སྤྱི་ཟླ་9པའི་ཚེས་26ཉིན། དཀར་མཛེས་ཁུལ་དར་མདོ་གྲོང་ཁྱེར་རྡོ་ར་དཀར་མོའི་འབྱུང་ཁམས་རིག་གནས་ཡུལ་སྐོར་ཐོན་ལས་གླིང་ལ་རྒྱལ་ཁབ་རིམ་པའི་Aགསུམ་རིམ་པའི་མཛེས་ལྗོངས་ཁུལ་གྱི་སྒོ་བྱང་འགེལ་བ་དང་། འབྱུང་ཁམས་རིག་གནས་ཡུལ་སྐོར་ཐོན་ལས་གླིང་སྒོ་འབྱེད་པའི་མཛད་སྒོ་འཚོགས་ཡོད།
དེ་ནི་དཀར་མཛེས་ཁུལ་དང་དར་མདོ་གྲོང་ཁྱེར་གྱིས་རྒྱལ་ཁབ་རིམ་པའི་ས་ཁོངས་ཧྲིལ་པོའི་ཡུལ་སྐོར་དཔེ་སྟོན་ཁུལ་ཞིག་འཛུགས་རྒྱུ་དང་ཆུ་ཚོད་གཉིས་ཀྱི་རིང་ལ་གངས་དཀར་རི་བོ་བསྐོར་བའི་ཡུལ་སྐོར་དཔལ་འབྱོར་ཁུལ་གཏོད་པའི་བྱ་ཐབས་གསར་པའི་གྲས་ཤིག་རེད། དེའི་ཐོག་ནས་ས་གནས་དེ་གའི་ཡུལ་སྐོར་ཕྱོགས་བསྡུས་ཞབས་ཞུའི་ས་ཚིགས་འཛུགས་སྐྲུན་བྱ་རྒྱུ་དེ་ལྗོངས་ཁུལ་ཅན་དང་། སྤུས་ལེགས་ཅན། ཚད་ལྡན་ཅན་བཅས་ཀྱི་དུས་མཚམས་གསར་པར་སླེབས་པ་མཚོན་ཡོད།
སི་ཁྲོན་ཞིང་ཆེན་སྲིད་གྲོས་དང་། སི་ཁྲོན་ཞིང་ཨུད་འཐབ་ཕྱོགས་གཅིག་གྱུར་པུའུ། སི་ཁྲོན་ཞིང་ཆེན་སྤྱི་ཚོགས་རིང་ལུགས་སློབ་གླིང་། དཀར་མཛེས་ཁུལ་ཨུད་དང་། ཁུལ་སྲིད་གཞུང་། ཁུལ་སྲིད་གྲོས། སི་ཁྲོན་ཞིང་ཆེན་རིག་གནས་དང་ཡུལ་སྐོར་ཐིང་། དཀར་མཛེས་ཁུལ་རིག་གནས་རླུང་འཕྲིན་བརྙན་འཕྲིན་ཁང་། ཡུལ་སྐོར་ཅུས་སོགས་ཚན་པའི་འགོ་ཁྲིད་དང་དེ་བཞིན་འབྲེལ་ཡོད་འགན་འཁུར་བ་འགོ་ཚུགས་མཛད་སྒོར་ཞུགས་ཡོད་པ་རེད།
རྡོ་ར་དཀར་མོའི་འབྱུང་ཁམས་རིག་གནས་ཡུལ་སྐོར་ཐོན་ལས་གླིང་ནི་ཀྲུང་གོའི་ཡུལ་སྐོར་ལམ་ཆེན་G318དང་G317འབྲེལ་མཚམས་སུ་ཆགས་ཡོད་པ་དང་། དར་མདོའི་གནམ་ཐང་དང་བར་ཐག་ཉེ་བ་དང་། ལྷ་སྒང་རྩྭ་ཐང་གི་ཉེ་འཁོར་དུ་གནས་པ། ཉེ་འཁོར་དུ་དར་གོས་ལམ་བུའི་ལྷོ་ལམ་སྟེ་ཁྲོད་བོད་གཞུང་ལམ་གྱི་དཀར་མཛེས་དུམ་བུ་དང་། དར་མདོའི་མཛའ་གཞས་ཀྱི་ཕ་ཡུལ། ཀྲུང་གོའི་དོམ་ཁྲའི་ལམ་ཆེན། ཀྲུང་གོའི་གནའ་བོའི་ལི་ཤིང་མེ་ཏོག་གི་ལམ་ཆེན་སོགས་གྲགས་ཅན་ཡུལ་སྐོར་ལམ་ཐིག་དང་། མི་རྒོད་མཚོ་དང་། བཞག་བྲག་གངས་དཀར། མཛེས་མའི་ལུང་པ་རོང་བྲག གསེག་མ་གླིང་ག་སོགས་གྲགས་ཅན་ཡུལ་སྐོར་མཛེས་ལྗོངས་ཁུལ་གནས་ཡོད་པ་མ་ཟད། འགྲིམ་འགྲུལ་ཡང་ཧ་ཅང་སྟབས་བདེ་པོ་ཡོད།
ཉེ་བའི་ལོ་ཤས་རིང་། དཀར་མཛེས་ཁུལ་དང་དར་མདོ་གྲོང་ཁྱེར་གྱིས་ཕྱོགས་གཅིག་ནས་ས་ཁོངས་ཧྲིལ་པོར་ཁྱབ་པའི་ཡུལ་སྐོར་མཛེས་ལྗོངས་ཁུལ་གནས་སྟངས་ཤིག་གྲུབ་པ་བྱེད་བཞིན་ཡོད་པ་དང་། ཕྱོགས་གཞན་ཞིག་ནས་འབྱུང་ཁམས་ཡུལ་སྐོར་རིག་གནས་ཐོན་ལས་གསོ་སྤེལ་བྱས་ཏེ། འབྱུང་ཁམས་ལྟ་སྐོར་+རིག་གནས་འཚོལ་ཞིབ་+ཆུ་ཚན་ཁང་ལུས་གསོ་+མངོན་མིན་རིག་གནས་ཤུལ་བཞག་ལས་ལུས་གསོ་+ཁྱད་ལྡན་དམངས་ཁྲོད་ཞག་སྡོད་+དམངས་སྲོལ་མྱོང་ཚོར+ཡུལ་སྐོར་ས་ཚིགས་སོགས་ནུས་པ་བདུན་གཅིག་ཏུ་འདུས་པའི་ལྟེ་བའི་རང་བཞིན་གྱི་ཡུལ་སྐོར་ཞབས་ཞུའི་ས་ཚིགས་ཤིག་ཧུར་ཐག་ངང་སྐྲུན་བཞིན་ཡོད། རྡོ་ར་དཀར་མོའི་འབྱུང་ཁམས་རིག་གནས་ཡུལ་སྐོར་ཐོན་ལས་གླིང་ནི་དེའི་ཁྲོད་ཀྱི་སྔོན་སྐྱོད་པའི་གྲས་ཤིག་ཡིན་པ་དང་། ཁྲོན་བོད་ཡུལ་སྐོར་གྱི་ཕྱོགས་བསྡུས་ཞབས་ཞུ་བྱ་ཡུལ་ས་ཚིགས་ཤིག་དང་། མི་ཉག་རིག་གནས་འཚོལ་ཞིབ་གཏིང་ཟབ་བྱ་ཡུལ་ལ་འགྱུར་བ་བྱ་རྒྱུ་ཡིན་པ་རེད།