༄༅།། བྱིས་སྐྱོང་སློབ་གསོ་དང་སློབ་ཆུང་སློབ་གསོའི་འབྲེལ་མཐུད་སྐོར་རགས་ཙམ་གླེང་བ།

བཀྲ་ཤིས་མཚོ་མོ། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མཚོ་སྔོན་བོད་ཡིག་གསར་འགྱུར། སྤེལ་དུས། 09-29



ཞིན་ཧེ་རྗོང་མཁར་བྱང་བྱིས་སྐྱོང་ཁང་། བཀྲ་ཤིས་མཚོ་མོ།
        བྱིས་སྐྱོང་སློབ་གསོ་དང་སློབ་ཆུང་གི་སློབ་གསོའི་བར་དམིགས་ཡུལ་དང་། ལས་འགན། ནང་དོན། རྣམ་པ་དང་བྱེད་ཐབས་སོགས་གང་ཐད་ནས་ཁྱད་པར་མངོན་གསལ་ཞིག་ཡོད། དེའི་རྐྱེན་གྱིས་བྱིས་སྐྱོང་ཁང་ནས་སློབ་ཆུང་དུ་བརྒལ་བའི་བར་དུ་སློབ་གསོའི་ཆད་ལྷག་ཤོར་བ་ལྟར། དེ་གཉིས་ཕན་ཚུན་ཁ་བྲལ་བའི་སྣང་ཚུལ་མངོན་གསལ་དོད་པོ་ཐོན་ཡོད། བྱིས་པ་མང་པོ་ཞིག་ལ་བར་བརྒལ་གྱི་སློབ་ཆུང་གི་ཉམས་མྱོང་མེད་པའམ་ཡང་ན་བར་བརྒལ་གྱི་ཉམས་མྱོང་གྲ་སྒྲིག་ཡག་པོ་མ་བྱུང་བའི་གནས་ཚུལ་འོག་བྱིས་སྐྱོང་ཁང་ནས་མཐར་ཕྱིན་ཏེ་སློབ་ཆུང་དུ་ཞུགས་པ་རེད། འཚོ་བ་དང་སློབ་སྦྱོང་གི་ཁོར་ཡུག་གསར་པའི་ཁྲོད་དུ་ཁོ་ཚོས་སྔར་བརྒྱུད་མྱོང་མེད་པའི་ཕྱོགས་གང་ཅིའི་ཐད་ནས་ཡོང་བའི་གནོན་ཤུགས་ཆེན་པོ་འཕྲལ་མར་མྱོང་ཚོར་བྱས་པ་དང་།ཕྲུ་གུ་མང་པོའི་ལུས་སེམས་གཉིས་ཀར་འཚོ་བ་གསར་པ་དང་འཚམ་པར་དཀའ་ངལ་ཆེ་ཙམ་བྱུང་ཡོད། དེར་བརྟེན།དེང་སྐབས་ཀྱི་སློབ་གསོ་དང་སློབ་ཁྲིད་སྟེང་གི“ཁ་བྲལ་བ”ཡི་སྣང་ཚུལ་ལ་དམིགས་ནས། ཕན་ཚུན་བར་གྱི་འབྲེལ་གཏུག་དང་རྒྱུས་ལོན་ཇེ་དྲག་ཏུ་གཏོང་བ་དང་།ཕན་ཚུན་བར་གྱི་མཉམ་ལས་ལ་ཤུགས་སྣོན་བྱེད་པར་བྱིས་སྐྱོང་ཁང་གིས་གཤམ་གྱི་ཕྱོགས་འགའ་བསྒྲུབ་དགོས་ཏེ།
        དགེ་རྒན་ཕྱོགས་ཀྱི་ཚོགས་འདུ་དང་སློབ་སྦྱོང་གི་བྱེད་སྒོ་སྒྲིག་འཛུགས་བྱེད་སྐབས་ཐོག་མར་སློབ་ཆུང་གི་དགེ་རྒན་སྒྲིག་འཛུགས་བྱས་ནས་བྱིས་སྐྱོང་ཁང་གི་དགེ་རྒན་དང་བྱ་བའི་བཞུགས་མོལ་ཚོགས་འདུ་འཚོགས་དགོས། སློབ་ཆུང་དགེ་རྒན་གྱིས་བྱིས་སྐྱོང་ཁང་གི་དགེ་རྒན་གྱིས་གསོ་སྐྱོང་བྱས་པའི་ཕྲུ་གུར་དབྱེ་ཞིབ་དང་དཔྱད་འཇོག་བྱེད་པ་དང་དེ་བཞིན་ལེགས་སུ་གཏོང་བའི་བྱ་ཐབས་ནུས་ལྡན་སྤྱད་དེ་འཛིན་གྲྭའི“ཕྲུ་གུ་འབྲེལ་མཐུད”ཀྱི་ལས་དོན་ལ་བློ་སྒོ་དེ་བས་ཆེ་བ་འབྱེད་ཐུབ་པ་བྱེད་དགོས།
        བྱིས་སྐྱོང་ཁང་གི་དགེ་རྒན་གྱིས་ཀྱང་སློབ་ཆུང་གི་དགེ་རྒན་ལ་གནད་དོན་འགའ་བཏོན་ནས་སློབ་ཆུང་ཡང་བྱིས་སྐྱོང་ཁང་དུ་སྦྲེལ་ཐུབ་པར་བྱེད་པ་དང་། དེའི་རྗེས་སུ་འབྲེལ་ཡོད་དགེ་རྒན་སྒྲིག་འཛུགས་བྱས་ནས་སློབ་སྦྱོང་བྱས་ཏེ་དགེ་རྒན་གྱི་བསམ་བློའི་འདུ་ཤེས་ལ་ཤུགས་སྣོན་རྒྱག་དགོས། དཔེར་ན། བརྙན་ཕབ《སློབ་ཆུང་སློབ་མའི་བསྲུང་བྱ》ལ་ལྟ་བ། སློབ་ཆུང་དགེ་རྒན་གྱི་སློབ་ཁྲིད་ལ་ལྟ་བ། སློབ་ཆུང་དགེ་རྒན་ཡུལ་དངོས་ལ་གདན་དྲངས་ནས་མཛུབ་སྟོན་བྱེད་པ་སོགས་དང་། སློབ་ཆུང་གིས་སློབ་མའི་རེ་བ་དང་སློབ་ཆུང་གི་སློབ་སྦྱོང་གོམས་གཤིས་དང་རྒྱུན་སྲོལ་དང་ཕན་ཚུན་འབྲེལ་མཐུད་བྱས་ནས་སློབ་སྦྱོང་གི་གོམས་གཤིས་བཟང་པོ་སྐྱེད་སྲིང་བྱས་ཏེ། བྱིས་པའི་ཡང་དག་པའི་འདུག་སྟངས་དང་འབྲི་སྟངས་སོགས་གོམས་གཤིས་བཟང་པོ་ཆགས་པར་བྱེད་དགོས།
        འཚོ་བའི་ནུས་པའི་ཐད་གཙོ་བོ་བྱིས་སྐྱོང་ཁང་གི་འཛིན་གྲྭ་ཆེ་བའི་འཚོ་བའི་ནུས་པ་གསོ་སྐྱོང་བྱེད་རྒྱུར་ཤུགས་སྣོན་རྒྱག་དགོས། དཔེར་ན། དཔེ་ཁུག་འཁུར་བ་དང་། རང་གི་དངོས་རྫས་དོ་དམ་བྱེད་པ། དུས་ཐོག་ཏུ་གཉིད་པ། རང་མོས་ཀྱིས་བྱེད་སྒོ་སྤེལ་སྐབས་བྱིས་པ་ཀུན་དང་འགྲོགས་ནས་རྩེད་མོ་རྩེ་བ། བཀའ་བཀོད་ལ་མཉན་ནས་ལས་འགན་ལེགས་སྒྲུབ་བྱེད་པ། བྱིས་པས་རང་མགོ་ཐོན་པ། དུས་ཚོད་ཀྱི་བཀོད་སྒྲིག་དང་། ལས་འགན་གྱི་འདུ་ཤེས། གནད་དོན་ཐག་གཅོད་བྱེད་པའི་ནུས་པ།རང་ཚུགས་ཀྱི་འབྲེལ་གཏུག་བྱེད་ནུས། སློབ་གྲོགས་ཕན་ཚུན་བར་གྱི་འབྲེལ་བའི་ནུས་པ་བཟང་པོ་སོགས་ཀྱི་ཐད་ལ་རྨང་གཞི་ལེགས་པོ་འདིང་བ་ཤིན་ཏུ་གལ་ཆེ། དེ་མིན་དཔེ་ཀློག་ནུས་པ་གསོ་སྐྱོང་བྱ་རྒྱུར་ཤུགས་སྣོན་རྒྱག་རྒྱུ་དེ་བྱིས་སྐྱོང་ཁང་དང་ལྷག་པར་དུ་འཛིན་གྲྭ་ཆེ་བས་དཔེ་ཀློག་བྱེད་སྒོ་སྤེལ་བ་དང་བྱེད་ཐབས་གཙོ་བོའི་ནང་རང་མོས་དཔེ་ཀློག་དང་དགེ་རྒན་གྱི་མཛུབ་ཁྲིད་འོག་གི་དཔེ་ཀློག་བྱེད་སྒོ་རིགས་གཉིས་ཚུད་ཡོད། བྱེད་སྒོ་དེ་གཉིས་ཀྱིས་གྲོགས་པོ་ཆུང་ཆུང་ཚོར་རང་མོས་ངང་ལྟ་ཀློག་གི་ནང་དོན་འདེམ་པའི་གོ་སྐབས་ཐོབ་པར་མ་ཟད།དགེ་རྒན་གྱི་ཁྲིད་སྟོན་ཡང་ཐོབ་ཅིང་།དམིགས་ཡུལ་དང་འཆར་གཞི་ལྡན་པའི་ངང་ལྟ་ཀློག་བྱེད་པའི་ཁྲོད་དཔེ་ཀློག་བྱེད་ཐབས་དང་།དཔེ་ཀློག་གི་དགའ་ཕྱོགས། དཔེ་ཀློག་གི་ནུས་པ་བཅས་ཆེ་རུ་ཕྱིན་ཡོད། ནུས་པ་འདི་དག་གིས་ཐད་ཀར་ཕན་ནུས་ཡོད་པའི་སྒོ་ནས་སློབ་སྦྱོང་གི་ནུས་པ་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་བྱེད་པ་རེད། ནམ་རྒྱུན་འཛིན་གྲྭའི་ནང་དུ་གནས་ཚུལ་འདི་འདྲ་ཡོད་དེ། ཡི་གེ་ཤེས་མཁན་གྱི་གྲོགས་པོ་ཆུང་ཆུང་ཚོ་དཔེ་ཆ་ཀློག་པར་དགའ་ཞིང་། དཔེ་ཆ་བཀླགས་ན་ཡི་གེ་མང་པོ་ཞིག་སློབ་ཐུབ། མི་དང་དཔེ་ཆའི་བར་ལ་སྐུལ་རེས་བྱུང་བ་དང་། སློབ་སྦྱོང་གི་ནུས་པ་དང་སློབ་སྦྱོང་གི་སྤྲོ་བ་དེ་སྐུལ་རེས་ཁྲོད་དུ་འཕར། རྨང་གཞི་འདི་འདྲ་ཞིག་ཡོད་པས་སློབ་ཆུང་དུ་ཞུགས་ནས་སློབ་ཆུང་གི་སློབ་སྦྱོང་དང་འཚོ་བར་སྟབས་བདེ་བསྐྲུན་ཡོད། དཔེར་ན། བརྡ་ཐོར་བལྟ་ཐུབ་པ། ཡི་གེ་སྦྱོང་བའི་བྱ་འགུལ་ལ་དགའ་བ། ཚགས་པར་བདེ་བླག་ངང་ཀློག་ཐུབ་པ། འདྲི་གཞིའི་ནང་དོན་ལ་གོ་བ་ཡང་དག་ལེན་ཐུབ་པ་བཅས་བྱེད་ཐུབ།
        སློབ་གསོའི་སློབ་ཞུགས་ཀྱི་ཕྱོགས་བསྡུས་ནུས་པ་གསོ་སྦྱོང་ཁྲོད་བློ་རྩེ་གཅིག་སྒྲིམ་ཡོང་བ་དེ་ཡང་སྦྱོང་བརྡར་བྱེད་པའི་བསླབ་ཚན་ནང་འདུས་ཡོད། རྨང་གཞིའི་སྦྱོང་བརྡར་ལ་ཤུགས་སྣོན་དང་། ཁོར་ཡུག་གསར་པའི་སློབ་སྦྱོང་ལ་དང་དོད་བྱས་ཏེ་འཚོ་བ་རྒྱ་བསྐྱེད་གཏོང་བ་དང་། སློབ་ཁྲིད་ཀྱི་ནང་དོན་སྟབས་བདེ་ནས་དཀའ་བར་གྱུར་ཏེ། ཕྲུ་གུ་རྣམས་གོམ་པ་རིམ་བགྲོད་ཀྱིས་བློ་རྩེ་གཅིག་ཏུ་གཞོལ་ཤུགས་ཆེ་རུ་གཏོང་དགོས། གཞན་ཡང་ཁྱིམ་བདག་གིས་དུས་རྒྱུན་རང་ཁྱིམ་ནས་ཀྱང་བྱིས་པའི་བློ་རྩེ་གཅིག་ཏུ་གཞོལ་བར་སྦྱོང་བརྡར་བྱེད་ཆོག དཔེར་ན། བྱིས་པར་གཏན་འཁེལ་གྱི་དུས་ཚོད་ནང་དུ་ལས་འགན་ཞིག་འགྲུབ་ཏུ་འཇུག་པ་སྟེ། དཔེར་ན་རི་མོ་འབྲི་བ། ཤོག་དྲས་འབྲི་བ། ཡི་གེ་འབྲི་བ་སོགས་ཀྱི་བྱ་འགུལ་ལྟ་བུ། བྱིས་པར་སྟོབས་ཤུགས་གཅིག་བསྡུས་ཀྱིས་བྱ་བ་ཞིག་བསྒྲུབ་ཏུ་འཇུག་པ་དང་།དུས་ཚོད་ངེས་ཅན་ཞིག་ལ་རྒྱུན་འཁྱོངས་བྱེད་དུ་འཇུག་དགོས།
        ཕྲུ་གུ་ཚོའི་དཔེ་ཀློག་ནུས་པ་ཆེ་རུ་བཏང་ནས་ཕྲུ་གུ་ཚོའི་ཕྱོགས་སྡོམ་ནུས་པ་དང་དེང་གི་ཤེས་བྱ་གསར་པའི་བཀོལ་སྤྱོད་ནུས་པ་ཆེ་རུ་གཏོང་དགོས་ཏེ། གཙོ་བོ་ཀློག་རྒྱུ་དང་། སྦྱོར་རྒྱུ། ཁས་ལེན། སྦྱོང་རྒྱུ། དྲན་རྒྱུ། འཆད་རྒྱུ་བཅས་ཀྱི་དུམ་ཚན་མང་པོར་ཕྱེ་ཡོད། དེའི་ནང་དོན་ནི་དཀའ་གནད་ནས་གཏིང་ཟབ་ཏུ་ཕྱིན་ཡོད། ཁྱིམ་བདག་ཚོས་ཀྱང་ཕྲུ་གུའི་སློབ་སྦྱོང་གི་ནང་དོན་ལ་དཀའ་ངལ་ཆེན་པོ་ཡོད་པར་སེམས་ཁྲལ་བྱེད་མི་དགོས། དེས་ཕྲུ་གུའི་གདེང་ཚོད་དང་སློབ་སྦྱོང་གི་ཧུར་སེམས་ལ་ཤུགས་རྐྱེན་ཐེབས་ཀྱིན་ཡོད། བྱིས་པས་རང་ཉིད་ལ་དོ་དམ་བྱེད་པའི་ནུས་པ་ཆགས་པར་བྱེད་དགོས། བྱིས་པ་གསོ་སྐྱོང་བྱས་ནས་རང་ཉིད་ལ་དོ་དམ་བྱེད་པའི་ནུས་པ་དང་འབྲེལ་གཏུག་བྱེད་པའི་ནུས་པ་ལྡན་པར་བྱ་དགོས།
        འཛིན་གྲྭ་ཆེ་བའི་བྱིས་པར་སྒྲ་སྦྱོར་སློབ་ཁྲིད་འོས་འཚམ་བྱས་ཏེ་སློབ་ཆུང་དགེ་རྒན་དང་བརྒྱུད་རིམ་གྲོས་བསྡུར་བྱེད་སྐབས།སློབ་ཆུང་གི་དགེ་རྒན་གྱིས་བྱིས་པ་སློབ་ཆུང་དུ་ཞུགས་རྗེས། སློབ་ཆུང་སྐད་ཡིག་སྒྲ་སྦྱོར་གྱི་མཉེན་ཆས་དང་སྒྲ་སྦྱོར་གྱི་སྒྲ་ཕབ་སྤྱིན་ཤོག་སོགས་ལྟ་བུ། བྱིས་པའི་ཚད་གཞིའི་སྒྲ་གདངས་ལ་ཡང་དག་པའི་མཛུབ་སྟོན་བྱེད་པ་དང་། བྱིས་པ་རྣམས་སློབ་ཆུང་ལ་ཞུགས་རྗེས་སྒྲ་གདངས་ལེགས་པོ་སྦྱོང་ཐུབ་པར་བྱ་དགོས། གོང་གི་བྱ་འགུལ་འདི་དག་བརྒྱུད་ཚེ་བྱིས་པ་རྣམས་སློབ་ཆུང་དུ་ཞུགས་པར་རྨང་གཞི་ལེགས་པོ་བཏིངས་ཡོད། རྗེས་ཕྱོགས་ཀྱི་བྱ་བའི་ཁྲོད་ང་ཚོས་ད་དུང་བྱེད་ཐབས་མང་པོ་ཞིག་འཚོལ་ཞིབ་བྱས་ཏེ། བྱིས་པ་རྣམས་ལ་སྔར་ལས་ལྷག་པའི་སྒོ་ནས་འཚར་ལོངས་ཀྱི་ཁ་ཕྱོགས་བསྟན་ནས་བར་བརྒལ་གྱི་མཚམས་འདི་ལེགས་པོར་མཐུད་དགོས། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1