངས་ཀྱི་བདེ་ཐང་ལ་དམིགས་ནས་ཚན་རིག་དང་མཐུན་པའི་ཇུས་འགོད་དང་གནད་སྨིན་གྱི་བྱ་ཐབས་བཏོན་ནས། ཡུལ་དུས་དང་བསྟུན་ནས་སྨན་བཅོས་ཤེས་ལྡན་པའི“ཚོགས་སྒྲིག་རྣམ་པའི”བོད་སྐྱོར་ལས་དོན་སྤེལ་ཏེ་ཞིང་ཆེན་དང་གྲོང་ཁྱེར་རེས་ས་ཁུལ་དང་གྲོང་ཁྱེར་གྱི་སྨན་ཁང་རེ་རོགས་སྐྲུན་གྱི་འགན་འཁུར་རྒྱུ་མཐའ་འཁྱོངས་ཀྱི་རྨང་གཞིའི་ཐོག་ཞིང་ཆེན་དང་གྲོང་ཁྱེར་7གྱི་སྨན་ཁང་93གྱིས་རང་ལྗོངས་ཀྱི“1+7”གྱི་སྨན་ཁང་ལ་ཁ་གཏད་རོགས་སྐྱོར་གྱི་ལས་ཀའི་བསམ་ཕྱོགས་ཞིབ་ཕྲ་ལག་བསྟར་བྱེད་དགོས་པ་བཏོན་ཡོད།
          འབྲེལ་ཟམ་བཙུགས་ནས“གཞན་རྟེན”ནས“རང་རྟེན”དུ་འགྱུར་བར་བྱས་པ།
          བོད་རང་སྐྱོང་ལྗོངས་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱི་ཏང་ཙུའི་ཧྲུའུ་ཅི་གཞོན་པ་ཀྲུའུ་རེན་སྐལ་བཟང་གཡུ་སྒྲོན་གྱིས“སྨན་བཅོས་ཤེས་ལྡན་པའི‘ཚོགས་སྒྲིག་རྣམ་པའི’བོད་སྐྱོར་ནི་བོད་ཀྱི་འཕྲོད་བསྟེན་བདེ་ཐང་བྱ་གཞག་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་ཡོང་བའི་བྱ་ཐབས་གལ་ཆེན་ཞིག་ཡིན”སྨན་བཅོས་ཤེས་ལྡན་པའི“ཚོགས་སྒྲིག་རྣམ་པའི”བོད་སྐྱོར་ལས་དོན་སྤེལ་བ་ནས་བཟུང་། ཀྲུང་དབྱང་རྩ་འཛུགས་པུའུ་དང་། རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན། ཁ་གཏད་རོགས་སྐྱོར་བྱེད་མཁན་ཞིང་ཆེན་དང་གྲོང་ཁྱེར་བཅས་ཀྱིས་སྨན་བཅོས་ཤེས་ལྡན་པའི“ཚོགས་སྒྲིག་རྣམ་པའི”བོད་སྐྱོར་ལས་དོན་དེ་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ཏུ་བརྩིས་ནས་སྨན་ཁང་ཡག་ཤོས་དང་། དཔུང་ཁག་ཡག་ཤོས། སྨན་པ་ཡག་ཤོས་བཅས་འདེམས་རྒྱུ་མཐའ་འཁྱོངས་བྱས་ཏེ་ལོ་5ཡི་རིང་རིགས་གཅིག་མཁས་ཅན་ཁྱོན་1048འདེམས་གཏོང་བྱས་ཏེ་བོད་ཀྱི་སྨན་ཁང“1+7”ལ་རོགས་སྐྱོར་གང་ཐུབ་ཅི་ཐུབ་དང་རྒྱལ་ཡོངས་ཀྱི་རིམ་གསུམ་སྨན་ཁང་གིས་རྫོང་དང་ས་ཁུལ་74ཚང་མར་ཁ་གཏད་རོགས་སྐྱོར་བྱས་པས་ནད་གཞི་ལྕི་བའི་ནད་པ་མྱུར་སྐྱོབ་ཐུབ་ཚད་90.15%ཟིན་ནས་ལྗོངས་ཡོངས་ཀྱི་རིམ་པ་གསུམ་པའི་གཞུང་བཙུགས་སྨན་ཁང་གི་སྨན་བཅོས་ཞབས་ཞུའི་ལག་རྩལ་ཡར་རྒྱས་འགྲོ་ཚད་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་སླེབས་ཡོད།
          ལོ་5ཡི་རིང་སྨན་བཅོས་ཤེས་ལྡན་པའི“ཚོགས་སྒྲིག་རྣམ་པའི”བོད་སྐྱོར་ལས་དོན་གྱི་གཙོ་གནད་དེ་ཤེས་ལྡན་པ་གསོ་སྐྱོང་དང་། ནུས་པ་ཆེར་གཏོང་། ཚན་ཁག་སྟོབས་ཆེར་གཏོང་བ། ནུས་པ་ལེགས་སྒྲིག་སོགས་ཀྱི་ཐད་ཐབས་དང་ཇུས་བཏོན་པ་མ་ཟད། བློ་ཁོག་ཆེན་པོས“སྨན་ཁང་ལ་བརྟེན་ནས་ཚན་ཁག་འགན་གཙང་ལེན་པ”དང“དགེ་རྒན་གྱིས་དགེ་ཕྲུག་འཁྲིད་པ”སོགས་ཀྱི་ལས་དོན་གྱི་བྱ་ཐབས་བཏོན་ཏེ“ཕྱོགས་རྐྱང་པའི་ལས་དོན་བསྒྲུབས་ཚུལ”ནས“མཉམ་དུ་ལས་དོན་བསྒྲུབས་ཚུལ”བར་དང“གཞན་རྟེན”ནས“རང་རྟེན”བར་འགྱུར་ལྡོག་བྱུང་བ་དེས། ནང་སའི་སྔོན་ཐོན་གྱི་སྨན་བཅོས་ལག་རྩལ་ཆུ་ཚད་དང་ཤེས་ལྡན་པ་གསོ་སྐྱོང་གི་འདུ་ཤེས་བོད་དང་སྨན་ཁང་དུ་སྔར་བས་ཁྱབ་ཐུབ་པ་བྱུང་སྟེ་རང་ལྗོངས་ཀྱི“1+7”སྨན་ཁང་གི་སྨན་བཅོས་ལག་རྩལ་གྱི་ཆུ་ཚད་དང་ནུས་པ་ཕྱོགས་ཡོངས་ནས་མཐོ་རུ་ཕྱིན་པ་དང་། བོད་ཀྱི“1+7”གྱི་སྨན་ཁང་དང་ནང་སའི་སྨན་ཁང་དབར་ཐུན་མོང་ཐོག་འཛུགས་སྐྲུན་འཕེལ་རྒྱས་ཡོང་བར་བྱེད་པའི་འབྲེལ་ཟམ་ཡང་བསྐྲུན་ཐུབ་པ་བྱུང་ནས་ལྗོངས་ཡོངས་ཀྱི་སྨན་བཅོས་འཕྲོད་བསྟེན་བདེ་ཐང་བྱ་གཞག་ལ་ཚད་བརྒལ་རང་བཞིན་གྱི་ཡར་རྒྱས་དང་གྲུབ་འབྲས་ཐོབ་ཡོད།
          བྱེད་སྟངས་གསར་གཏོད་བྱས་ནས་འགག་སྒྲོལ་དཀའ་སེལ་བྱས་པ།
          “སྨན་ཁང་ལ་བརྟེན་ནས་ཚན་ཁག་འགན་གཙང་ལེན་པ”ནི་སྨན་བཅོས་ཤེས་ལྡན་པའི“ཚོགས་སྒྲིག་རྣམ་པའི”བོད་སྐྱོར་ལས་དོན་གྱི་བཀྲག་མདངས་འཚེར་ས་ཆེ་ཤོས་ཀྱི་ལས་དོན་གསར་གཏོད་ཀྱི་བྱ་ཐབས་ཤིག་རེད། ལོ་5ཡི་རིང་། རྒྱལ་ཡོངས་ཀྱི་རོགས་སྐྱོར་བྱེད་མཁན་སྨན་ཁང་93གྱིས་དོ་དམ་གྱི་ཉམས་མྱོང་ཕུན་སུམ་ཚོགས་པ་དང་སྨན་བཅོས་ལག་རྩལ་བྱང་ཆུབ་པའི་མི་སྣ་འདེམས་གཏོང་བྱས་ཏེ“1+7”སྨན་ཁང་གི་འགོ་ཁྲིད་དང་གཙོ་གནད་ཚན་ཁག་གི་ཀྲུའུ་རེན་སོགས་ཀྱི་ལས་འགན་འཁུར་དུ་བཅུག་པ་དང་སྦྲགས་ལྗོངས་ཡོངས་ཀྱི་ནད་གཞིའི་གནས་ཚུལ་དང་ཟུང་འབྲེལ་བྱས་ཏེ། སྙིང་དང་ཁྲག་རྩའི་ཁོག་ནད་ཚན་ཁག་དང་། བུད་མེད་དང་བུ་བཙའི་ཚན་ཁག བྱིས་པའི་ཚན་ཁག རུས་ནད་ཚན་ཁག་སོགས་ས་མཐོའི་ཁྱད་ཆོས་ལྡན་ལ་མང་ཚོགས་ཀྱི་སྨན་བཅོས་དགོས་མཁོ་དང་ཡང་འཚམ་པའི་ཚན་ཁག་119གཙོ་གནད་དུ་བསྐྲུན་པས་བོད་ལ་ནད་ཆེན་དང་ནད་འབྲིང་ངོ་བོ་འདྲ་མཚུངས་སྨན་བཅོས་བྱེད་དཀའ་བའི་དཀའ་ངལ་བསལ་ཡོད།
         དུས་མཚུངས་སུ“ཚོགས་སྒྲིག་རྣམ་པའི”བོད་སྐྱོར་རིགས་གཅིག་མཁས་ཅན་གྱིས“ཚན་ཁག་འགན་གཙང་ལེན་པའི”སྨན་ཁང་གི་ཐོན་ཁུངས་དང་ལག་རྩལ་གྱི་ལེགས་ཆ་གང་ལེགས་བེད་སྤྱད་དེ། ནང་སའི་སྔོན་ཐོན་གྱི་ཉམས་མྱོང་དང་ལག་རྩལ་གྱི་གྲུབ་འབྲས་1169རོགས་སྐྱོར་བྱ་ཡུལ་སྨན་ཁང་དུ་ཁྱབ་སྤེལ་བཏང་ནས་ལག་རྩལ་གྱི་དཀའ་གནད་1742ཐག་གཅོད་ཐུབ་པ་མ་ཟད། ས་གནས་དེ་གའི་མིས་རྒྱལ་ཁབ་རིམ་པ་དང་རང་སྐྱོང་ལྗོངས་རིམ་པའི་ཚན་ཞིབ་རྣམ་གྲངས་275རེ་ཞུ་བྱ་རྒྱུར་སྣེ་ཁྲིད་བྱས་པར་རྣམ་གྲངས་275བདེ་བླག་ངང་བཙུགས་ཐུབ་སྟེ་ས་ཁོངས་ནང་གི་སྨན་བཅོས་ལག་རྩལ་གྱི་སྟོང་ཆ་1718གསབ་ཐུབ་པ་བྱུང་བས། སྨན་བཅོས་དང་། སློབ་གསོ། ཞིབ་འཇུག དོ་དམ་བཅས་མཉམ་དུ་ཡར་རྒྱས་བྱུང་ཡོད། ནད་ཐོག་གསོ་རིག་ནད་དཔྱད་ལྟེ་གནས་45འཛུགས་རྒྱུར་རྒྱབ་སྐྱོར་བྱས་པ་དང་འབྲེལ་རྒྱང་ཁྲིད་སྨན་བཅོས་ཀྱང་བྱས་པས་རང་ལྗོངས་ཀྱི་སྨན་བཅོས་ལག་རྩལ་གྱི་ཆུ་ཚད་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་བྱུང་ཡོད།
          བརྒྱུད་རོགས་ཁྲིད་གསུམ་ཧུར་ཐག་བྱས་ཏེ་ས་གནས་དེ་གའི་ཤེས་ལྡན་པ་གསོ་སྐྱོང་བྱས་པ།
          “གཏན་འཇགས་ཀྱི་སྨན་བཅོས་དཔུང་ཁག”ཅིག་འཛུགས་རྒྱུ་ནི“ཚོགས་སྒྲིག་རྣམ་པའི”བོད་སྐྱོར་ལས་དོན་གྱི་འགོ་འཛུགས་ས་དང་དོན་ལ་འབབ་ས་ཞིག་རེད། ལོ་5ཡི་རིང་། བོད་སྐྱོར་སྨན་བཅོས་རིགས་གཅིག་མཁས་ཅན་གྱིས“1+7”སྨན་ཁང་གི་སྨན་བཅོས་ཚོགས་པ་877ལ་བརྒྱུད་རོགས་ཁྲིད་གསུམ་བྱས་ནས་ས་གནས་དེ་གའི་སྨན་དོན་པ་3532དང་སྨན་ཁང་དེ་གའི་སྨན་བཅོས་རྐང་འཛིན་པ་2027གསོ་སྐྱོང་བྱས་ནས་རྫོང་རིམ་པའི་སྨན་ཁང་གི་སྨན་བཅོས་རྐང་འཛིན་པ་2365ལ་ཁྱབ་འགྱེད་སྐུལ་ཁྲིད་དང་མི་1178ལ་གོ་གནས་དང་གོ་མིང་སྤོར་རོགས་བྱས་ཡོད། ས་གནས་དེ་གའི་སྨན་དོན་པ་དང་གསར་དུ་ལས་ཀར་ཞུགས་པའི་སྨན་པ་1638ཁ་གཏད་རོགས་སྐྱོར་སྨན་ཁང་གི་ལས་གནས་གསོ་སྦྱོང་དང་ལས་སྒོ་ཟབ་སྦྱོང་ནང་འདེམས་གཏོང་བྱས་པ་མ་ཟད། སྲིད་འཛིན་ལས་དོན་གྱི་ལས་བྱེད་པ་23ཁ་གཏད་རོགས་སྐྱོར་ཞིང་ཆེན་དང་གྲོང་ཁྱེར་དུ་གནས་སྦྱར་སྦྱོང་བརྡར་བྱེད་པར་འདེམས་གཏོང་བྱས་ནས་སྨན་བཅོས་སྒྲིག་གཞིར“གཏན་འཇགས་ཀྱི་སྨན་བཅོས་དཔུང་ཁག”ཅིག་ཆགས་རྒྱུར་རམ་འདེགས་བྱས་ཡོད།
          “ཚོགས་སྒྲིག་རྣམ་པའི”བོད་སྐྱོར་ལས་དོན་གྱི་སྟོབས་ཤུགས་ལ་བརྟེན་ནས་བོད་ཀྱི“1+7”སྨན་ཁང་གི་ནད་གཞི་ལྕི་བ་དང་ཚབས་ཆེ་བ་སྨན་བཅོས་རོགས་སྐྱོབ་བྱེད་པའི་མ་ལག་སྔར་བས་འཐུས་སྒོ་ཚང་དུ་དང་སྨན་བཅོས་ཞབས་ཞུའི་ནུས་པ་དང་དོ་དམ་གྱི་ཆུ་ཚད་མུ་མཐུད་མཐོ་རུ་བཏང་བས། སྨན་བཅོས་རྐང་འཛིན་ཤེས་ལྡན་པའི་དཔུང་ཁག་ལེགས་སུ་དང་སྟོབས་ཆེར་ཕྱིན་ཞིང་། ལྷ་ས་དང་། ལྷོ་ཁ། གཞིས་རྩེ། ཉིང་ཁྲི། ཆབ་མདོ། ནག་ཆུ་བཅས་ཀྱི་གྲོང་ཁྱེར་མི་དམངས་སྨན་ཁང་ལ“ཀ་པ་རིམ་པ་གསུམ་པའི”ཕྱོགས་བསྡུས་སྨན་ཁང་སྔ་རྗེས་སུ་བཙུགས་པ་མ་ཟད། མངའ་རིས་ས་ཁུལ་མི་དམངས་སྨན་ཁང་གིས་ཀྱང“ཁ་པ་རིམ་པ་གསུམ་པའི”ཕྱོགས་བསྡུས་སྨན་ཁང་ཡང་བཙུགས་ནས་ལྗོངས་ཡོངས་ཀྱི་གྲོང་ཁྱེར་དང་ས་ཁུལ་བདུན་གྱི་སྨན་བཅོས་རོགས་སྐྱོབ་ཀྱི་དྲ་བ་ཞིག་ཆགས་བཞིན་ཡོད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1