སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ནི་བྱས་རྗེས་དེང་འདིར་བཞག་ན། ཕན་འབྲས་བསྐལ་བརྒྱར་ཐོན་པའི་རྒྱལ་ཇུས་དམངས་འཚོ་ཞིག་ཡིན། སྔོན་ཆད། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཅེས་པའི་གོ་དོན་དེ་རྒྱང་རིང་གི་རི་ཁུག་ཏུ་ཡོད་པའི་འབྲོག་པ་མང་ཚོགས་ལ་མཚོན་ནས་བཤད་ན། མང་ཆེ་བ་ནི་སྨྱན་བྱད་སྣ་ཚོགས་ལས་མཐོང་བ་དང་ཐོས་པ་རེད། འོན་ཀྱང་ད་ལྟ། སྐྱེ་ཁམས་དཔལ་ཡོན་འདུ་ཤེས་ཀྱི་རླུང་བུ་གཙང་པོའི་མགོ་ཁུངས་ཀྱི་ས་ཆེན་སྟེང་ལྡང་བ་དང་། སྔོ་ལྗང་གི་རི་ཆུ་ནི་གསེར་རི་དངུལ་རི་ཡིན་ཞེས་པའི་གསུང་དེ་གཙང་པོའི་མགོ་ཁུངས་ཀྱི་བུ་བུ་མོ་ཚོའི་སེམས་པའི་གཏིང་དུ་བཟུང་ཡོད།
ཉེ་བའི་ལོ་འགའི་རིང་ལ། མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་གྱིས་རི་ཆུ་ནགས་ཞིང་མཚེའུ་རྩྭ་ཐང་བྱེ་ས་གངས་འཁྱག་བཅས་ལ་སྲུང་སྐྱོབ་དང་མ་ལག་ཚང་བའི་བཅོས་སྐྱོང་གི་མཐོ་ས་གསར་པ་དང་། སྐྱེ་དངོས་སྣ་མང་རང་བཞིན་ལ་སྲུང་སྐྱོབ་བྱེད་པའི་མཐོ་ས་གསར་པ་ནུས་ཤུགས་གང་ཡོད་ཀྱིས་བསྐྲུན་ལ། མཚོ་ནུབ་ནི་མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཀྱི་གསར་གཏོད་མ་དཔེ་ཞིག་ཏུ་གཏོང་བ་དང་། སྐྱེ་ཁམས་དཔལ་འབྱོར་གསར་གཏོད་འཕེལ་རྒྱས་ཀྱི་གཙོ་གནད་ས་ཁུལ་ཕྱོགས་སུ་དགེ་མཚན་ལྡན་པའི་བྱས་རྗེས་བཞག
འགྱུར་ལྡོག་ནི་མཚོ་སྔོན་གྱིས་སྐྱེ་ཁམས་དཔལ་ཡོན་ལག་ལེན་དེ་མང་ཚོགས་ལ་བདེ་སྐྱིད་བསྐྲུན་པའི་རྒྱུན་སྐྱོང་བཟོ་འགོད་དུ་བྱས་པ་ལས་བྱུང་ཞིང་། འགྱུར་ལྡོག་ནི་སྐྱེ་ཁམས་སྲུང་སྐྱོབ་སྔོན་ལ་འཇོག་པ་རྒྱུན་འཁྱོངས་ཐུབ་པའི་འཐབ་ཇུས་བཀོད་སྒྲིག་ལས་བྱུང་བ་རེད།
ཁུར་ལུག་ནོར་སྡེ་བ་དང་ཐའོ་ཧྲིན་ནོར་སྡེ་བ་ནི་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་གཏེར་ལེན་ཁ་གྲོང་ཁྱེར་ཁུར་ལུག་གྲོང་རྡལ་གྱི་འབྲོག་ལས་སྡེ་བ་གཉིས་ཡིན། སྡེ་བ་དེ་གཉིས་ནི་མུ་འབྲེལ་དུ་གནས་ཡོད་ལ། འབྲོག་པ་རྣམས་ཀྱིས་དུས་ཡུན་རིང་པོར་འབྲོག་ལས་ཐོན་སྐྱེད་ལ་བརྟེན་ནས་འཚོ་བའི་ཡོང་ཁུངས་བཙལ་བ་རེད། གསར་འགོད་པས་བཅར་འདྲིའི་སྐབས་སུ་མཐོང་བ་ནི། འབྲོག་པ་མང་ཚོགས་མང་པོ་ཞིག་རྒྱལ་ཁབ་ཀྱི་སྲིད་ཇུས་ཀྱི་ཁྲིད་སྟོན་འོག་ཏུ། རང་མོས་ཀྱིས་རང་ཁྱིམ་གྱི་རྩྭ་ས་བཀག་སྡོམ་དང་སྲུང་སྐྱོབ་བྱེད་པའི་ལས་ལ་ཞུགས་པར་མ་ཟད། ས་ཁོངས་འདི་མདོ་ལ་རི་བོའི་རྒྱལ་ཁབ་སྤྱི་གླིང་གཏེར་ལེན་ཁ་དུམ་ཁུལ་དུ་བཞག་པ་དང་བསྟུན་ནས། མི་རབས་ནས་མི་རབས་བར་དུ་ཕྱུགས་ཟོག་འཚོས་པའི་འབྲོག་པ་མང་ཚོགས་ཀྱིས་ལག་གི་འུར་ཆ་ཐང་ལ་བཞག་ནས། རྩྭ་སའི་སྐྱེ་ཁམས་བདག་སྐྱོང་པར་གྱུར།
“ཁང་པ་གསར་པའི་ནང་བསྡད་པ་དང་། བརྟན་འཇགས་ཀྱི་ཟླ་ཕོགས་ཡོད་པ། ནད་སྟོན་པ་དང་། བྱིས་པ་སློབ་གྲྭར་འགྲོ་བར་ཡང་སྟབས་བདེ་མི་ཉུང་བ་བྱུང་སོང་། ”སྐྱེ་ཁམས་བདག་སྐྱོང་པ་མང་པོས་དེ་རིང་གི་འདི་ལྟ་བུའི་འཚོ་བ་སྐྱིད་པོ་ཞིག་རོལ་ཐུབ་པ་ནི་ཡོད་ཚད་རྒྱལ་ཁབ་ཀྱིས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་ལས་གཞི་སྣ་ཚོགས་ལག་བསྟར་བྱས་པའི་ཕན་འབྲས་ལས་བྱུང་བ་རེད།
སྔོན་ཆད་རི་ཁུག་ལུང་ཁུག་ཏུ་ཡོད་པའི་འབྲོག་ལས་སྡེ་བ་ནི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱ་དགོས་པའི་དབང་གིས་རྒྱལ་ཁབ་ཀྱི་སྐྱེ་ཁམས་ཁ་གསབ་ཀྱི་སྲིད་ཇུས་སྣ་ཚོགས་རེག་ཐུབ་པ་དང་། དབུལ་ཐར་ཕྱུག་བསྒྱུར་མངོན་འགྱུར་བྱུང་། རོང་འབྲོག་མང་ཚོགས་ཀྱི་གཏན་སྡོད་བཟོ་འགོད་ལག་བསྟར་ཁྲོད། རོང་འབྲོག་མང་ཚོགས་ཧ་ཅང་མང་པོ་ཞིག་གིས་ལག་གི་འུར་ཆ་ཐང་ལ་བཞག་ནས། གྲོང་ཁྱེར་དང་གྲོང་རྡལ་དུ་གནས་སྤར་ཏེ་བསྡད་པས། “གྲོང་ཁྱེར་ནང་གི་མི”རུ་གྱུར་ཞིང་། ཁོ་ཚོའི་རྗེས་ཕྱོགས་ཀྱི་ཐོན་སྐྱེད་ལ་ཁག་ཐེག་ཡོད་པ་དང་། ཕྱུག་འགྱུར་ལ་ལམ་ཡོད་པར་གྱུར། དེང་སྐབས། མཚོ་ནུབ་ཀྱི་རྒྱ་ཆེ་བའི་ས་གཞི་འདིའི་སྟེང་དུ་རིགས་སོ་སོའི་བུ་དང་བུ་མོ་རྣམས་ཀྱི་གཞིས་ཁྱིམ་སྐྱིད་ཅིང་མཛེས་ལ། ཐོན་ལས་དར་ཞིང་རྒྱས་པ། འབྲོག་པ་མང་ཚོགས་ལ་བདེ་སྐྱིད་ལྡན་པར་གྱུར་ཡོད་པ་དང་། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་དང་རོང་འབྲོག་མང་ཚོགས་ཀྱིས་སྤུས་ཚད་མཐོ་བའི་འཚོ་བ་མངོན་འགྱུར་གྱི་མདུན་ལྗོངས་ཕན་ཚུན་གཅིག་ལ་གཅིག་བརྟེན་དུ་འགྱུར་བར་སྐུལ་འདེད་ཏན་ཏིག་བཏང་བ་དང་། ཕན་ཚུན་ལ་རམ་འདེགས་བྱས་ཡོད།
སྐྱེ་ཁམས་བདག་སྐྱོང་པར་གྱུར་བའི་སྡེ་དམངས་རིན་ཆེན་ལས་ཚོགས་གྲོལ་ནས་ཡུལ་ལ་ལོག་པའི་ལམ་བར་དུ། བྱིས་པ་ཁྲིད་ཞོར་ཁུར་ལུག་ནོར་སྡེ་བའི་སྡེ་དཀྱིལ་གྱི་སྲང་ལམ་ནས་གད་སྙིགས་འཐུ་བ་ནི་ཁོའི་གོམས་གཤིས་ཤིག་ཏུ་གྱུར་ཡོད། ད་ལྟ། སྡེ་བའི་ནང་དུ་མ་སྐུལ་དང་བླངས་ཀྱིས་གད་སྙིགས་གཙང་སེལ་གྱི་བྱ་འགུལ་རྩ་འཛུགས་བྱས་ཏེ་སྡེ་བའི་རྣམ་པ་མཛེས་སྡུག་ཅན་དུ་སྒྱུར་བཞིན་ཡོད་ལ། རོང་འབྲོག་མང་ཚོགས་ཀྱིས་དུས་རྒྱུན་སྡོང་མྱུག་ཁུར་ཏེ་བྱེ་ཐང་དུ་འོས་འགན་སྡོང་འཛུགས་བྱེད་བཞིན་ཡོད། སྡེ་མི་མང་པོ་ཞིག་གིས་རྐང་ཐང་དུ་སྤྱི་ལེ་འགའ་ཡི་མཚམས་སུ་གནས་པའི་མི་མེད་ས་སྟོང་དུ་རྒྱང་གཟིགས་སྐོར་ཞིབ་བྱེད་ཀྱིན་ཡོད། དེ་དག་གི་དམིགས་ཡུལ་ནི་རང་གི་ཕ་ས་ཕ་ཡུལ་གྱི་ས་གཞིའི་སྟེང་གནས་པའི་རི་སྐྱེས་སྲོག་ཆགས་སྲུང་སྐྱོབ་བྱེད་པ་ཁོ་ནའི་ཆེད་ཡིན་ལ། གཞུང་རྒྱུད་དྲང་བའི་འབྲོག་པ་མང་ཚོགས་ཀྱིས་སྲིད་ཇུས་ཀྱི་ཁྲིད་སྟོན་འོག་ཏུ་སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོབ་བྱ་རྒྱུ་དེ་རང་གི་བྱ་བ་ཞིག་དང་། རང་ཁྱིམ་གྱི་དོན་དག་ཅིག་ཏུ་རྩི་བཞིན་ཡོད་དེ། ཁོ་ཚོས་ནམ་ཡང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་སེམས་ལ་དམ་པོར་བཟུང་ནས། བྱ་སྤྱོད་ཀྱི་ཁྲོད་ན་ལག་ཏུ་བསྟར་བཞིན་ཡོད་དོ། །