རྒྱལ་ཁབ་སྨན་བཅོས་རུ་ཁག་གིས་བོད་ལྗོངས་མེ་ཏོག་རྫོང་དུ་སྐོར་སྐྱོད་སྨན་བཅོས་ལས་དོན་སྤེལ་བ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 10-15



 
    འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཤིན་ཧྭ་གསར་འགྱུར་དྲ་བའི་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ཉེ་ཆར། པེ་ཅིང་དང་བར་ཐག་སྤྱི་ལེ་3300ཡོད་པའི་བོད་ལྗོངས་མེ་ཏོག་རྫོང་གྲོང་གི་ཁྲོམ་གཞུང་དུ་རྒྱལ་དར་དང་ཚོན་ཁྲ་ཅན་གྱི་གློག་སྒྲོན་བཀལ་བས་དུས་ཆེན་གྱི་རྣམ་པ་ཟབ་མོ་ལྡན་ཡོད། ཏུང་པུའུ་ལམ་འགྲམ་དུ་གྲལ་སྟར་རིང་པོ་བསྒྲིགས་ནས་མི་ཚོགས་ཀྱིས་ཁེངས་འདུག
    “ཁྱེད་ཀྱི་གནས་ཚུལ་འདི་ང་ཚོ་མིག་ནད་ཚན་ཁག་གི་སྨན་པའི་ངོས་ནས་བརྗོད་ན་གནད་དོན་ཆེན་པོ་མིན་པས་ཁྱེད་ཀྱིས་ང་ལ་ཡིད་ཆེས་བྱེད་དགོས། མགོ་མ་འགུལ་ཨང་། དེ་འདྲ་རེད”ཅེས་ཀྲུང་ཧྲན་སློབ་ཆེན་སུན་དབྱི་ཤན་དྲན་གསོའི་སྨན་ཁང་གི་མིག་ནད་ཚན་ཁག་གི་སྨན་པ་ཀུང་ཧའེ་ཅུན་གྱིས་ནད་པ་ཕྱག་རྡོར་ཚེ་རིང་ལ་སེམས་གསོ་བྱེད་ཞོར་དུ་གློག་སྒྲོན་འོག་ཏུ་མ་ལག་བདེ་པོས་སྨན་ཁབ་བརྒྱབ་ནས་ཁོང་གི་མིག་སྐྱིའི་ནང་གི་ལྕགས་ཕྱེ་བཏོན།
    ཟླ་10ཚེས་1ཉིན་སྨན་པ་ཀུང་ཧའེ་ཅུན་གྱིས་ཕྱག་རྡོར་ཚེ་རིང་ལ་མིག་སྐྱིའི་ནང་གི་ལྕགས་ཕྱེ་བཏོན་པའི་སྨན་བཅོས་བྱས།
    ཀུང་ཧའེ་ཅུན་དང་སྨན་ཁང་གི་ལས་རོགས་གཞན་དག་6གིས་རྒྱལ་ཁབ་སྨན་བཅོས་རུ་ཁག་གི་བོད་ལྗོངས་ཉིང་ཁྲི་གྲོང་ཁྱེར་དུ་སྐོར་སྐྱོད་སྨན་བཅོས་ཀྱི་ལས་འགན་འཁུར་ཡོད། ལས་ཀའི་བཀོད་སྒྲིག་གཞིར་བཟུང་ཁོང་ཚོས་རྒྱལ་སྟོན་ཉིན་མེ་ཏོག་རྫོང་དུ་འོས་འགན་སྨན་བཅོས་བྱས་པ་རེད།
    བརྟག་དཔྱད་དང་། གཙང་འཁྲུད། མིག་སྨན་བླུག་པ། རྨ་རས་དཀྲི་བ་སོགས་ཀྱི་གོམ་སྟབས་བརྒྱུད། ཉིན་ཤས་རིང་ཕྱག་རྡོར་ཚེ་རིང་གི་མིག་གི་ན་ཟུག་དེ་གཞི་ནས་གཞི་ལྷོད་དུ་བཏང་ཡོད།
    “དུས་ཐོག་ཏུ་ཐག་གཅོད་མ་ཐུབ་ན་རྣག་རྒྱག་པ་དང་གལ་སྲིད་རྣག་ཡང་སེ་བརྒྱབ་ནས་ཟླ་ཁ་ཤས་ནར་འགྱངས་བྱས་ཚེ་ལོང་བ་ཆགས་ཉེན་ཡོད”ཅེས་ཀུང་ཧའེ་ཅུན་གྱིས་བཤད།
    ཕྱག་རྡོར་ཚེ་རིང་མེ་ཏོག་གི་ལས་ཡུལ་ཞིག་ཏུ་གཅུས་གཟེར་རྒྱག་མཁན་གྱི་བཟོ་པ་ཞིག་རེད། ཁོང་གིས་རང་ཉིད་ཀྱི་མིག་ནང་ལྕགས་ཕྱེ་ག་དུས་འཛུལ་བ་གསལ་པོར་ངེས་ཀྱི་མེད། ཉིན་ཤས་སོང་རྗེས་ན་ཟུག་ཆེ་རུ་ཕྱིན་ནས་རྒྱལ་ཁབ་སྨན་བཅོས་རུ་ཁག་གིས་མེ་ཏོག་གི་ཁྲོམ་གཞུང་དུ་འོས་འགན་སྨན་བཅོས་བྱེད་ཀྱི་ཡོད་པ་ཐོས་རྗེས། ཕྱག་རྡོར་ཚེ་རིང་གིས་བཟའ་ཟླ་དང་ལས་རོགས་ཚོའི་རོགས་རམ་འོག་སྨན་པ་བསྟེན་པར་ཡོང་།
    མིག་ནད་ཕུད་འོས་འགན་སྨན་བཅོས་བྱ་ཡུལ་དུ་ད་དུང་ནུ་མའི་གཤེར་རྨེན་གྱི་ཕྱི་བཅོས་ཚན་ཁག་དང་། སྐྲན་ནད་ཚན་ཁག ཕོ་རྒྱུ་མཆིན་མཁྲིས་ཕྱི་བཅོས་ཚན་ཁག སྙིང་ནད་ཚན་ཁག རུས་ནད་ཚན་ཁག་བཅས་ཀྱི་སྨན་པ་ཡོད་ལ། མེ་ཏོག་རྫོང་མི་དམངས་སྨན་ཁང་ནས་ཡོང་བའི་སྨན་པས་ཁོང་ཚོར་གཞོགས་འདེགས་དང་སློབ་སྦྱོང་བྱེད་ཀྱི་ཡོད། འོས་འགན་སྨན་བཅོས་སྟེགས་བུའི་མདུན་དུ་ནད་བསྟེན་པར་ཡོང་མཁན་ས་གནས་དེ་གའི་མང་ཚོགས་རྒྱུན་ཆད་རྒྱུ་མེད།
    གནམ་གཤིས་དང་འཚོ་བའི་གོམས་གཤིས་ཀྱིས་རྐྱེན་པས། ཚིགས་གྲུམ་གྱི་ནད་ནི་ས་གནས་དེ་གར་ཐོན་མང་བའི་ནད་གཞི་ཞིག་ཡིན་སྟབས། རུས་ནད་ཚན་ཁག་གི་སྨན་པ་ལི་ཡུས་ཤིས་ཆུ་ཁ་གང་ཡང་འཐུང་ཁོམ་མེད་པར་སྔ་དྲོ་གཅིག་རིང་ནད་པ་80ལྷག་ལ་ནད་བརྟག་སྨན་བཅོས་བྱས་པ་རེད།
    ལོ་37ལ་སླེབས་པའི་རྡོ་ངག་བསྟན་འཛིན་ནི་མེ་ཏོག་རྫོང་སྡོད་ཁང་འཛུགས་སྐྲུན་ཅུས་ཀྱི་ལས་དོན་པ་ཞིག་ཡིན་ཞིང་། 2017ལོར་གྲོང་སྡོད་ལས་དོན་སྤེལ་རིང་ས་ལ་འགྱེལ་ནས་དཔུང་པ་གཡས་པའི་རུས་པ་ཆག་པ་མ་ཟད་རྩིབ་རུས་གསུམ་ཡང་ཆག་ཡོད། ཉེ་ཆར་ཁོང་ལ་རྨས་སྐྱོན་ཕོག་པའི་དཔུང་པ་སྦྲིད་ནས་རྒྱལ་ཁབ་སྨན་བཅོས་རུ་ཁག་གིས་འོས་འགན་སྨན་བཅོས་བྱེད་པའི་གནས་ཚུལ་ཐོས་རྗེས་ཆེད་མངགས་དེ་གར་ཡོང་།
    ཟླ་10ཚེས་1ཉིན་སྨན་པ་ལི་ཡུས་ཤིས་ཀྱིས་རྡོ་ངག་བསྟན་འཛིན་ལ་བརྟག་དཔྱད་བྱས།
    རྡོ་ངག་བསྟན་འཛིན་གྱིས“འོས་འགན་སྨན་བཅོས་བྱེད་མཁན་སྨན་པའི་ཆུ་ཚད་ཧ་ཅང་མཐོ་པོ་འདུག ཁོང་ཚོས་ངའི་ནད་གཞིར་ཞིབ་ཚགས་བལྟས་པ་མ་ཟད། ད་དུང་ང་ལ་སྨན་མང་པོ་སྤྲད་བྱུང་བས་ཁོང་ཚོར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན”ཞེས་བཤད།
     འོས་འགན་སྨན་བཅོས་ཀྱི་བྱེད་སྒོ་མཇུག་འགྲིལ་རྗེས་ཀུང་ཧའེ་ཅུན་གྱི་ལག་པའི་ནང་གི་ཐོ་འགོད་ཆ་འཕྲིན་དེ་བས་མང་དུ་སོང་།
    “མེ་ཏོག་ཏུ་སྨུག་ཕྱིའི་འོད་ཟེར་ཤུགས་ཆེ་བས་སྐྱ་གྲིབ་ནད་ཐོན་སླ་པོ་ཡོད། དེ་ནི་སྐྱ་གྲིབ་ནད་ཀྱི་ནད་དཔྱད་རགས་ཙམ་ཐུབ་པའི་མིང་ཐོ་ཡིན། རྗེས་སུ་ང་ཚོས་ཚང་མར་གཅིག་སྡུད་ཐོག་སྐྱ་གྲིབ་གཤག་བཅོས་བྱེད་པར་ཡོང་གི་ཡིན”ཞེས་ཀུང་ཧའེ་ཅུན་གྱིས་བཤད།
     རྒྱལ་ཁབ་སྨན་བཅོས་རུ་ཁག་དེ་རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱིས་བཙུགས་པ་ཞིག་ཡིན་པ་དང་། ལོ་ལྟར་མེ་ཏོག་དང་འདྲ་བའི་སྨན་བཅོས་ཞབས་ཞུའི་ནུས་པ་ཞན་པའི་ས་ཁུལ་དུ་དུས་ཡུན་ཟླ་བ་གཅིག་རིང་གི་སྐོར་སྐྱོད་སྨན་བཅོས་ལས་དོན་སྤེལ་ནས་ས་གནས་དེ་གའི་མང་ཚོགས་ལ་སྨན་བཅོས་བྱེད་པ་དང་སྨན་སྤྲོད་པ། དུས་མཚུངས་ས་གནས་དེ་གའི་སྨན་བཅོས་འཕེལ་རྒྱས་ཀྱི་ཆུ་ཚད་དང་ནད་གཞི་གཙོ་བོའི་གནས་ཚུལ་ཤེས་རྟོགས་བྱས་པ་བརྒྱུད། ཁ་གཏད་སྨན་བཅོས་རོགས་སྐྱོར་སྔར་བས་ཞིབ་ཚགས་སུ་གཏོང་གི་ཡོད།
    ད་ཐེངས་ཉིང་ཁྲི་གྲོང་ཁྱེར་སྐོར་སྐྱོད་སྨན་བཅོས་ལས་དོན་གྱི་རུ་སྣེ་ཁྲིད་མཁན་ཀྲུང་ཧྲན་སློབ་ཆེན་སུན་དབྱི་ཤན་སྨན་ཁང་གི་ཡོན་ཀྲང་གཞོན་པ་ཡའོ་ཧོ་རུའེ་ཡིས། “ང་ཚོས་ས་གནས་དེ་གའི་གནས་ཚུལ་དང་འཚམ་པའི་མི་སྣ་ཧྲག་པོ་ད་ཐེངས་ཀྱི་སྐོར་སྐྱོད་སྨན་བཅོས་ནང་མངགས་གཏོང་བྱས་པ་ཡིན། གོམ་སྟབས་རྗེས་མར་ང་ཚོས་ཚོགས་སྒྲིག་རྣམ་པའི་རོགས་སྐྲུན་མུ་མཐུད་ཡག་པོ་བྱས་ནས་ནུས་ཤུགས་ཡོད་རྒུས་བོད་ཀྱི་མི་རིགས་ཁག་གི་མང་ཚོགས་ལ་སྤུས་ལེགས་ཀྱི་སྨན་བཅོས་ཞབས་འདེགས་ཞུ་རྒྱུ་ཡིན”ཞེས་བཤད་པ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1