རྒྱལ་ཁབ་སྤྱི་སྤྱོད་སྐད་ཡིག་གི་ནང་རིག་བསླབ་གཞི་སྒྲིག་འཛུགས་སྐོར་གྱི་དཔྱད་གླེང་ཚོགས་འདུ་མཚོ་སྔོན་ནང་བསྟན་སློབ་གྲྭ་ཆེན་མོ་རུ་འཚོགས།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མཚོ་སྔོན་ནང་བསྟན་སློབ་གྲྭ་ཆེན་མོ། སྤེལ་དུས། 10-08




            སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་མི་རིགས་ལས་དོན་གྱི་གྲོས་ཚོགས་སྟེང་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྲ་བརྟན་འཛུགས་རྒྱུའི་སྐོར་གྱི་རྣམ་བཤད་གལ་ཆེན་ནན་ཏན་གྱིས་སློབ་སྦྱོང་དང་ལག་བསྟར་དོན་འཁྱོལ་བྱས་ཏེ། བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་དུ་འགྱུར་བའི་ཁ་ཕྱོགས་ལ་སྐུལ་འདེད་དང་། བོད་བརྒྱུད་ནང་བསྟན་སློབ་གྲྭ་ཁག་གིས་རྒྱལ་ཁབ་སྤྱི་སྤྱོད་སྐད་ཡིག་ཁྱབ་གདལ་བྱེད་པར་ཧུར་ཐག་སྒོས་སྐུལ་སྤེལ་གཏོང་ཆེད། ཟླ9པའི་ཚེས27ཉིན། རྒྱལ་ཁབ་སྤྱི་སྤྱོད་སྐད་ཡིག་གི་ནང་རིག་བསླབ་གཞི་སྒྲིག་འཛུགས་སྐོར་གྱི་དཔྱད་གླེང་ཚོགས་འདུའམ་ནང་བསྟན་སློབ་ཆེན་གྱི《ནང་རིག་རྒྱ་ཡིག་སློབ་དེབ》ཀྱི་དཔྱད་ཞིབ་ཚོགས་འདུ་མཚོ་སྔོན་ནང་བསྟན་སློབ་གྲྭ་ཆེན་མོ་རུ་འཚོགས།

            ཀྲུང་དབྱང་བོད་ལྗོངས་ལས་དོན་མཐུན་སྦྱོར་ཚོགས་ཆུང་གཞུང་ལས་ཁང་གི་ཀྲུའུ་རེན་གཞོན་པ་སྲི་ཐར་ཚོགས་འདུར་ཞུགས་ཤིང་གསུང་བཤད་གནང་།  མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པའམ་ཞིང་ཆེན་ནང་བསྟན་སློབ་ཆེན་གྱི་གླིང་གཙོ་རིན་ཆེན་རྣམ་རྒྱལ་དང་། ཀྲུང་གོ་ནང་བསྟན་མཐུན་ཚོགས་ཀྱི་དྲུང་ཡིག་ཆེན་མོ་གཞོན་པ་སངས་རྒྱས་བཀྲ་ཤིས། ཀྲུང་གོ་བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་གི་གླིང་གཙོ་གཞོན་པ་ལིའུ་ཕིང་། ཀྲུང་གོ་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱི་ཆོས་ལུགས་སུའོ་ཡི་སུའོ་ཀྲང་གཞོན་པ་ལྷ་བྱམས་རྒྱལ་སོགས་ཚོགས་འདུར་ཞུགས།

            སྲི་ཐར་གྱིས་གསུངས་དོན།  གཅིག་ནི་སྤྱིའི་ཆ་ནས་བོད་བརྒྱུད་ནང་བསྟན་ལས་རིགས་སུ་རྒྱལ་ཁབ་སྤྱི་སྤྱོད་སྐད་ཡིག་ཁྱབ་གདལ་གཏོང་བའི་དོན་སྙིང་གལ་ཆེན་ལ་ངོས་འཛིན་གཏིང་ཟབ་དགོས། རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་ཁྱབ་གདལ་གཏོང་བ་དེ་ནི། ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་ཚོགས་པའི་འདུ་ཤེས་སྲ་བརྟན་དུ་གཏོང་བའི་ལྡོག་མེད་ཀྱི་བླང་བྱ་ཞིག་དང་། བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་བའི་བྱེད་ཐབས་གལ་ཆེན་དང་ཞིབ་གསལ་ཞིག དེ་བཞིན་དུ་བོད་བརྒྱུད་ནང་བསྟན་ལས་རིགས་ཡར་རྒྱས་ཡོང་རྒྱུ་དང་ཆོས་ལུགས་མི་སྣའི་ཕྱོགས་བསྡུས་སྤུས་ཀ་མཐོ་རུ་གཏོང་བའི་ལྡོག་མེད་ཀྱི་སྐུལ་འདེད་བླང་བྱ་ཞིག་བཅས་རེད། གཉིས་ནས་བོད་བརྒྱུད་ནང་བསྟན་ལས་རིགས་སུ་རྒྱལ་ཁབ་སྤྱི་སྤྱོད་སྐད་ཡིག་སློབ་སྦྱོང་དང་ཁྱབ་གདལ་གཏོང་བའི་ལས་དོན་ལ་སྐུལ་འདེད་ཏན་ཏིག་གཏོང་དགོས། རིམ་པ་སོ་སོའི་ནང་བསྟན་སློབ་གླིང་གིས་རྒྱལ་ཁབ་སྤྱི་སྤྱོད་སྐད་ཡིག་ཁྱབ་གདལ་གཏོང་བའི་ཁྲོད་ཀྱི་ནུས་པ་གལ་ཆེན་འདོན་སྤེལ་གང་ལེགས་བྱས་ཏེ། འཐབ་ཕྱོགས་གཅིག་གྱུར་དང་། ཆོས་ལུགས། རིམ་པ་སོ་སོའི་ནང་བསྟན་སློབ་གླིང་སོགས་བྱ་བའི་སྡེ་ཁག་གིས་ཧུར་ཐག་གིས་སྐུལ་མ་གཏོང་བ་དང་། སྤྱི་ཚོགས་ཀྱི་ཐོན་ནུས་སྣ་ཚོགས་བེད་སྤྱད་ནས་བྱ་གཞག་འདི་ཉིད་ལ་སྐུལ་འདེད་གཏོང་དགོས། གསུམ་ནས་བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་དུ་འགྱུར་བའི་ཁ་ཕྱོགས་མུ་མཐུད་དུ་མཐའ་འཁྱོངས་ཡག་པོ་བྱེད་དགོས། བོད་བརྒྱུད་ནང་བསྟན་གྱི་རང་ས་ཅན་དང་ཀྲུང་གོ་ཅན་གྱི་ལོ་རྒྱུས་གྲུབ་འབྲས་ལ་ཁས་ལེན་བྱེད་དགོས་པར་མ་ཟད།  དུས་བསྟུན་མདུན་སྐྱོད་དང་བཅོས་བསྒྱར་གསར་གཏོད་ཀྱང་བྱས་ནས་དུས་རབས་ཀྱི་འཕེལ་རྒྱས་ལ་རྒྱུན་ཆད་མེད་པར་འཕྲོད་མཐུན་ཡོང་བར་བྱ་དགོས། ཏང་གིས་བོད་བརྒྱུད་ནང་བསྟན་ལས་རིགས་ལ་དམིགས་བསལ་གྱི་ཐུགས་ཁུར་དང་གཅེས་སྐྱོང་གནང་བ་སེམས་སུ་བཟུང་ནས་། ཏང་གི་བཀའ་དྲིན་དྲན་པ་དང་། ཏང་གི་བཀའ་ལ་ཉན་པ། ཏང་གི་རྗེས་སུ་འབྲང་བ་བཅས་བྱས་ཏེ།  ཀྲུང་གོའི་གུང་ཁྲན་ཏང་གི་འགོ་ཁྲིད་ལ་མཐའ་གཅིག་ཏུ་གུས་བཀུར་དང་། མེས་རྒྱལ་གོང་བུ་གཅིག་གྱུར་ལ་མཐའ་གཅིག་ཏུ་སྲུང་སྐྱོང་། མི་རིགས་མཐུན་སྒྲིལ་དང་སྤྱི་ཚོགས་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ། བོད་བརྒྱུད་ནང་བསྟན་བདེ་ཐང་གི་སྒོ་ནས་འཛིན་སྐྱོང་སྤེལ་གསུམ་ཐུབ་པ་མངོན་འགྱུར་ཡོང་བར་བྱེད་དགོས།
            རིན་ཆེན་རྣམ་རྒྱལ་གྱིས་ཤིས་ཚིག་འབུལ་སྐབས་གསུངས་རྒྱུར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་མི་རིགས་ལས་དོན་ཚོགས་འདུའི་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་གྱིས་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་སློབ་སྦྱོང་དང་བེད་སྤྱོད་ཡག་པོ་བྱ་རྒྱུར་ཁ་ཕྱོགས་གསལ་སྟོན་དང་ཚད་གཞི་མཁོ་འདོན་བྱས་ཡོད། དུས་རབས་གསར་པའི་ནང་། བོད་བརྒྱུད་ནང་བསྟན་ལས་རིགས་ཀྱི་གྲྭ་བཙུན་རྣམ་པས་རྒྱལ་ཁབ་སྤྱི་སྤྱོད་སྐད་ཡིག་སློབ་སྦྱོང་ཡག་པོ་དང་བེད་སྤྱོད་ཡག་པོ་བྱེད་པར་དམིགས་བསལ་གྱི་གལ་ཆེའི་རང་བཞིན་ལྡན་ཡོད། བོད་བརྒྱུད་ནང་བསྟན་སློབ་གླིང་ལ་ཐུན་མོང་མ་ཡིན་པའི་ལེགས་ཆ་ལྡན་པས་རྒྱལ་ཁབ་སྤྱི་སྤྱོད་སྐད་ཡིག་ཁྱབ་གདལ་གཏོང་བའི་ཐད་འགན་འཁྲི་དང་འོས་འགན་དེ་བས་ཆེ་བ་འཁུར་དགོས། ནང་བསྟན་སློབ་གླིང་གིས་ཆབ་སྲིད་ཀྱི་ལངས་ཕྱོགས་དང་བྱ་བའི་ལངས་ཕྱོགས་སྔར་ལས་མཐོ་རུ་བཏང་སྟེ་དཔྱད་གླེང་ཚོགས་འདུའི་གྲུབ་འབྲས་ཡག་པོ་སྤྱོད་པ་དང་། སྔར་ལས་ལྷག་པའི་ནུས་ལྡན་གྱི་བྱ་ཐབས་བཙལ་ཏེ། རྒྱལ་ཁབ་སྤྱི་སྤྱོད་སྐད་ཡིག་བསླབ་ཚན་སྒྲིག་འཛུགས་བྱས་ནས། སློབ་ཁྲིད་ཀྱི་ཆུ་ཚད་ཁྱོན་ཡོངས་ནས་མཐོར་འདེགས་སུ་གཏོང་བ་དང་། དགེ་སློབ་ཡོངས་ཀྱི་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་ཡོང་བར་བྱས་ནས་མི་རིགས་མཐུན་སྒྲིལ་དང་སྤྱི་ཚོགས་ཞི་མཐུན་ལ་སྐུལ་འདེད་གཏོང་དགོས།

            སངས་རྒྱས་བཀྲ་ཤིས་ཀྱིས་ཀྲུང་གོ་ནང་བསྟན་མཐུན་ཚོགས་ཀྱི་ཚབ་ཞུས་ནས་རྟེན་འབྲེལ་འཕྲིན་ཡིག་སྒྲོག་སྦྱངས་གནང་ཞིང་།    ཁོང་གིས་ཐེངས་འདིའི་དཔྱད་གླེང་ཚོགས་འདུས་ཆོས་ལུགས་འཆམ་མཐུན་དང་།    སྤྱི་ཚོགས་ཞི་མཐུན།    མི་རིགས་མཐུན་སྒྲིལ་བཅས་ལ་སྐུལ་འདེད་གཏོང་རྒྱུར་དོན་སྙིང་གལ་ཆེན་ལྡན་ཡོད་པར་བསྟན་ཅིང་།     གོ་སྐབས་འདི་དང་བསྟུན་ནས་བོད་བརྒྱུད་ནང་བསྟན་གྱི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་དང་རྒྱལ་གཅེས་ཆོས་གཅེས་ཀྱི་བསམ་བློའི་ནང་དོན་སྔོག་འདོན་དང་དར་སྤེལ་ཤུགས་ཆེན་བཏང་སྟེ། ཀྲུང་ཧྭ་མི་རིགས་ཀྱི་སྲོལ་རྒྱུན་ཕུལ་བྱུང་རིག་གནས་སྲུང་སྐྱོང་སྤེལ་རེས་དང་བདེ་ཐང་རྒྱུན་འཛིན་ལ་སྐུལ་འདེད་གཏོང་བའི་ཆེད་བློ་གྲོས་དང་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་རྒྱུའི་རེ་བ་ཡོད་ཅེས་གསུངས།
            ལིའུ་ཕེང་གིས་ཀྲུང་གོ་བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་གི་གླིང་གཙོ་ཀུན་མཁྱེན་འཇམ་དབྱངས་བཞད་པ་དང་སློབ་གླིང་གི་ཏང་ཙུའུ་ཡི་ཚབ་ཞུས་ནས་རྟེན་འབྲེལ་ཞུས་པ་དང་འབྲེལ། ཚོགས་འདུའི་བརྗོད་དོན་གཙོ་བོའི་བླང་བྱ་གཞིར་བཟུང་སྟེ། ནང་རིག་དང་རྒྱལ་ཁབ་སྤྱི་སྤྱོད་སྐད་ཡིག་བར་གྱི་འབྲེལ་བའི་ཐད་གཏམ་བཤད་གནང་ཞིང་།     ཁོང་གིས་སྤྱི་སྤྱོད་སྐད་ཡིག་སྤྱོད་རྒྱུ་ནི་མིའི་རིགས་ཀྱི་ཤེས་དཔལ་འཕེལ་རྒྱས་ཀྱི་ཆོས་ཉིད་ལ་བརྩི་སྲུང་ཞུ་བའི་ལྡོག་མེད་ཀྱི་བླང་བྱ་ཡིན་པ་དང་།    སྐད་ཡིག་བརྗེ་སྒྱུར་ནི་ནང་བསྟན་ཀྲུང་གོ་ཅན་གྱི་ཁ་ཕྱོགས་མཐའ་འཁྱོངས་བྱེད་པའི་ཐབས་ལམ་གྱི་གདམ་ག་ཞིག་ཡིན་ཞིང་། སྤྱི་སྤྱོད་སྐད་ཡིག་བརྗེ་སྒྱུར་ཐུབ་པ་བྱ་རྒྱུ་ནི་བོད་བརྒྱུད་ནང་བསྟན་གྱི“ཡང་དར་དུས་སྐབས”ཀྱི་ལས་འགན་གལ་ཆེན་ཞིག་ཡིན་པར་ངོས་འཛིན་གནང་།
            ལྷ་བྱམས་རྒྱལ་གྱིས་ཀྲུང་གོའི་བོད་རིག་པའི་ཞིབ་འཇུག་ལྟེ་གནས་ཀྱི་ཏང་ཙུའུ་ཧྲུའུ་ཅི་ཁྲེན་ཙུང་རུང་དང་སྤྱི་ཁྱབ་འགན་འཛིན་པ་དགྲ་འདུལ་གཉིས་ཀྱི་སྐུ་ཚབ་ཞུས་ནས་རྟེན་འབྲེལ་ཞུས་ཤིང་།     གཏམ་བཤད་གནང་སྐབས་ཐེངས་འདིའི་དཔྱད་གླེང་ཚོགས་འདུ་ནི་ཆོས་ལུགས་ལས་རིགས་ལ་སློབ་གསོ་དང་།     རྒྱལ་ཁབ་སྤྱི་སྤྱོད་སྐད་ཡིག་ཁྱབ་གདལ་གཏོང་བ་བཅས་ཀྱི་དཔྱད་གླེང་ཚོགས་འདུ་ཞིག་ཡིན་པས།    བོད་བརྒྱུད་ནང་བསྟན་རང་ངོས་སྒྱུར་བཅོས་དང་འཕེལ་རྒྱས་ལ་སྐུལ་འདེད་ཐེབས་ཐུབ་པར་མ་ཟད།    མི་རིགས་ཁག་གི་བར་འགྲོ་འོང་དང་།   སྤེལ་རེས།    མཉམ་འདྲེས་བཅས་ཀྱི་ཐད་ལ་ཆོས་ལུགས་ཀྱིས་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་བྱ་རྒྱུར་ལག་ལེན་གྱི་ཉམས་མྱོང་གསར་པ་ཡང་མཁོ་འདོན་བྱ་རྒྱུ་ཡིན་པར་བསྟན།
            གཙོ་དོན་གཏམ་བཤད་ཀྱི་དུས་སུ་མཚོ་སྔོན་ནང་བསྟན་སློབ་གྲྭ་ཆེན་མོའི་ཏང་ཨུད་ཧྲུའུ་ཅི་ཁྲིན་ཡུས་ཀོང་གིས་ཞིང་ཆེན་གྱི་བོད་བརྒྱུད་ནང་བསྟན་སློབ་གླིང་གིས་་རྒྱལ་ཁབ་སྤྱི་སྤྱོད་སྐད་ཡིག་ཁྱབ་གདལ་དང་བེད་སྤྱོད་གཏོང་བའི་ཐད་ཀྱི་བྱེད་ཐབས་གཙོ་བོ་དང་། གྲུབ་འབྲས། ལས་ཀའི་འཆར་གཞི་བཅས་ངོ་སྤྲོད་གནང་ཞིང་། ཞིང་ཆེན་སྲིད་གྲོས་ཀྱི་མི་རིགས་ཆོས་ལུགས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཝང་ཧྭ་ཕིང་གིས་སྤྱི་སྤྱོད་སྐད་ཡིག་ནི་མེས་རྒྱལ་གཅིག་གྱུར་དང་མི་རིགས་མཐུན་སྒྲིལ་གྱི་རིག་གནས་རྨང་གཞི་ཡིན་ལ། སྐད་ཡིག་ནི་མི་རིགས་སོ་སོའི་རིག་གནས་སྤེལ་རེས་ཀྱི་ལག་ཆ་གཙོ་བོ་ཡིན་པའི་ཕྱོགས་དེ་གཉིས་ནས་རྒྱལ་ཁབ་སྤྱི་སྤྱོ་སྐད་ཡིག་ཁྱབ་གདལ་གཏོང་བའི་གལ་ཆེན་སྙིང་དོན་རྒྱས་བཤད་གནང་། ལྷོ་ནུབ་མི་རིགས་སློབ་ཆེན་གྱི་དགེ་རྒན་ཆེན་མོ་བན་ཁོ་ཡིས་བོད་བརྒྱུད་ནང་བསྟན་གྱི་ཚད་མ་རིག་པའི་གསུང་རྩོམ་ཡིག་སྒྱུར་དང་ཞིབ་འཇུག་གི་གྲུབ་འབྲས་ལེགས་སྒྲིག་བྱས་པ་བརྒྱུད་ནས། བློ་བཟང་ཆོས་འཕགས་དང་ལུའི་ཁྲིན། ཝང་སེན་བཅས་མཁས་དབང་གསུམ་པོའི་བོད་བརྒྱུད་ནང་བསྟན་གྱི་ཚད་མ་རིག་པའི་ཞིབ་འཇུག་ཁྱབ་གདལ་ཐད་ཀྱི་རིག་གཞུང་གྲུབ་འབྲས་ལ་དབྱེ་ཞིབ་བྱས་པ་དང་། རྒྱལ་ཁབ་སྤྱི་སྤྱོད་སྐད་ཡིག་གིས་ཆོས་ལུགས་ཀྱི་དངོས་ཡོད་གནས་ཚུལ་ལ་སློབ་སྦྱོང་བྱེད་དགོས་པར་བསྟན། ཞིང་ཆེན་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ་སྒར་བ་ངག་དབང་གིས་ནང་བསྟན་གྱི་རྒྱ་ཡིག་སློབ་དེབ་རྩོམ་སྒྲིག་བྱེད་པའི་གལ་ཆེའི་རང་བཞིན་དང་།  ནང་བསྟན་རིག་པའི་ལོ་རྒྱུས་ཀྱི་འབྱུང་ཁུངས་གསལ་པོར་བཤད་ཅིང་། ནང་བསྟན་རིག་པའི་རིག་གནས་རྒྱུན་འཛིན་དང་སྲུང་སྐྱོང་བྱེད་པ། ནང་བསྟན་གྱི་བསམ་བློའི་སློབ་གསོ་ལ་ཤུགས་སྣོན་རྒྱག་པ་སོགས་ཕྱོགས་བཞིའི་ཐད་ནས་ནང་བསྟན་ལས་རིགས་ཀྱིས་རྒྱལ་ཁབ་སྤྱི་སྤྱོད་སྐད་ཡིག་བེད་སྤྱོད་གཏོང་བའི་གལ་ཆེའི་རང་བཞིན་བསྟན། མཚོ་སྔོན་དགེ་འོས་སློབ་ཆེན་གྱི་དགེ་རྒན་ཆེན་མོ་ལུང་ཧྲེང་ཞང་གིས《བོད་བརྒྱུད་ནང་བསྟན་སློབ་གྲྭ་ཆེན་མོའི་རྒྱ་ཡིག་གི་རྨང་གཞི་སློབ་དེབ》རྩོམ་འབྲི་བྱེད་པའི་གཞི་འཛིན་ས་དང་། རྩ་དོན། དཔེ་བརྗོད་དང་ནང་དོན་བཅས་ལ་འགྲེལ་བཤད་གཏིང་ཟབ་བརྒྱབ་ནས། བོད་བརྒྱུད་ནང་བསྟན་གྱི་གྲྭ་བཙུན་ལ་ཕྱོགས་པའི་རྒྱའི་སྐད་ཡིག་གི་རྨང་གཞིའི་བསླབ་ཚན་གྱི་རྩ་དོན་དང་བྱ་ཐབས་ངོ་སྤྲོད་བྱས་པ་དང་། རྒྱལ་ཁབ་སྤྱི་སྤྱོད་སྐད་ཡིག་གི་ནང་རིག་བསླབ་གཞི་འཛུགས་སྐྱོང་ཐད་བསམ་འཆར་དང་གྲོས་འགོ་བཏོན།

            གྲོས་ཚོགས་འཚོག་རིང་དུ།     ད་དུང་ཀྲུང་ཧྭ་ལས་རིགས་སློབ་གསོ་ཁང་གི“དྲོ་སྐྱིད་ལས་གྲྭ”ཡི་རྒྱལ་ཁབ་སྤྱི་སྤྱོད་སྐད་ཡིག་སྦྱོང་བརྡར་རྟེན་གཞིར་སྒོ་བྱང་འགེལ་བའི་མཛད་སྒོ་ཡང་གཟབ་རྒྱས་ངང་འཚོགས།     ཀྲུང་དབྱང་བོད་ལྗོངས་ལས་དོན་མཐུན་སྦྱོར་ཚོགས་ཆུང་གཞུང་ལས་ཁང་གི་ཀྲུའུ་རེན་གཞོན་པ་སྲི་ཐར་དང་།    མཚོ་སྔོན་ཞིང་ཨུད་ཀྱི་རྒྱུན་ཨུ་དང་འཐབ་ཕྱོགས་གཅིག་གྱུར་པུའི་པུའུ་ཀྲང་དང་ཞིང་ཆེན་སྲིད་གྲོས་ཀྱི་ཏང་ཙུའི་ཧྲུའུ་ཅི་གཞོན་པ་མགོན་པོ་བཀྲ་ཤིས།    མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་མཚོ་སྔོན་ནང་བསྟན་སློབ་གྲྭ་ཆེན་མོའི་གླིང་གཙོ་རིན་ཆེན་རྣམ་རྒྱལ།    མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཞིང་ཆེན་ཀྲུང་ཧྭ་ལས་རིགས་སློབ་གསོ་ཁང་གི་ཀྲུའུ་རེན་ཝང་ཞོན་བཅས་ཚོགས་འདུར་ཕེབས་པ་དང་འབྲེལ་མཚོ་སྔོན་ནང་བསྟན་སློབ་གྲྭ་ཆེན་མོ་ལ་སྒོ་བྱང་བཀལ་ཅིང་། མགོན་པོ་བཀྲ་ཤིས་ཀྱིས་བསྟན་དོན། “དྲོ་སྐྱིད་ལས་གྲྭའི་རྒྱལ་ཁབ་སྤྱི་སྤྱོད་སྐད་ཡིག་གསོ་སྦྱོང་རྟེན་གཞི”མཚོ་སྔོན་ནང་བསྟན་སློབ་གྲྭ་ཆེན་མོ་རུ་བཙུགས་པའི་ཐོག་ནས་མཚོ་སྔོན་ཞིང་ཆེན་གྱི་རྒྱལ་ཁབ་སྤྱི་སྤྱོད་སྐད་ཡིག་ལེགས་སུ་གཏོང་བའི་ལས་དོན་གསར་པ་ཞིག་འགོ་ཚུགས་པ་མཚོན་ཡོད་པ་དང་།    ནང་བསྟན་སློབ་གྲྭ་ཆེན་མོས་དེའི་གོ་སྐབས་དང་བསྟུན་ནས་ཡང་འབད་བསྐྱར་འབད་ཀྱིས་རྟེན་གཞིའི་ལས་སྟེགས་ཀྱི་ལེགས་ཆ་འདོན་སྤེལ་ཧུར་ཐག་བྱས་ཏེ་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་ཞིང་ཆེན་གཏོད་ཆེད་དུ་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་རྒྱུའི་རེ་བ་ཡོད་པར་གསུངས།  

            ཐེངས་འདིའི་ཉིན་གསུམ་གྱི་རིང་གི་དཔྱད་གླེང་ཚོགས་འདུའི་ཐོག་ཀྲུང་གོའི་བོད་རིག་པའི་ཞིབ་འཇུག་ལྟེ་གནས་དང་། ཀྲུང་གོའི་སྐད་བརྡའི་ཐོན་ཁུངས་གསར་སྤེལ་བེད་སྤྱོད་ལྟེ་གནས། མི་རིགས་རིག་གནས་ཕོ་བྲང་། ཀྲེ་ཅང་སློབ་ཆེན། ལྷོ་ནུབ་མི་རིགས་སློབ་ཆེན། མཚོ་སྔོན་སྤྱི་ཚོགས་ཚན་རིག་ཁང་། མཚོ་སྔོན་དགེ་འོས་སློབ་ཆེན། མཚོ་སྔོན་མི་རིགས་སློབ་ཆེན་སོགས་རྒྱལ་ཡོངས་དང་ས་གནས་ཁག་གི་མཐོ་རིམ་སློབ་གླིང་དང་ཚན་ཞིབ་ལས་ཁུངས་ཀྱི་ཆེད་མཁས་པ50ལྷག་དང་། ཀྲུང་གོའི་བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་དང་ཞིང་སྐྱོང་ལྔའི་བོད་བརྒྱུད་ནང་བསྟན་སློབ་གླིང་གི་འཐུས་མི་དང་ཡོངས་འཛིན། མཚོ་སྔོན་ནང་བསྟན་མཐུན་ཚོགས་དང་ཀན་སུའུ་བླ་བྲང་བཀྲ་ཤིས་འཁྱིལ། ཟི་ལིང་སྐུ་འབུམ་བྱམས་པ་གླིང་། རྨ་ལྷོའི་རེབ་གོང་རོང་བོ་དགོན་ཆེན་སོགས་ཀྱི་བླ་མ་དང་དགེ་བའི་བཤེས་གཉེན་བཅས་ཚོགས་འདུར་ཞུགས་ཏེ། རྒྱལ་ཁབ་སྤྱི་སྤྱོད་སྐད་ཡིག་དང་། རྒྱ་བོད་ཡིག་སྒྱུར། རྒྱ་བོད་ནང་བསྟན་རིག་གནས་སྤེལ་རེས་སོགས་ཀྱི་སྐོར་ནས་རིག་གཞུང་དཔྱད་རྩོམ35ཕུལ་ནས་རྒྱལ་ཁབ་སྤྱི་སྤྱོད་སྐད་ཡིག་གི་ནང་རིག་བསླབ་གཞི་སྒྲིག་འཛུགས་དང་རྒྱ་བོད་ནང་བསྟན་རིག་གནས་སྤེལ་རེས། བོད་བརྒྱུད་ནང་བསྟན་ལས་རིགས་ལ་རྒྱལ་ཁབ་སྤྱི་སྤྱོད་སྐད་ཡིག་ཁྱབ་གདལ་གཏོང་བའི་ལས་དོན་བཅས་ལ་གྲོས་བསྡུར་གནང་ཞིང་།     མཚོ་སྔོན་ནང་བསྟན་སློབ་ཆེན་གྱི་དགེ་སློབ300ལྷག་ཀྱང་བགྲོ་གླེང་ཚོགས་འདུར་ཞུགས།  །
  


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1