གསར་འགོད་པས་ཕྱག་ཕྲེང་རྫོང་ནས་ཤེས་རྟོགས་བྱུང་བར་གཞིགས་ན། ཀྲུང་གོའི་དམངས་ཁྲོད་རིག་རྩལ་མཁས་ཅན་མཐུན་ཚོགས་ཀྱིས་རྟོག་ཞིབ་དང་རིགས་པས་ཁུངས་སྐྱེལ་བྱས་པ་བརྒྱུད། དངོས་སུ་ཡིག་ཆ་སྤྱི་བསྒྲགས་བྱས་ནས་དཀར་མཛེས་ཁུལ་ཕྱག་ཕྲེང་རྫོང་ལ་“ཀྲུང་གོའི་བོད་ཁང་དཀར་པོའི་རིག་གནས་ཀྱི་ཕ་ས”ཞེས་མིང་བྱང་བསྩལ་བ་རེད།
མིང་བཏགས་པའི་གཏན་འབེབས་ནང་ཕྱག་ཕྲེང་རྫོང་ནི་སི་ཁྲོན་དང་། ཡུན་ནན། བོད་ལྗོངས་བཅས་ཞིང་ཆེན་གསུམ་འབྲེལ་མཚམས་སུ་གནས་པ་དང་། ཇ་རྟའི་གནའ་ལམ་གྱི་ས་ཚིགས་གལ་ཆེན་དང་སེམས་ཀྱི་ཉི་ཟླའི་རིག་གནས་སྣོད་བཅུད་ཁུལ་གྱི་ལྟེ་བའི་ས་ཁོངས་ཤིག་རེད། བོད་ཁང་དཀར་པོ་ནི་ཕྱག་ཕྲེང་གྲོང་གསེབ་བཅས་ཀྱི་རིག་གནས་ཀྱི་མཚོན་རྟགས་གལ་ཆེན་ཞིག་དང་། བོད་མིའི་མི་རབས་ནས་མི་རབས་བར་གྱི་འཚོ་སྡོད་བྱེད་སྟངས་ཀྱི་དཔེ་མཚོན། ཕྱག་ཕྲེང་དམངས་ཁྲོད་རིག་རྩལ་གྱི་གཞི་རྟེན་གལ་ཆེན་དང་སྙིང་བཅུད་གཅིག་སྡུད་བྱེད་མཁན་བཅས་རེད།