གོ་ཐོས་ལྟར་ན། མདོ་སྨད་ཙོང་ཁའི་ཡུལ་དུ་ཁྱད་མཚར་གྱི་འཁྲུངས་ཆོས་མངོན་པའི་ཁྱེའུ་ཞིག་གི་འཁྲུངས་ཡུལ་དུ་ཙན་དན་གྱི་སྡོང་བོར་རྒྱལ་བ་སེང་གེའི་ང་རོའི་སྐུ་འབུམ་དང་ལྷུན་གྱིས་གྲུབ་ནས་སྐྱེས་པར་བདོག། དེ་ནི་དེང་གི་སྐུ་འབུམ་དགོན་པའི་དགོན་རྟེན་དང་། བདེ་ལེགས་ཀུན་གྱི་གཡང་ཤིང་། བྱིན་རླབས་སྤྱི་ཡི་ཕྱྭ་སྡོང་ཡིན་པར་གྲགས།ཨ་མ་ལ་ཡང་ཙན་དན་གྱི་ཕྲེང་བ་ཞིག་ཡོད། དེ་ནི་སྐུ་འབུམ་དགོན་དུ་སྐྱེས་པའི་ཙན་དན་གྱི་སྡོང་བོ་དེ་དང་འདྲ་བའི་བྱིན་རླབས་དང་ངོ་མཚར་གྱིས་ཕྱུག་ཅིང་། རིན་ཐང་དང་ལོ་རྒྱུས་ལྡན་པ་ཞིག་ཡིན་མིན་ཆ་མི་འཚལ་ཡང་ཁོ་བོར་དྲན་ཤེས་ཀྱི་ནུས་པ་མངའ་བ་ནས་བཟུང་ཨ་མ་དང་འབྲལ་མེད་ལུས་དང་གྲིབ་མ་ལྟར་གྱུར་ཡོད། ཨ་མས་ནམ་ཡང་ཕྲེང་བ་དེ་འཛིན་ནས་མ་ཎི་དང་དམིགས་བརྩེ་མ། སྐྱབས་འགྲོ་སོགས་བཟླས་ནས་ཉིན་དང་ལོ་ཟླ་མཐུད་ནས་མི་ཚེ་སྐྱེལ་བཞིན་པར་མཆིས།ཨ་མར་མཚོན་ན་དེ་ནི་སྤྱིར་བཏང་གི་ཕྲེང་བ་ཞིག་མ་ཡིན་པར། ཁོ་མོས་ནམ་ཡང་དད་པའི་གསོལ་བ་འདེབས་བྱེད།རེ་བའི་སྨོན་ལམ་རྒྱག་བྱེད། དམ་པའི་ཆོས་སྒྲུབ་བྱེད་ཀྱི་གཡང་ཕྲེང་ཞིག་གི་འདང་དང་། ནོར་བུ་ཞིག་གི་ཞེན་འཁོར་ཡོད། ཕལ་ཆེར་བོད་ཁ་བ་ཅན་གྱི་ཨ་མ་ཐམས་ཅད་ཀྱང་དེ་ལྟ་བུ་ཞིག་ཡིན་ངེས། དེའི་རྐྱེན་གྱིས་ཨ་མ་དང་མ་ཎི་མཉམ་ཤེས། བོད་ཕྲེང་བ་ཅན་ཞེས་པའི་མཚན་སྙན་གྱི་བ་དན་གཡོ་བ་བྱུང་།ཨ་མའི་ཙན་དན་ཕྲེང་བ་དེ་ནི་གསེར་དངུལ་གྱིས་བསབས་པ་ཞིག་མ་ཡིན་ལ། རིན་པོ་ཆེ་ཡིས་སྤྲས་པ་ཞིག་དེ་བས་ཀྱང་མིན། དེ་ནི་ཕར་བལྟས་ཚོད་ཀྱིས་ཆེས་ཕལ་བ་ལས་ཀྱང་ཕལ་བ་ཡིན་པའི་ཙན་དན་གྱི་ཕྲེང་བ་ཞིག་རེད། ཅང་ཐུན་མོང་མ་ཡིན་པ་ནི་ཨ་མས་ཉིན་མཐུད་ཟླ་དང་ཟླ་མཐུད་ལོ་ཡི་རིང་ལག་ཏུ་བཟུང་ནས་མཐེ་བོ་དང་མཛུབ་མོའི་བར་དུ་བགྲངས་བས་ཟད་ཅིང་རྙིང་དུ་གྱུར་པ་ཤ་སྟག་གོ །ཕྲེང་རྡོག་བརྒྱ་དང་བརྒྱད་ཀྱི་བར་དུ་ཨ་མའི་སེམས་ཁྲལ་དང་ན་ཟུག་གི་སྨྲེ་ངག་རླབས་ཕྲེང་བརྒྱ་དང་བརྒྱད་ཡོད་ལ། བདེ་སྐྱིད་དང་དགའ་སྤྲོའི་གླུ་དབྱངས་ཀྱི་འགྱུར་ཁུགས་བརྒྱ་དང་བརྒྱད་ཡོད་ཅིང་། གདུང་སེམས་དང་སྡུག་བསྔལ་གྱི་མིག་ཆུའི་ཐིགས་པ་བརྒྱ་དང་བརྒྱད། དད་སེམས་དང་རྣམ་དག་གི་དཀྱིལ་འཁོར་རིམ་པ་བརྒྱ་དང་བརྒྱད་ཀྱང་ཡོད། དེ་ནི་དད་སེམས་ཀྱི་ཡིད་ཤེས་བསྟེན་པའི་གཞི། བསླུ་མེད་དགེ་བའི་སྐྱབས་འདྲེན་དམ་པ་ལགས།ཨ་མའི་ཙན་དན་ཕྲེང་བ་དེ་ནི་སྒེར་དོན་སྨོན་པའི་ཕྲག་དོག་གི་དུག་སྦྲུལ་ཞིག་མིན་ལ། འདོད་རྔམས་ཀྱི་ཧམ་སེམས་སྦར་བའི་མེའི་གྲོགས་ཀྱི་སྣུམ་སྒམ་མ་ཡིན་ཞིང་། གནོད་སེམས་ཀྱིས་བརྡར་བའི་རལ་གྲི་སོ་གཉིས་མ་ཞིག་དེ་བས་ཀྱང་མིན། དེ་ནི་ཆོས་བསླུ་མེད་རྣམ་དག་གི་སྨོན་ལམ་འདེབས་ས། སྐྱབས་བསླུ་མེད་དཀོན་མཆོག་ལ་དད་པ་བཅོལ་བྱེད་ཡིན། དེ་རུ་རིགས་དྲུག་མ་གཅིག་ཏུ་སྒོམ་པའི་བྱམས་དང་སྙིང་རྗེ་ཡོད་ལ། དེ་རུ་མི་དགེ་བཅུའི་སྡིག་སྒྲིབ་སྤངས་པའི་དགེ་བཅུ་དམ་པའི་ལྷ་ཆོས་ཀྱི་ས་བོན་མངའ། དེ་རུ་ཟང་ཟིང་དང་རྙོག་འཛིང་དབེན་པའི་ཞི་དུལ་དང་བག་ཡོད་ཀྱི་བློའི་མལ་མཆིས།ཙན་དན་ནི་ཤིང་གི་མཆོག་སྟེ། ཤིང་ཡར་སྐྱེས་ནང་གི་ཙན་དན། ཆུ་མར་འབབ་ནང་གི་བདུད་རྩི། ཐུབ་བསྟན་ནི་ཆོས་ཀྱི་གཙུག་སྟེ། སྡིག་པ་ཅི་ཡང་མི་བྱ་ཞིང་། ། དགེ་བ་ཕུན་སུམ་ཚོགས་པར་སྤྱད། ། རང་གི་སེམས་ནི་ཡོངས་སུ་འདུལ། ། འདི་ནི་སངས་རྒྱས་བསྟན་པ་ཡིན། ། འདི་ནི་ཨ་མའི་བྱམས་དང་སྙིང་རྗེའི་བསྐྱེད་ཡུམ། ཞི་འཇམ་དང་ཚུལ་མཐུན་གྱི་རུ་མ། ཡ་རབས་དང་དགེ་བའི་འབྱུང་གཞི། འདི་ནི་གངས་ཅན་ཨ་མ་ཀུན་གྱི་བསམ་པའི་ཞིང་ས་དང་། ཁ་བ་ཅན་པའི་ལྟ་གྲུབ་ཀྱི་ས་བོན་ལགས།ཕྲེང་བ་ནི་རིགས་ཀྱི་སྲོལ། མཛེས་པའི་རྒྱན། རིག་པའི་ཤས་ཡིན་པར་མ་ཟད། ད་དུང་། དད་པའི་རྟེན། ཆོས་ཀྱི་ཚོན། མ་ཎིའི་བླ། དགེ་བའི་ཚོགས་འཁོར་སའང་ཡིན། དགའ་སྐྱིད་དང་དཀའ་སྡུག་གི་ལས་དབང་གང་གིས་བསྐོས་ཀྱང་། བདེ་སྡུག་དང་རྒྱལ་ཕམ་ཅི་ལ་ཕྲད་ཀྱང་། ཕྲེང་བ་ནི་ཨ་མའི་ལག་གི་མཛུབ་མོ་ལྟར་གཏན་ནས་འབྲལ་མྱོང་མེད། ཕྲེང་བ་དེ་ནི་རྒྱུ་འབྲས་བརྩི་སྲུང་། ལས་འབྲས་རྣམ་སྨིན། སྐྱེ་བ་སྔ་ཕྱིའི་དམ་ཚིག་དང་དད་མོས་ཀྱི་བལ་སྐུད་ཀྱིས་སྦྲེལ་ཡོད།འཛམ་གླིང་གི་མི་རིགས་སུ་དང་གང་ཡིན་རུང་། དེའི་འཚར་ལོངས་དང་འཕེལ་རྒྱས་ཀྱི་བརྒྱུད་རིམ་ལས་ཨ་མའི་ཤན་ཤུགས་དང་དེས་སྐྱེད་སྲིང་མ་ཐེབས་པ་ཞིག་ནི་ཡོད་མི་སྲིད་སྟེ། ཨ་མའི་སློབ་གསོ་དང་ཀུན་སྤྱོད་ནི་མི་རིགས་ཀྱི་སློབ་གསོ་དང་ཀུན་སྤྱོད་གཉིས་རྟེན་ཅིང་འབྲེལ་འབྱུང་གི་འབྲེལ་བ་ཡིན་ཕྱིར། ཨ་མ་དང་མ་ཎི་མཉམ་ཤེས་ཀྱི་འབྲེལ་བས་བོད་ཕྲེང་ཅན་པའི་མི་རིགས་ཤིག་བྱུང་བར་གནས།ལོ་ཟླའི་བར་མེད་ཀྱི་འཁོར་ལོ་ཇི་ལྟར་འཁོར་ཡང་། ཨ་མའི་གཡང་ཕྲེང་གི་ཙན་དན་གྱི་དྲི་ཞིམ་ནི་ལོ་ཟླས་མ་བརྔུབས་གཉུག་མའི་རང་བཞིན་བརྟན། འགྱུར་ལྡོག་དང་འཕེལ་འགྲིབ་ཀྱི་ཛ་དྲག་ཇི་ལྟར་འཚུབ་ཀྱང་། གཡང་ཕྲེང་གི་འདང་ཞེན་དང་དད་མོས་ནི་ཡར་ངོའི་ཟླ་བའི་གོར་གོར་ལོ་དང་དུས་འགྲོས་འཕེལ། ཨ་མས་རྒྱུན་པར་ཙན་དན་གྱི་གཡང་ཕྲེང་འདི་འདྲ་ཡོད་པ་ནི་ཁོ་མོའི་བསོད་ནམས་དང་ལས་སྐལ་ཡིན་ཞེས་བཟླས་མྱོང་། འདུས་བྱས་ཐམས་ཅད་མི་རྟག་དང་། ཆོས་ཐམས་ཅད་བདག་མེད་ཡིན་ཕྱིར། སྐྱེ་བ་ཕྱི་མར་བཅོལ་བ་བཞིན། ནོར་ལ་རང་ཉིད་ལེན་ཐུབ་པ་ནི་དམིགས་མེད་ཀྱི་བརྩེ་བ་དང་ཚད་མེད་ཀྱི་སྙིང་རྗེ་ལས་བལྟམས་པའི་འབྲུ་དྲུག་མ་ཎིའི་མཆོད་པའི་ཚོགས་འབྲས་ཁོ་ནར་ཡིན་པར་འདོད།ཨ་མའི་ཙན་དན་གཡང་ཕྲེང་། འདི་ནི་ཨ་མ་གཅིག་པུར་ཡོད་པའི་ཙན་དན་གཡང་ཕྲེང་ཞིག་མ་ཡིན་ཏེ། གངས་ཅན་ཨ་མ་ཀུན་ལ་ཡོད་ནས་གཏན་པར་སྨོན་པའི་ཙན་དན་གྱི་གཡང་ཕྲེང་ཞིག་གོ །