[ནང་དོན་གནད་བསྡུས།] དཔྱད་རྩོམ་འདིར་སྒྲ་རྟོག་ཐམས་ཅད་སྒྲུབ་འཇུག་ཏུ་བཞེད་པའི་བྱེ་བྲག་པ་དང་གྲངས་ཅན་པའི་ལྟ་དགོངས་ལ་ཞིབ་བསྡུར་དང་དབྱེ་ཞིབ་བྱས་ཡོད་ལ། ལྡོག་ཁྱབ་ངེས་པ་ལའང་མ་མཐོང་བ་ཙམ་གྱིས་མི་ཆོག་པར་དེ་སྒྲུབ་ཀྱི་མི་མཐུན་ཕྱོགས་ལ་མེད་པ་ཉིད་དུ་ཚད་མས་ངེས་དགོས་པའི་ལྟ་ཚུལ་བཏོན་ཡོད་པ་དང་། དེ་བཞིན་དུ་《ཚད་མ་ཀུན་བཏུས་》ལས་བསྟན་པའི་གཞན་སེལ་(anyāpoha)གྱི་རྣམ་གཞག་ལ་རྒྱའི་ཚད་གཞུང་《ཚད་མའི་འགྲེལ་ཆེན་》(因明大疏)དུ་“表诠”ཞེས་ཡིག་སྒྱུར་མཛད་ནས་འགྲེལ་བཤད་གནང་ཡོད་རུང་དེ་ནི་ཤིན་ཏུ་བསྡུས་པ་དང་རྟོགས་དཀའ་བས། འདིར་《ཚད་ཆེན་དཀའ་འགྲེལ་》ཁྲོད་ཀྱི་གཞན་སེལ་གྱི་རྣམ་གཞག་དང་དེའི་དགོངས་པ་བོད་ཀྱི་མཁས་པས་ཇི་ལྟར་བཀྲལ་བའི་ཚུལ་ལ་དོགས་སློང་དང་དཔྱད་འཇོག་བྱས་པ་ཡིན་ཞིང་། སྒོས་སུ་མཁས་གྲུབ་རྗེ་སོགས་དགེ་ལུགས་པའི་ལྟ་དགོངས་གཞིར་བཟུང་ནས་གཞན་སེལ་གྱི་མཚན་ཉིད་དང་རབ་དབྱེ། མཚན་གཞི་སོགས་ལ་ཞིབ་འཇུག་བྱས་ཏེ་སྒྲ་རྟོག་སེལ་འཇུག་ཡིན་པའི་རྒྱུ་མཚན་བརྗོད་ཡོད།
[གནད་ཚིག] ཀ་མ་ལ་ཤཱི་ལ། 《ཚད་ཆེན་དཀའ་འགྲེལ》 གཞན་སེལ། གཏན་ཚིགས་རིག་པ།
[ཀྲུང་གོའི་དཔེ་དེབ་དབྱེ་རྟགས།] B946.6 [ཡིག་ཆའི་མཚོན་རྟགས།] A [རྩོམ་ཡིག་ཨང་རྟགས།] 1002-9060-2021-01-0057-11
སྤྱིར་ཚད་མ་རིག་པ་ནི་གཞི་དངོས་པོའི་གནས་ལུགས་རྟོགས་པ་ལ་མེད་དུ་མི་རུང་བའི་གཞུང་ལུགས་ཤིག་ཡིན་ལ། སྒོས་སུ་གཞན་སེལ་གྱི་ཆ་འདི་ནི་རྟོག་པ་ཡུལ་ལ་ཇི་ལྟར་འཇུག་པའི་ཚུལ་ལ་ཤིན་ཏུ་གལ་ཆེན་པོར་སྣང་སྟེ། ཕྱི་རོལ་བྱེ་བྲག་པ་དང་གྲངས་ཅན་པས་རྟོག་པ་ཐམས་ཅད་ཡུལ་ལ་དངོས་དབང་གིས་འཇུག་པས་སྒྲུབ་འཇུག་ཏུ་བཞེད་ཅིང་། བརྒྱ་ལ་དེ་འདྲ་ཡིན་ན་རྟོག་པའི་སྣང་ཡུལ་དང་ཞེན་ཡུལ་ལའང་ཁྱད་མེད་པར་དངོས་པོ་རང་མཚན་པ་ཁོ་ན་ཡིན་དགོས་པ་དང་། རྟོག་པ་ལ་སྣང་བའི་དོན་སྤྱིའམ་སྤྱི་མཚན་དེ་ཡང་དོན་ལས་ལོགས་སུ་མེད་པས་དོན་གྱིས་སྣང་བ་འགོག་ཅིང་སྣང་བས་དོན་འགོག་པར་འགྱུར་ལ། དེ་བཞིན་དུ་བྱེ་བྲག་པས་《བྱེ་བྲག་པའི་མདོ་》སོགས་མཛད་ནས་ཤེས་བྱ་ཐམས་ཅད་ངོ་བོ་ཐ་དད་དུ་སྨྲས་པ་དང་། གྲངས་ཅན་པས་ཤེས་བྱ་ཐམས་ཅད་རྫས་གཅིག་ཏུ་བཞེད་པའི་《གསེར་བདུན་ཅུ་པ་》སོགས་སྒྲ་རྟོག་སྒྲུབ་འཇུག་ཡིན་པའི་གཞུང་མང་པོ་བརྩམས་པ་ན། ནང་པའི་སློབ་དཔོན་ཕྱོགས་ཀྱི་གླང་པོས་《གཏན་ཚིགས་སྒོའི་བསྟན་བཅོས་》(Hetumukha)དང་། 《གཏན་ཚིགས་ལྟར་སྣང་སྒོའི་བསྟན་བཅོས》(Hetvābhāsamukha) 《རིགས་པ་བརྟག་པ》(Nyāyaparīksā) 《བྱེ་བྲག་པ་བརྟག་པ》(Vaişesikaparīksā)《གྲངས་ཆེན་བརྟག་པ》 (sāmkhyaparīksā) 《རྩོད་པ་བཞག་པའི་འགྲེལ་བ》(Vādavidhānatīkā) 《སྤྱི་བརྟག་པ》(sāmānyaparīksā) 《དཱ་ཝ་ད་ཤ་ཤ་ཏི་ཀ》 (Dvādašasatikā)སོགས་ཚད་མའི་བསྟན་བཅོས་བརྒྱད་མཛད་ནས་སྒྲ་རྟོག་སེལ་འཇུག་ཡིན་པའི་ལྟ་དགོངས་བཏོན་ཞིང་། གཞན་སེལ་གྱི་རིགས་པ་འདི་ལེགས་པར་མ་རྟོགས་ན་བདེན་གཉིས་ཀྱི་རྣམ་གཞག་ལ་ཤིན་ཏུ་རྨོངས་པར་འགྱུར་ཏེ། ཆོས་ཐམས་ཅད་རང་བཞིན་གྱིས་གྲུབ་པ་དང་བདེན་གྲུབ་ཏུ་རློམ་ནས་རང་བཞིན་གཅིག་འདྲེས་ཀྱི་ལྟ་ཚུལ་འཛིན་པར་བྱེད་པས།གཤམ་ནས་གཞན་སེལ་གྱི་རྣམ་གཞག་རྣམས་རེ་རེ་བཞིན་བརྗོད་པར་བྱ་བ་ལ།
དང་པོ། གཞན་སེལ་གྱི་མཚན་ཉིད་དང་རབ་དབྱེ་སོགས་བྱེ་བྲག་ཏུ་བཤད་པ།
སྤྱིར་གཞན་སེལ་དང་དགག་པ། སེལ་བ་དང་ལྡོག་པ་རྣམས་དོན་གཅིག་མིང་གི་རྣམ་གྲངས་ཡིན་ལ། སློབ་དཔོན་ཤཱཀྱ་བློས། “གང་སྔོན་གྱི་སློབ་དཔོན་དག་གིས་ཐམས་ཅད་ལ་ཁྱད་མེད་པར་རྣམ་པར་བཞག་པ་ཡིན་ཏེ། ཐམས་ཅད་ལ་དགག་པ་ཙམ་ལ་ཁྱད་པར་མེད་པའི་ཕྱིར་”①ཞེས་གསུངས་པའང་དོན་འདི་ལ་ཅུང་ཙམ་གཞོལ་ཡང་ཆ་ཡོངས་སུ་མཚུངས་པར་བསྟན་པ་མིན་ཏེ། འདིའི་དོན་ནི་མཁས་གྲུབ་རྗེའི་དགོངས་པ་བཞིན་ཆོས་ཐམས་ཅད་རང་ངོས་ནས་དགག་པ་ཡིན་པར་གོ་བ་དང་། ཆོས་ཐམས་ཅད་ལ་མེད་དགག་གི་གཞན་སེལ་རེ་ཁྱད་མེད་པར་ཡོད་ཚུལ་ཙམ་བསྟན་པ་ཡིན་ནོ། །དེ་བཞིན་གཞན་སེལ་(anyāpoha)རྒྱའི་སྐད་དུ་བསྒྱུར་པ་ལའང་མི་མཐུན་པ་འགའ་རེ་སྣང་སྟེ། རྒྱའི་མཁས་པ་ལུའི་ཁྲེང་(吕瀓)གིས་ལོ་རབས་ཉི་ཤུ་པར་‘遮诠’ཞེས་སུ་བསྒྱུར་ཡོད་ལ། ཕྱིས་སུ་སློབ་དཔོན་ཆོས་འཕགས་(法尊法师)ཀྱིས་‘遣他’ ཞེས་སུ་བསྒྱུར་ལ། ཁོང་རྣམ་པ་གཉིས་ཀྱིས་བོད་ཡིག་ནས་ཐད་ཀར་དུ་ཡིག་སྒྱུར་མཛད་པ་དང་། དེ་ནས་ཉི་ཧོང་གི་མཁས་པ་ཐ་ཁད་མུ་ར་ཞོར་ཧོད་(武邑尚邦)ཀྱིས་‘离’ཡིག་ཏུ་བསྒྱུར་པ་ནི་དབྱིན་ཇིའི་ཡི་གེ་‘exclusion/preclusion’ལའང་དཔེ་མཛད་ཡོད་པ་འདྲའོ། །མཁན་ཆེན་ཞི་བ་འཚོའི་《ཚད་མའི་དེ་ཁོ་ན་ཉིད་བསྡུས་པ་》རུ། “འདིར་ནི་སེལ་བ་རྣམ་གཉིས་ཏེ། །མ་ཡིན་དང་ནི་མེད་པའོ། །མ་ཡིན་པའང་རྣམ་གཉིས་ཏེ། །བློ་དང་དོན་གྱི་དབྱེ་བས་སོ། །”②ཞེས་གཞན་སེལ་ལ་གྲངས་གཉིས་སུ་ངེས་པར་བརྗོད་པ་ཙམ་ལས་གོ་དོན་བྱེ་བྲག་ཏུ་བསྟན་མེད་ཅིང་། 《རྣམ་བཤད་ཐར་ལམ་གསལ་བྱེད་》ལས། “དེ་མ་ཡིན་བསལ་བའི་རྣམ་པ་དངོས་སུ་ཤར་བའི་སྒོ་ནས་དངོས་སུ་རྟོགས་པར་བྱ་བ་” ③གཞན་སེལ་གྱི་མཚན་ཉིད་དུ་བཤད་པ་དང་། 《སྡེ་བདུན་ལ་འཇུག་པའི་སྒོ་དོན་གཉེར་ཡིད་ཀྱི་མུན་སེལ་》དུ། “རང་གི་བསལ་བྱ་ཚིག་གིས་ཟིན་པར་བཅད་ནས་རྟོགས་པར་བྱ་བ་གཞན་སེལ་གྱི་མཚན་ཉིད་”④ཞེས་དང་། 《ཚད་མ་རྣམ་འགྲེལ་གྱི་དོན་འགྲེལ་རྒྱལ་ཚབ་དགོངས་པ་རབ་གསལ་》ལས།“ཆོས་ཉིད་ལྟ་བུ་སྒྲས་རང་གི་དགག་བྱ་དངོས་སུ་མ་བཅད་ཀྱང་། དེའི་དོན་བློར་འཆར་བ་ན། སྤྲོས་པ་བཅད་པའི་རྣམ་པ་ཅན་དུ་འཆར་བ་རྣམས་དགག་པ་ཡིན་” ⑤ཞེས་གསུངས་པ་རྣམས་ཚིག་ཟིན་ལ་དགོངས་པ་མི་གཅིག་པ་ལྟ་བུར་སྣང་ཡང་དོན་ལ་གཅིག་ཡིན་ཏེ། བློ་དོན་མཐུན་ལ་རང་གི་རྣམ་པ་འཆར་བའི་ཚེ། དེ་མ་ཡིན་པ་བསལ་བའི་རྣམ་པ་ཅན་དུ་འཆར་བ་ནི་གཞན་སེལ་ཡིན་ཞིང་། དེ་ལ་དབྱེ་ན་མེད་དགག་གི་གཞན་སེལ་དང་མ་ཡིན་དགག་གི་གཞན་སེལ་གཉིས་སུ་ངེས་ལ། དེ་གཉིས་ཀྱི་ཁྱད་པར་ནི་དགག་བྱ་དངོས་སུ་བཅད་པའི་ཚུལ་གྱིས་རྟོགས་པར་བྱ་བ་གང་ཞིག ཆོས་གཞན་མ་ཡིན་དགག་དང་སྒྲུབ་པ་གང་རུང་ི་འཕེན་པ་ནི་མེད་དགག་གི་གཞན་སེལ་དང་། དེ་གང་ཞིག་ཆོས་གཞན་འཕངས་པ་མེད་པ་མ་ཡིན་པར་དགག་པ་བྱེད་པ་ནི་མ་ཡིན་དགག་གི་གཞན་སེལ་ཡིན་པ་དང་། དེ་ལའང་དོན་རང་མཚན་གྱི་གཞན་སེལ་དང་བློའི་གཞན་སེལ་གཉིས་ཡོད་ཅིང་། མ་ཡིན་དགག་གི་གཞན་སེལ་གང་ཞིག རྟོག་པས་བཏགས་པ་ཙམ་དུ་གྲུབ་པ་བློའི་གཞན་སེལ་དང་། དེ་གང་ཞིག རྟོག་པས་བཏགས་པ་ཙམ་མ་ཡིན་པར་ཡུལ་རང་གི་སྡོད་ལུགས་ཀྱི་ངོས་ནས་གྲུབ་པ་དོན་རང་མཚན་གྱི་གཞན་སེལ་ཞེས་གྲགས་ལ། འོན་ཏེ་རྟོག་པས་བཏགས་པ་ཙམ་དང་རྟོག་པས་སྒྲོ་བཏགས་གཉིས་ཀྱང་ཅུང་ཙམ་མི་འདྲའོ། །
ཡང་《ཚད་མ་རིགས་གཏེར་》གྱི་རྗེས་འབྲངས་པ་འཇམ་དབྱངས་ཤེས་རབ་རྒྱལ་མཚན་གྱིས་དོན་རང་མཚན་གྱི་གཞན་སེལ་ནི་རང་མཚན་ཡིན་པས་གཞན་སེལ་བཏགས་པ་བ་ཡིན་པ་དང་། གཞན་གཉིས་ནི་གཞན་སེལ་ཡིན་ཕྱིན་དོན་ལ་མ་གྲུབ་པས་ཡུལ་ཅན་རྟོག་པའི་དངོས་ཡུལ་དོན་ལ་མ་གྲུབ་པར་བརྗོད་ཡོད་ཅིང་། དེ་ནི་མཁས་མང་གི་བཞེད་དགོངས་དང་ཅུང་ཟད་མི་མཐུན་ཡང་ཕྱི་རོལ་བྱེ་བྲག་པ་དང་གྲངས་ཅན་པའི་ལྟ་ཚུལ་རྟོགས་ནས་སྨྲས་པ་ལྟ་བུར་མངོན་ནོ། །རྒྱལ་ཚབ་རྗེའི་《རྣམ་བཤད་ཐར་ལམ་གསལ་བྱེད་》ལས། “བུམ་པ་མ་ཡིན་པ་ལས་ལོག་པ་ནི་དོན་རང་མཚན་གྱི་གཞན་སེལ་དང་། བུམ་འཛིན་རྟོག་པ་ལ་བུམ་པ་མ་ཡིན་པ་ལས་ལོག་པར་སྣང་བ་བློའི་གཞན་སེལ་དང་། གཞི་བུམ་པ་ལ་བུམ་པ་མ་ཡིན་པ་མེད་པ་མེད་དགག་གི་གཞན་སེལ་” ⑥དུ་གསུངས་ཡོད་པ་དང་། རྒྱ་གར་གྱི་བྲམ་ཟེ་ཆེན་པོ་བདེ་བྱེད་དགའ་བོས་བུམ་པ་མ་ཡིན་པ་ལ་བུམ་པ་མེད་པ་བུམ་པའི་མེད་དགག་ཏུ་བཞེད་ཅིང་། རྗེ་ཐམས་ཅད་མཁྱེན་པའི་《སྡེ་བདུན་ལ་འཇུག་པའི་སྒོ་དོན་གཉེར་ཡིད་ཀྱི་མུན་སེལ་》ལས་ཀྱང་མེད་དགག་གི་གཞན་སེལ་ལ་བུམ་མ་ཡིན་ལ་བུམ་པ་མེད་པ་ཞེས་གསུངས་ཡོད་པ་དང་། དེ་བཞིན་དུ་མཁས་གྲུབ་ཐམས་ཅད་མཁྱེན་པས་ཀྱང་ཐད་ཀར་དུ་བུམ་མེད་བུམ་པའི་མེད་དགག་གི་གཞན་སེལ་དུ་སྨྲ་ལ། དེ་རྣམས་ནི་བྲམ་ཟེ་ཆེན་པོ་བདེ་བྱེད་དགའ་བའི་འདོད་པ་ཇི་བཞིན་དུ་བླངས་པ་འདྲ་ཡང་། ཞིབ་ཏུ་དཔྱད་ན། བུམ་མ་ཡིན་ལ་བུམ་པ་མེད་པ་ནི་མེད་དགག་གི་གཞན་སེལ་ཡིན་ཡང་བུམ་པའི་མེད་དགག་གི་གཞན་སེལ་མིན་པས་སྐྱོན་མེད་གྲང་། བུམ་མེད་བུམ་པའི་མེད་དགག་གི་གཞན་སེལ་དུ་འདོད་པ་ནི་གཞན་རྣམས་དང་ཅུང་ཟད་མི་འདྲ་སྟེ།དེས་རང་གི་དགག་བྱ་བུམ་པ་བསལ་ནས་བུམ་མེད་བསྒྲུབ་པ་ཡིན་པས་བུམ་མེད་ཀྱི་མེད་དགག་གི་གཞན་སེལ་དུ་སྨྲས་ན་འགྲིག་གོ། འོན་ཀྱང་རྒྱལ་ཚབ་རྗེས་བུམ་པ་ལ་བུམ་མིན་མེད་པ་མེད་དགག་ཏུ་འདོད་རུང་རང་ལུགས་ལ་བུམ་པ་ཡང་ཡིན་བུམ་པ་མ་ཡིན་པ་ཡང་ཡིན་པའི་གཞི་མཐུན་མེད་པ་ད་གཟོད་བུམ་པའི་མེད་དགག་ཏུ་ཁས་ལེན་པ་དང་། བུམ་མིན་ལ་བུམ་པ་མེད་པ་བུམ་པའི་མེད་དགག་གི་གཞན་སེལ་མ་ཡིན་ཏེ། བུམ་པ་བུམ་མིན་དུ་མེད་པ་ནི་བུམ་པ་མ་ཡིན་པའི་ཕྱིར། བུམ་པ་མ་ཡིན་པ་ཡང་ཡིན། བུམ་པ་ཡང་ཡིན་པའི་གཞི་མཐུན་མེད་པ་བུམ་པའི་མེད་དགག་གི་གཞན་སེལ་མིན་པར་དེ་ནི་བུམ་པ་མ་ཡིན་པའི་མེད་དགག་གི་གཞན་སེལ་ཡིན་པར་གསུངས་སོ། །
ཡང་བོད་སྔ་རབས་པའི་སློབ་དཔོན་ཁག་ཅིག་གིས་གཞན་སེལ་ཐམས་ཅད་ལ་དགག་པ་ཙམ་གྱི་ཁྱད་པར་མེད་པར་སྨྲ་ལ། དེ་ཡང་ཞིབ་ཏུ་གླེང་ན། 《རྣམ་བཤད་ཐར་ལམ་གསལ་བྱེད་》ལས། “བུམ་པ་བུམ་མ་ཡིན་ལས་ལྡོག་པ་ནི་དོན་གྱི་གཞན་སེལ་དང་། བུམ་འཛིན་རྟོག་པ་ལ་ཤར་བའི་རྣམ་པ་བུམ་མ་ཡིན་ལས་ལོག་པའི་སྣང་བ་བློའི་སེལ་བ་དང་། གཞི་བུམ་པ་ལ་བུམ་མིན་མེད་པ་མེད་དགག་གི་གཞན་སེལ་” ⑦ཞེས་དང་། དེ་བཞིན་དུ་《ཊཱིཀ་ཆེན་རིགས་པའི་རྒྱ་མཚོ་》ལས།“དེ་ལ་བློའི་སེལ་བ་ནི་རྟོག་པའི་སྣང་ཡུལ་གང་ཡིན་པ་དེ་དག་ལ་བརྗོད་དེ། དཔེར་ན། བུམ་འཛིན་རྟོག་པ་ལ་བུམ་པར་སྣང་བ་ལྟ་བུའོ། ། དོན་གྱི་སེལ་བ་ནི་དོན་རང་མཚན་ཡང་ཡིན་ལ། སེལ་བ་ཡང་ཡིན་པ་དག་ལ་བརྗོད་དེ །དཔེར་ན། བུམ་མ་ཡིན་ལས་ལོག་པ་ཡང་ཡིན། བུམ་པ་ཡང་ཡིན་པའི་ཚོགས་པ་ལྟ་བུའོ། ། མེད་དགག་གི་སེལ་བ་ནི་རང་གི་དགག་བྱ་རྣམ་པར་བཅད་ཙམ་གྱི་ཆ་དག་ལ་བརྗོད་དེ། དཔེར་ན། བུམ་མེད་ལྟ་བུའོ། །” ⑧ཞེས་གསུངས་པ་དང་། དེ་རྣམས་ལ་དཀྱུས་གཅིག་ཏུ་བསམས་ན་བློས་དཔྱད་བཟོད་དཀའ་བ་ལྟར་སྣང་ཡང་། དཔེ་བརྗོད་རེ་རེ་བཞིན་བྱེ་བྲག་ལ་འཇུག་ན་བུམ་མེད་ལྟ་བུའང་དགག་པ་སྟེ་གཞན་སེལ་ཡིན་པ་ལ་སྐྱོན་མི་འབྱུང་ངོ་། །ཡང་དེ་ཉིད་ལས།“བུམ་པ་འཛིན་པའི་རྟོག་པ་ལ་བུམ་པར་སྣང་བ་ལྟ་བུ་བློའི་གཞན་སེལ་ཉིད་བུམ་འཛིན་རྟོག་པའི་སྣང་ཡུལ་དང་། དངོས་ཡུལ་གཉིས་ཀ་ཡིན་ལ། བུམ་པ་དང་བུམ་པ་མ་ཡིན་པ་ལས་ལོག་པའི་ཚོགས་དོན་ལྟ་བུ་དོན་གྱི་སེལ་བ་ནི་བུམ་འཛིན་རྟོག་པའི་དངོས་ཡུལ་དང་ཞེན་ཡུལ་ཡིན་ཅིང་། སྣང་ཡུལ་མ་ཡིན་” ⑨པར་གསུངས་པ་ཀུན་ཀྱང་སློབ་དཔོན་ལྷ་དབང་བློའི་རྗེས་སུ་འབྲངས་པར་འདོད་དོ། །
གོང་གི་མཚན་གཞི་རྣམས་ནི་ཅུང་ཟད་མི་མཐུན་པར་སྣང་བ་ནི་རྣམ་འགྲེལ་ལས་བྱུང་བའི་ཚིག་‘ལྡོག་པ་ངོ་བོ་ཉིད་མེད་པ་’ཡི་དོན་ལ་དགོངས་ཚུལ་མི་འདྲ་བ་བྱུང་བས་ཡིན་ཏེ། མཁས་པའི་དབང་པོ་བསེ་ངག་དབང་བཀྲ་ཤིས་ཀྱི་《ཚད་མའི་དགོངས་དོན་རྩ་འགྲེལ་མཁས་པའི་མགུལ་རྒྱན་》དུ།“དངོས་པོ་མིན་ལས་ལོག་པ་རང་མཚན་དུ། །ཡབ་རྗེས་གསུངས་ཀྱང་འདིར་མིན་མཁས་གྲུབ་དགོངས། །” ⑩ཞེས་བུམ་པ་མ་ཡིན་པ་ལས་ལོག་པ་བུམ་པ་རང་མཚན་དང་ཤིང་མ་ཡིན་པ་ལས་ལོག་པ་ཤིང་རང་མཚན་ཡིན་མིན་གྱི་ལྟ་བའི་ཁྱད་པར་བྱུང་བར་སེམས་ལ། འདི་རྣམས་ནི་རང་མཚན་དངོས་པོ་དང་སྤྱི་མཚན་དངོས་མེད་ཡིན་པའི་དོན་ལྡོག་དང་གཞི་ལྡོག་གསལ་པོར་མ་རྟོགས་པས་ལན་ཏེ། མཁས་དབང་དམུ་དགེ་བསམ་གཏན་གྱི་《ཤེས་བྱའི་རྣམ་གྲངས་བློ་གསལ་རིགས་སྒོ་》ལས་ཀྱང་། “བུམ་པ་མ་ཡིན་པ་ལས་ལོག་པ་དེ་བུམ་པ་ཡིན་པར་འདོད་མཁན་ཡོད་མོད། མི་འཐད་དེ། དེ་རྟག་པ་ཡིན་པའི་ཕྱིར། དེ་ཡང་བུམ་པ་མ་ཡིན་པ་བཅད་ཙམ་གྱི་ཆ་ལ་བཞག་ན་མེད་དགག་ཏུ་འགྱུར་མོད། དེ་ལ་མི་འཇོག་པར་བུམ་པ་མ་ཡིན་པ་བཅད་པའི་གཞིའི་བུམ་པ་མ་ཡིན་པ་ལས་ལོག་པ་ཡིན་པའི་ཆ་དེ་ལ་ངོས་འཛིན་དགོས་པས། དེ་ནི་རྟོག་པ་ལ་སྣང་ཚུལ་གྱི་སྒོ་ནས་བཞག་པས་རྟག་པའམ་སྤྱི་མཚན་ཡིན་ནོ། །” ⑪ཞེས་གསུངས་ཡོད་པ་དང་། སྤྱིར་དོན་རང་མཚན་གྱི་གཞན་སེལ་ལ་རང་མཚན་གྱིས་ཁྱབ་པ་ཡིན་ཏེ། རྟོག་ངོའི་ལྡོག་པ་འབའ་ཞིག་ལ་མི་བྱ་ཞིང་། དེ་བཞིན་དུ་དགེ་བ་རྒྱལ་མཚན་གྱིས་ཀྱང་ཆོས་ཉིད་ཀྱི་རང་ལྡོག་སྒྲུབ་པ་ཡིན་པ་དང་། དེའི་གཞི་ལྡོག་བདེན་མེད་དགག་པ་ཡིན་ཞེས་གསུངས་ཡོད་པ་དང་། ཁོང་གིས་ད་དུང་གཞན་སེལ་གྱི་དབྱེ་བ་ལ་དགག་བྱ་ཤེས་བྱ་ལ་སྲིད་པའི་གཞན་སེལ་དང་དགག་བྱ་ཤེས་བྱ་ལ་མི་སྲིད་པའི་གཞན་སེལ་གཉིས་སུ་གྲངས་ངེས་པར་གསུངས་པའང་དགག་གཞི་ཡོད་མེད་ཀྱི་ཆ་ནས་དབྱེ་བ་ཡིན་ནོ། །
ཡང་བོད་སྔ་རབས་པ་ཁ་ཤས་ཀྱིས་བུམ་པ་མ་ཡིན་པ་ལས་ལོག་པ་སྟེ་དོན་རང་མཚན་གྱི་གཞན་སེལ་ནི་གཞན་སེལ་མ་ཡིན་ཏེ། གཞན་སེལ་དང་བེམ་པོའི་གཞི་མཐུན་མེད་པའི་ཕྱིར་ཞེས་དང་། 《ཚད་མ་རིགས་གཏེར་》ལས་ཀྱང་། “གཞན་སེལ་བློའི་འཇུག་ཚུལ་ཡིན། །བེམ་པོའི་དོན་ལ་གཞན་སེལ་མེད། །” ⑫ཅེས་གསུངས་ཡོད་ལ། འདིའི་དགོངས་པ་ནི་བློའམ་རྟོག་པ་དེ་ཡུལ་ལ་སེལ་བས་འཇུག་ཚུལ་ཙམ་བསྟན་པ་ཡིན་ཞིང་། སློབ་དཔོན་ཀ་མ་ལ་ཤཱི་ལའི་《དེ་ཁོ་ན་ཉིད་བསྡུས་པའི་དཀའ་འགྲེལ་》དུ། “རང་གི་མཚན་ཉིད་སེལ་བར་བསྟན་པ་ནི། གཞན་སེལ་བ་དངོས་པོ་ཡིན་ལ་” ⑬ཞེས་དོན་རང་མཚན་གྱི་གཞན་སེལ་ནི་དངོས་པོ་རང་མཚན་པར་གསུངས་ཀྱང་འདི་གཉིས་ཀྱི་དམིགས་པ་སོ་སོ་ཡིན་པས་འགལ་བ་མིན་ནོ། །དེ་བཞིན་ལུང་རིགས་སྨྲ་བ་མཁན་ཆེན་སངས་རྒྱས་དཔལ་བའི་འདོད་པའང་སྐྱེས་ཆེན་གཞན་རྣམས་དང་མི་འདྲ་བར་སྣང་ཡང་དོན་ལ་གཅིག་པ་ཡིན་ཏེ། 《སྡེ་བདུན་གྱི་དགོངས་འགྲེལ་ཚད་མ་རིགས་པའི་གཏེར་གྱི་དེ་ཁོ་ན་ཉིད་གསལ་བར་བྱེད་པ་རིགས་པའི་འོད་སྟོང་འཕྲོ་བ་》ལས། “དངོས་འགལ་བཅད་ནས་འཇུག་པ་ནི་གཞན་སེལ་བའི་ཡུལ་ཅན་གྱི་མཚན་ཉིད་ཡིན་པར་སློབ་དཔོན་གྱིས་བཞེད་དོ། །དངོས་འགལ་གཅོད་པ་ནི་ཡུལ་གཞན་སེལ་གྱི་མཚན་ཉིད་ཡིན་ནོ། །དབྱེ་བ་ལའང་དངོས་པོའི་གཞན་སེལ་དང་དངོས་མེད་ཀྱི་གཞན་སེལ་གཉིས་དང་། དང་པོ་ལའང་བདེན་པ་ལ་འཇུག་པའི་རྗེས་དཔག་གི་གཞན་སེལ་དང་མི་བདེན་པ་རྫུན་པ་ལ་འཇུག་པ་ལོག་ཤེས་ཀྱི་གཞན་སེལ། མཐའ་གཉིས་པ་ཐེ་ཚོམ་གྱི་གཞན་སེལ་གསུམ་དང་།གཉིས་པར་ཡང་དགག་བྱ་ཤེས་བྱ་ལ་ཡོད་པ་བུམ་མེད་དང་ཀ་མེད་ཀྱི་གཞན་སེལ་དང་། དགག་བྱ་ཤེས་བྱ་ལ་མེད་པ་རི་བོང་རྭ་མེད་དང་རྟག་དངོས་མེད་པ་ལ་སོགས་པའི་གཞན་སེལ་ཡོད་པར་” ⑭གསུངས་ཤིང་། ཡང་དེ་ཉིད་ལས།“འདི་ལ་བོད་ཁ་བ་ཅན་གྱི་རྟོག་གེ་པར་རློམ་པ་ཕལ་ཆེ་བ་རྣམས་དངོས་མེད་ཀྱི་ལྡོག་པ་དངོས་མེད་ཡིན་ཡང་དངོས་པོའི་ལྡོག་པ་དངོས་པོ་ཡིན་ཏེ། དངོས་པོ་དང་ངོ་བོ་དབྱེར་མེད་པའི་ཕྱིར་ཞེས་འདོད། དེ་ལྟར་ཡིན་ན་སྤྱི་དངོས་པོར་འདོད་པ་ལ་སྤྱི་གསལ་བ་དང་རྫས་གཅིག་དང་ཐ་དད་བརྟགས་ནས་སྐྱོན་བརྗོད་པ་འདི་གདོན་པར་དཀའོ། །” ⑮ཞེས་སྤྱི་དང་ལྡོག་པ་དངོས་མེད་དུ་བྱེད་ཅིང་། དངོས་མེད་དུ་བཏགས་པ་ཐམས་ཅད་ཀྱང་གཞན་སེལ་གྱི་སྒོ་ནས་ཤེས་བྱ་ཡིན་གྱི་སྣང་བའི་སྒོ་ནས་ཤེས་བྱར་བྱེད་མི་སྲིད་དོ། །
གཉིས་པ། གཞན་སེལ་དང་འབྲེལ་བའི་སྒྲུབ་ངག་གི་སྐོར་བཤད་པ།
ཕྱི་རོལ་གྲངས་ཅན་པ་དང་བྱེ་བྲག་པ། རིག་པ་ཅན་རྣམས་ཀྱིས་ཚུལ་ལྔ་དང་ཚུལ་དྲུག་སོགས་ཚང་བ་རྟགས་ཡང་དག་གི་མཚན་ཉིད་དུ་སྨྲ་ཡང་། སློབ་དཔོན་ཕྱོགས་ཀྱི་གླང་པོས་མ་གྲུབ་པ་དང་ལྡོག་དོན་འགལ་བ་དང་། མ་ངེས་པའི་གཏན་ཚིགས་འཁྲུལ་བ་རྣམས་ཀྱི་གཉེན་པོར་དམིགས་ཏེ་ཕྱོགས་ཆོས་ཀྱི་ཚུལ་ངེས་པ་དང་། རྗེས་འགྲོའི་ཚུལ་ངེས་པ། ལྡོག་པའི་ཚུལ་ངེས་པ་སོགས་ཚུལ་གསུམ་ཚང་བའམ་ཚུལ་གསུམ་ཡིན་པ་རྟགས་ཡང་དག་གི་མཚན་ཉིད་དུ་བརྗོད་ལ།《ཚད་མ་རིགས་པའི་ཐིགས་པའི་རྒྱ་ཆེར་འགྲེལ་བ་》རུ་“རྗེས་སུ་དཔག་པར་བྱ་བ་ལ་ཡོད་པ་ཉིད་དང་། མཐུན་པའི་ཕྱོགས་ཉིད་ལ་ཡོད་པ་དང་། མི་མཐུན་པའི་ཕྱོགས་ལ་མེད་པ་ཉིད་དུ་ངེས་པའོ་” ⑯ཞེས་བསྟན་ཡོད་ཅིང་། སློབ་དཔོན་གྱིས་རང་གི་ཐུན་མོང་མ་ཡིན་པའི་རིག་པའི་གསང་ཚིག་སྟེ་གཞན་སེལ་གྱི་རྣམ་གཞག་གསར་དུ་བཏོད་དེ་ཕྱི་རོལ་པའི་རྟོག་གེ་བ་རྣམས་འགོག་ཅི་ཐུབ་བགྱིས་པ་དང་། ཕྱི་རོལ་པའི་གྲུབ་མཐའི་རྗེས་འབྲངས་རྣམས་ཀྱིས་ཀྱང་སློབ་དཔོན་གྱི་དཔེ་དོན་ཆོས་གསུམ་ལ་དགག་གཞག་མང་དུ་མཛད་དེ་རིག་པའི་མདའ་མོ་འཕེན་ཅི་ཐུབ་བྱས་ཚུལ་རྣམས་ཅུང་ཙམ་བརྗོད་ན། ཕྱི་རོལ་སྤྱོད་པ་བའི་སློབ་དཔོན་ནོར་ལྷ་སྟེ་དབང་ཕྱུག་དང་ལྷ་ཟླ་བ། གཞོན་ནུ་མ་ལེན་སོགས་ཀྱིས་ཕྱོགས་ཆོས་དང་། མཐུན་ཕྱོགས་ལ་མཐོང་བ་ཙམ་གྱིས་རྗེས་ཁྱབ་གྲུབ་པ། མི་མཐུན་ཕྱོགས་ལ་མ་མཐོང་བ་ཙམ་གྱིས་ལྡོག་ཁྱབ་གྲུབ་པ། ལྡོག་ཕྱོགས་སྒྲུབ་པའི་ཚད་མ་མེད་པར་བརྗོད་པའི་གྲངས་གཅིག་པ་ཅན་དང་། དམ་བཅའ་ལ་ཚད་མའི་གནོད་བྱེད་མེད་པ། ལྔ་པོ་དེ་དག་བློ་ཡུལ་དུ་ངེས་པའི་ཤེས་པ་སོགས་ཚུལ་དྲུག་ཏུ་གྲངས་ངེས་པའམ་ཚུལ་དྲུག་ཚང་བ་རྟགས་ཡང་དག་གི་མཚན་ཉིད་ཡིན་པར་བསྒྲུབས་ཏེ། རྒྱ་སྟག་གི་ངར་སྒྲས་གནམ་ས་ཐམས་ཅད་སྒུལ་བར་བྱས་པ་ལ། སློབ་དཔོན་དབང་ཕྱུག་སྡེས་ཕྱི་རོལ་བའི་བསྟན་བཅོས་རྣམས་དགག་ཅི་ཐུབ་བགྱིས་ནས་རང་གི་ལྟ་དགོངས་མཐའ་དག་བསྟན་བཅོས་སུ་བྲིས་ཀྱང་རྟོག་གེ་བའི་ང་རོ་ཡོངས་སུ་འཇོམས་མ་ནུས་པ་འདྲ་སྟེ། ཁོང་གིས་ཤིང་ཕུང་གཅིག་ལས་སྐྱེས་པའི་མ་ཟོས་པའི་ཤིང་ཐོག་ཆོས་ཅན། རོ་ནུས་སྨིན་པའི་ཁྱད་པར་ཅན་ཡིན་ཏེ། ཤིང་ཕུང་གཅིག་ལས་སྐྱེས་པའི་ཕྱིར། ཟོས་པའི་ཤིང་ཐོག་བཞིན་ཞེས་བཀོད་ཡོད་པ་དང་། དེ་བཞིན་ཁོང་གི་གཞུང་རྣམས་སུ་རྗེས་སུ་འགྲོ་ལྡོག་གི་ཁྱབ་པ་གཉིས་ནི་ཕྱི་རོལ་བ་དང་མིང་འདྲ་བ་ཙམ་ལས་དོན་ལ་ཁྱད་པར་ཆེན་པོ་ཡོད་ཚུལ་གསུངས་ཀྱང་ཕྱོགས་ཆོས་ལ་དོན་གྱི་ཁྱད་པར་ཅི་ཡོད་གསལ་བར་བཀོད་པ་མི་སྣང་ལ། ཚུལ་ཡང་དྲུག་ཏུ་སྨྲས་པས་སློབ་དཔོན་ཕྱོགས་ཀྱི་གླང་པོའི་ལྟ་དགོངས་ཇི་བཞིན་དུ་རྟོགས་མེད་པར་ཀུན་གྱིས་སྨྲའོ། །སློབ་དཔོན་ཆོས་ཀྱི་གྲགས་པས་ཚུལ་གསུམ་རྟགས་ཡང་དག་གི་མཚན་ཉིད་དུ་སྨྲ་ཞིང་། དེ་ལའང་ཚད་མ་གསུམ་དགོས་ཀྱི་དེ་ལས་མང་ན་མི་མཁོ་ཞིང་ཉུང་ན་མི་འདུ་བར་དགག་ཆོས་བསྒྲུབ་ཆོས་དངོས་འགལ་དུ་ངེས་པའི་ཚད་མ་དང་། རྟགས་ཀྱི་ངོ་བོ་ངེས་བྱེད་ཀྱི་ཚད་མ། དགག་བྱའི་ཆོས་ལ་རྟགས་འགོག་པའི་ཚད་མ་བཅས་ཆ་རྐྱེན་སུམ་འཛོམས་བྱུང་ཚེ་རྗེས་སུ་འགྲོ་ལྡོག་གི་ཁྱབ་པ་བདེ་བླག་ཏུ་གོ་བར་གསུངས་པ་དང་། དགག་ཆོས་དང་བསྒྲུབ་ཆོས་དངོས་འགལ་དུ་མེད་ན་ཁྱབ་པ་གཉིས་ཇི་བཞིན་དུ་ངེས་མི་ནུས་ཏེ། དཔེར་ན། ཤར་ཕྱོགས་ཀྱི་དུང་མདོག་ཆོས་ཅན། སྔོན་པོ་ཡིན་ཏེ། དུང་མདོག་ཡིན་པའི་ཕྱིར། ཞེས་པའི་རྟགས་དུང་མདོག་དེ་དེ་སྒྲུབ་ཀྱི་མཐུན་ཕྱོགས་སྔོན་པོ་ཁོ་ན་ལ་འཇུག་པར་མ་ངེས་པ་ནི་སྦྱོར་བ་འདིའི་དགག་ཆོས་བསྒྲུབ་ཆོས་ཕན་ཚུན་དངོས་འགལ་མིན་པས་ལན་ནོ། །
ཡང་བོད་སྔ་རབས་པ་ཁག་ཅིག་གིས་དགག་ཆོས་སྔོན་པོ་མ་ཡིན་པ་དང་བསྒྲུབ་ཆོས་སྔོན་པོ་གཉིས་དངོས་འགལ་ཡིན་པར་གསུངས་ཀྱང་། དེ་གཉིས་སྤྱིར་དངོས་འགལ་ཡིན་ཡང་། སྦྱོར་བ་འདིར་སྔོན་པོ་དང་སེར་པོ་གཉིས་དགག་ཆོས་དང་བསྒྲུབ་ཆོས་སུ་འགྲོ་དགོས་ཏེ། སྨན་པས་རླུང་ནད་དང་མཁྲིས་ནད་གང་རུང་གིས་མནར་བའི་མི་ལ་དུང་མདོག་དེ་འཁྲུལ་བར་སྣང་བ་བརྟག་པའི་ཕྱིར་དུ་ཡིན་ཞིང་། ནད་པ་དེར་དུང་མདོག་དེ་སེར་པོར་མི་སྣང་ན་རླུང་ནད་ཀྱིས་སྔོན་པོར་སྣང་དགོས་པ་དང་སྔོན་པོར་མི་སྣང་ཚེ་མཁྲིས་ནད་ཀྱིས་སེར་པོར་སྣང་དགོས་པ་ན། དེ་འདྲའི་སྐབས་སུ་སྔོན་པོ་དང་སེར་པོ་གཉིས་ཀྱི་གཅིག་བསྒྲུབ་བྱའི་ཆོས་སུ་སོང་བ་ན་ཅིག་ཤོས་དགག་བྱའི་ཆོས་སུ་འཇོག་པའི་དབང་དུ་བྱས་པ་ལས་སྔོན་པོ་དང་སྔོན་པོ་མ་ཡིན་པ་ལྟར་གསུངས་པ་མིན་ནོ། །
དེ་ཡང་སྒྲུབ་ངག་ཡན་ལག་ལྔ་ལྡན་ཁས་ལེན་པའི་རིག་པ་ཅན་རྣམས་ཀྱིས་དཔེ་བརྗོད་པ་དང་མཐུན་པར་བསྒྲུབ་བྱ་སྒྲུབ་པར་བྱེད་པའི་ཆོས་ནི་གཏན་ཚིགས་ཡང་དག་གི་མཚན་ཉིད་དུ་བརྗོད་པ་དང་། དེ་བཞིན་དུ་བསྒྲུབ་བྱ་དང་ཆོས་མཐུན་པ་ཉིད་ལས་བསྒྲུབ་བྱའི་ཆོས་ཡོད་པ་དཔེ་ཡང་དག་གི་མཚན་ཉིད་དུ་བཤད་དེ། དཔེར་ན། སྒྲ་མི་རྟག་སྟེ།(དམ་བཅའ) སྐྱེ་ལྡན་ཡིན་པའི་ཕྱིར། (གཏན་ཚིགས) བུམ་པ་བཞིན།(དཔེ) དེ་བཞིན་དུ་སྒྲ་ཡང་སྐྱེ་ལྡན་ནོ། །(ཉེར་གཏད)དེའི་ཕྱིར་སྒྲ་མི་རྟག་(མཇུག་སྡུད)ཅེས་《རིགས་པའི་མདོ་》རུ་འཁོད་ཡོད། ཡིན་ནའང་རྒྱའི་མཁས་པ་ཧྲིན་ཅན་ཡིང་(沈剑英)གིས་《རིགས་པའི་མདོ་》ཡི་བམ་པོ་དང་པོ་ནི་རྟོག་གེ་བ་ཀུན་གྱིས་བསྟོད་པར་བྱ་བའི་ཡུལ་བྲམ་ཟེ་རྐང་མིག་གིས་མཛད་པའི་ཚིག་དོན་བཅུ་དྲུག་གི་དོན་རྣམས་ཡིན་པར་སྙམ་པ་དང་། གཞན་རྣམས་ནི་ཕྱིས་ཀྱི་རིགས་ཅན་མཁས་པ་ཚོས་《ཙ་ར་ཀའི་སྨན་གཞུང་》དང་སློབ་དཔོན་ཀླུ་སྒྲུབ་ཀྱིས་མཛད་པའི་གཏན་ཚིགས་ཀྱི་བསྟན་བཅོས་《ཐབས་ཀྱི་སྙིང་པོ་》ནས་དོན་འགའ་རེ་ཇི་བཞིན་ཚུར་བླངས་ཏེ་ཁ་སྣོན་བྱས་པར་གསུངས་པ་ལ། དེ་ནི་དེང་རབས་ཀྱི་རྒྱའི་མཁས་པའི་དགོངས་པ་དང་བསྟུན་ཏེ་བརྗོད་པ་ཡིན་ཞིང་། དེ་མིན་སྤྱི་ལོ་དུས་རབས་གཉིས་པར་བྱུང་བའི་སྤྱོད་པ་བའི་གཞུང་《ཙ་ར་ཀའི་སྨན་གཞུང་》དུའང་སྒྲུབ་ངག་ཡན་ལག་ལྔ་ལྡན་གྱི་དཔེ་དང་རྟོག་གེའི་ཚིག་དོན་ཞེ་བཞི་རྣམས་ཧ་ཅང་ཞིབ་རྒྱས་སུ་བཀོད་ཡོད་དེ། རྒྱལ་དཔོག་པའི་ནང་གསེས་ཙ་ར་ཀ་པ་འདི་ཡང་ཕྱི་རོལ་བྱེ་བྲག་པ་དང་འདྲ་བར་ཤེས་བྱ་རྣམས་ནི་རྫས་དང་ཡོན་ཏན། ལས་དང་སྤྱི། བྱེ་བྲག་དང་འདུ་བ་རྣམས་སུ་འདུས་པ་དང་། ཚད་མ་ནི་མངོན་སུམ་དང་རྗེས་དཔག་སྒྲ་ལས་བྱུང་བ་དང་དཔེ་ཉེར་འཇལ། དོན་གྱིས་གོ་བ་དང་དངོས་པོ་མེད་པ། རིགས་པ་དང་མི་དམིགས་པ། སྲིད་པ། གྲགས་པ་དང་སྙམ་པ་བཅས་བཅུ་གཅིག་ཏུ་འདོད་པ་དང་། གྲུབ་མཐའ་འདིའི་སྒྲུབ་ངག་ཡན་ལག་ལྔ་ལྡན་གྱི་དཔེ་རྣམས་ཀྱང་ཚད་མ་རིག་པའི་ལོ་རྒྱུས་སྟེང་བྱུང་བ་ཅུང་སྔ་ལ། དེ་དག་ནི་དམ་བཅའ་དང་གཏན་ཚིགས། དཔེ་དང་ཉེར་གཏད། མཇུག་སྡུད་བཅས་ཡིན་ཏེ། དཔེ་ཙམ་དྲངས་ན། བདག་ནི་རྟག་པ་ཡིན་ཏེ།(དམ་བཅའ) བྱས་པ་མ་ཡིན་པའི་ཕྱིར།(གཏན་ཚིགས) དཔེར་ན་ནམ་མཁའ་བཞིན།(དཔེ) ནམ་མཁའ་བྱས་པ་མ་ཡིན་པ་བཞིན་བདག་ཀྱང་དེ་ལྟར་ཡིན། (ཉེར་གཏད) དེའི་ཕྱིར་བདག་རྟག་པ་ཡིན། ཞེས་པ་ལྟ་བུའོ། ། (མཇུག་སྡུད)
སྒྲུབ་ངག་འདི་ནི་སློབ་དཔོན་ཕྱོགས་གླང་གི་གོང་རོལ་དུ་ཕྱི་ནང་ཐུན་མོང་གིས་སྤྱོད་པའི་སྒྲུབ་ངག་ཡན་ལག་ལྔ་ལྡན་ཡིན་པར་སྣང་སྟེ། རྗེ་བཙུན་བྱམས་པས་ཀྱང་། སྒྲ་མི་རྟག་སྟེ།(དམ་བཅའ) བྱས་པའི་ཕྱིར།(གཏན་ཚིགས)དཔེར་ན། བུམ་པ་བཞིན། རྟག་པ་བཞིན་མིན།(དཔེ) བུམ་པ་མི་རྟག་པ་བཞིན། རྟག་ན་མ་བྱས་པ་བཞིན།(ཉེར་གཏད)དེའི་ཕྱིར་སྒྲ་མི་རྟག་(མཇུག་སྡུད)ཅེས་བཀོད་ཡོད་པ་དང་།སྒྲུབ་ངག་འདི་རུ་མཐུན་དཔེ་དང་མི་མཐུན་དཔེ་གཉིས་རེ་བཀོད་པ་མ་གཏོགས་སྤྱིའི་ཆ་ནས་བྱེ་རིག་དང་འདྲ་བར་སྒྲུབ་ངག་ཡན་ལག་ལྔ་ལྡན་དུ་འདུག་ལ། དེ་བཞིན་དུ་སློབ་དཔོན་དབྱིག་གཉེན་གྱིས་ཀྱང་། སྒྲ་མི་རྟག་སྟེ།(དམ་བཅའ)བྱས་པའི་ཕྱིར།(གཏན་ཚིགས) བྱས་ན་མི་རྟག་པས་ཁྱབ།དཔེར་ན་བུམ་པ་བཞིན།(དཔེ) སྒྲ་ཡང་དེ་བཞིན་དུ།(ཉེར་གཏད) བྱས་པས་མི་རྟག་གོ།(མཇུག་སྡུད) ཞེས་གོང་རྣམས་ལས་ཅུང་ཟད་བསྡུས་པའི་སྒོ་ནས་གསུངས་ཡོད་པ་དང་།འདིའི་རྣམ་པའི་ཆ་ནས་ཡན་ལག་ལྔ་ལྡན་དུ་འདོད་ཀྱང་གཏན་ཚིགས་ཀྱིས་ཕྱུག་པས་སྔ་མ་རྣམས་དང་མི་འདྲའོ། །ཕྱིས་སུ་སློབ་དཔོན་ཆོས་གྲགས་ཀྱིས་《ཐབས་ཀྱི་སྙིང་པོ་》དང་《དབུ་མ་དང་རྗེས་སུ་མཐུན་པ་》སོགས་རྟགས་ཀྱི་ཚུལ་གསུམ་སྟོན་པའི་བསྟན་བཅོས་ལ་ལེགས་པར་བསླབས་ཏེ་ཕྱི་རོལ་གཟེགས་ཟན་གྱི་གྲུབ་མཐའ་འཛིན་པའི་མཁས་པ་བྲམ་ཟེ་ཀ་ན་གུངྟ་དང་གཅེར་བུ་བ་ར་ཧུ་པཱ་ཏི། དཔྱོད་པ་བ་བྷྀ་ཀ་ར་གུ་ཧྱ་དང་བྲམ་ཟེ་ཀུ་མཱ་རནྡན། མུ་སྟེགས་པའི་རྩོད་པའི་ཁྱུ་མཆོག་ཀ་ཊ་དཱ་རོ་རུ་སོགས་སྒྲུབ་ངག་ཡན་ལག་ལྔ་ལྡན་འདོད་པའི་མུ་སྟེགས་པ་ཐམས་ཅད་དངོས་ཤུགས་གང་རུང་ནས་སུན་ཕྱུང་བར་མཛད་པ་དང་། ཐ་ན་རང་གི་སློབ་དཔོན་གཞོན་ནུ་རོལ་བའམ་གཞོན་ནུ་མ་ལེན་གྱི་འདོད་པའང་རེ་རེ་བཞིན་སུན་ཕྱུང་སྟེ་ཁོང་རྣམས་དུས་དང་རྣམ་པ་ཀུན་ཏུ་མི་སྨྲ་བའི་བརྟུལ་ཞུགས་ལ་བཀོད་པར་གྲགས་སོ། །
གསུམ་པ། 《ཚད་ཆེན་དཀའ་འགྲེལ་》ལས་བསྟན་པའི་གཞན་སེལ་གྱི་སྐོར།
དེ་ཡང་ཞིབ་འཇུག་པ་མང་པོས་བསྟན་པ་སྔ་དར་གྱི་དུས་སུ་ལོ་ཙཱ་བ་སྐ་ཅོག་ཞང་གསུམ་དང་སློབ་དཔོན་བཻ་རོ་ཙ་ན་སོགས་ཀྱིས་ཚད་མའི་བསྟན་བཅོས་མང་པོ་བོད་ཀྱི་སྐད་དུ་བསྒྱུར་པར་གསུངས་མོད། དེ་ནི་ཞིབ་ཆ་ཅུང་མ་ཐོན་པར་ངེས་ཏེ། དུས་རབས་བརྒྱད་པའི་མངའ་བདག་ཁྲི་རལ་གྱི་སྐབས་སུ་ལོ་ཙཱ་བ་སྐ་བ་དཔལ་བརྩེགས་ཀྱིས་དཔལ་ལྡན་ཆོས་གྲགས་ཀྱི་《གཏན་ཚིགས་ཐིགས་པ་》དང་། 《འབྲེལ་བ་བརྟག་པའི་འགྲེལ་པ》 《རྒྱུད་གཞན་གྲུབ་པ་》བཅས་དང་། སློབ་དཔོན་ཀ་མ་ལ་ཤཱི་ལས་མཛད་པའི་《རིགས་ཐིགས་ཀྱི་ཕྱོགས་སྔ་མ་མདོར་བསྡུས་པ་》དང་། སློབ་དཔོན་དུལ་བ་ལྷས་མཛད་པའི་《གཏན་ཚིགས་ཐིགས་པའི་རྒྱ་ཆེར་འགྲེལ་པ་》དང་《དམིགས་པ་བརྟག་པའི་རྒྱ་ཆེར་བཤད་པ་》དང་། སློབ་དཔོན་དགེ་སྲུངས་ཀྱིས་མཛད་པའི་《ཐམས་ཅད་མཁྱེན་པ་གྲུབ་པའི་ཚིག་ལེའུར་བྱས་པ་》རྣམས་བོད་ཡིག་ཏུ་བསྒྱུར་ལ། སློབ་དཔོན་བཻ་རོ་ཙ་ནས་སློབ་དཔོན་ཙནྡ་གོ་མིའི་《རིགས་པ་གྲུབ་པའི་སྒྲོན་མ་》ཞེས་བྱ་བ་སྐད་སྒྱུར་མཛད་པ་དང་། ལོ་ཙཱ་བ་ཡེ་ཤེས་སྡེས་སློབ་དཔོན་ཛི་ན་མི་ཏྲས་མཛད་པའི་《རིགས་པ་ཐིགས་པའི་དོན་བསྡུས་》དང་སློབ་དཔོན་དུལ་བ་ལྷའི་《རིགས་པ་ཐིགས་པའི་རྒྱ་ཆེར་འགྲེལ་སློབ་མ་ལ་ཕན་པ་》བཅས་བོད་སྐད་དུ་བསྒྱུར་པ་ཙམ་ལས། ལོ་ཙཱ་བ་ཅོག་རོ་ཀླུའི་རྒྱལ་མཚན་གྱིས་རྒྱ་གར་གྱི་ཚད་མའི་བསྟན་བཅོས་བོད་སྐད་དུ་བསྒྱུར་པའི་ལོ་རྒྱུས་མི་གསལ་ལ། དེ་བཞིན་དུ་གོང་གི་ལོ་ཙཱ་བ་འདི་དག་གིས་སློབ་དཔོན་ཕྱོགས་གླང་གིས་བརྩམས་པའི་ཚད་མའི་བསྟན་བཅོས་ཅི་ཡང་བོད་སྐད་དུ་ཡིག་སྒྱུར་མཛད་མེད་པར་མངོན་ཏེ། སློབ་དཔོན་ཁོང་གི་བསྟན་བཅོས་རྣམས་ནི་ཕྱིས་ཀྱི་ལོ་ཙཱ་བ་དགེ་བསྙེན་ཞ་མ་སེང་རྒྱལ་དང་། དད་པ་ཤེས་རབ། དགེ་སློང་ཚུལ་ཁྲིམས་རྒྱལ་མཚན། གྲགས་པ་རྒྱལ་མཚན། དགེ་བའི་བཤེས་གཉེན་བཙུན་པ་སྟོན་གཞོན་དང་དྷརྨ་ལོ་ཀ་སོགས་ཀྱིས་ཕྱིས་སུ་རིམ་བཞིན་བསྒྱུར་པ་ཡིན་ནོ། །
དེས་ན་ད་ནི་སྤྲོས་པ་མང་པོ་མི་བགྱི་བར་དཔྱད་པར་བྱ་བའི་གཞི་《དེ་ཁོ་ན་ཉིད་བསྡུས་པའི་དཀའ་འགྲེལ་》ཞེས་པ་ལ་ཐད་ཀར་དུ་འཇུག་པར་བྱ་སྟེ། སློབ་དཔོན་ཁོང་གི་བསྟན་བཅོས་དཀར་ཆག་ཏུ་《དེ་ཁོ་ན་ཉིད་བསྡུས་པའི་དཀའ་འགྲེལ་》ཞེས་བཀོད་ཡོད་ཅིང་ཡོངས་གྲགས་སུ་《ཚད་ཆེན་དཀའ་འགྲེལ་》དང་། 《ཚད་མའི་དེ་ཁོ་ན་ཉིད་བསྡུས་པའི་དཀའ་འགྲེལ་》ཞེས་འབྱུང་ལ། དབུས་པ་བློ་གསལ་གྱི་《གྲུབ་མཐའ་》ལས། 《ཚད་མའི་དེ་ཁོ་ན་ཉིད་བསྡུས་པ་》ཞེས་འབྱུང་བ་ནི་《རྣལ་འབྱོར་གྱི་རྒྱུད་དེ་ཁོ་ན་ཉིད་བསྡུས་པ་》དང་དབྱེ་བ་འབྱེད་ཕྱིར་གསལ་ཁ་བཏོད་པར་གསུངས་ཡོད་པ་དང་། བསྟན་བཅོས་འདི་ནི་མཁན་ཆེན་ཞི་བ་འཚོའི་《ཚད་མའི་དེ་ཁོ་ན་ཉིད་བསྡུས་པ་》ཡི་དཀའ་འགྲེལ་ཡིན་ཞིང་། རྒྱ་གར་གྱི་སློབ་དཔོན་དེ་བན་དྲ་བྷ་དྲ་(ལྷ་དབང་བློ)དང་ལོ་ཙཱ་བ་གྲགས་འབྱོར་ཤེས་རབ་གཉིས་ཀྱིས་བོད་སྐད་དུ་ཡིག་སྒྱུར་མཛད་པ་དང་། བསྟན་བཅོས་《ཚད་མའི་དེ་ཁོ་ན་ཉིད་བསྡུས་པ་》ཡི་ཕྱི་མོ་རྒྱ་དཔེ་ལ་ལེའུ་ཉེར་དྲུག་དང་དེའི་དཀའ་འགྲེལ་བོད་འགྱུར་མ་ལ་ལེའུ་སུམ་ཅུ་སོ་གཅིག་བཞུགས་ཏེ། སློབ་དཔོན་ཀ་མ་ལ་ཤཱི་ལས་སྤྱི་དང་བྱེ་བྲག་གཉིས་ཚན་པ་སོ་སོར་བཀར་ཏེ་འགྲེལ་བརྗོད་གནང་བས་མཁན་ཆེན་ཞི་བ་འཚོའི་《ཚད་མའི་དེ་ཁོ་ན་ཉིད་བསྡུས་པ་》བོད་འགྱུར་མ་ལེའུ་སུམ་ཅུ་ཅན་དེ་ལས་ལེའུ་གཅིག་གིས་མང་བར་གྱུར་ཏོ། །བསྟན་བཅོས་འདི་ལས་གཞན་སེལ་གྱི་སྐོར་ཇི་ལྟར་བསྟན་ཚུལ་ནི། “བསྒྲུབ་པ་སྒྲའི་དོན་དུ་སྨྲ་བ་རྣམས་ཀྱི་ལྟ་བ་ནི་དོན་དམ་པའི་དངོས་པོ་ཉིད་སྒྲས་གཟུང་བར་བྱ་སྟེ། དེས་ན་སྒྲ་དག་གིས་དངོས་སུ་སྒྲུབ་པ་དང་དགག་པ་དག་གིས་དངོས་པོའི་རང་བཞིན་སྟོན་པར་བྱེད་པའི་ཕྱིར་སྒྲུབ་པ་ཉིད་སྒྲའི་དོན་ནོ་ཞེས་དང་། སེལ་བ་སྨྲ་བ་རྣམས་ཀྱི་ལྟ་བ་ནི་དོན་དམ་པར་སྒྲ་རྣམས་ཀྱི་བརྗོད་པར་བྱ་བ་དངོས་པོའི་རང་གི་ངོ་བོ་ཅུང་ཟད་ཀྱང་ཡོད་པ་མ་ཡིན་ཏེ། ཐ་མི་དད་པའི་དོན་དག་ལ་ཐ་དད་པའི་རྣམ་པར་ཞེན་པས་འཇུག་པའི་ཕྱིར་སྒྲ་ལས་བྱུང་བའི་ཤེས་པ་ཐམས་ཅད་ནི་འཁྲུལ་པ་ཉིད་ཡིན་ནོ། །འཁྲུལ་པ་ཉིད་ཡིན་ན་ཡང་གང་དུ་བརྒྱུད་པས་དངོས་པོ་དང་འབྲེལ་བ་དེར་དོན་ལ་མི་སླུ་བ་ཡིན་པ་དང་།དེ་ལ་རྣམ་པར་རྟོག་པའི་བློས་དོན་ཐ་མི་དད་པ་དག་ལ་སྒྲོ་བཏགས་པའི་ངོ་བོ་གང་ཡིན་པ་དེ་ནི་གཞན་ལས་ལྡོག་པའི་དངོས་པོ་ཉམས་སུ་མྱོང་བའི་སྟོབས་ཀྱིས་འོངས་པའི་ཕྱིར་དང་། རང་ཉིད་ཀྱང་གཞན་ལས་ལྡོག་པ་ཉིད་དུ་སྣང་བའི་ཕྱིར་དང་། གཞན་ལས་ལྡོག་པར་བརྗོད་པའི་འཁྲུལ་པ་དང་ལྷན་ཅིག་གཅིག་ཉིད་དུ་ངེས་པའི་ཕྱིར་དང་། གཞན་སེལ་བའི་དངོས་པོ་རྟོགས་པའི་འབྲས་བུ་ཅན་ཡིན་པའི་ཕྱིར་གཞན་སེལ་ཞེས་བརྗོད་པ་ཡིན་ཡང་། གཞན་སྡེ་རྣམས་ཀྱིས་བུམ་པའོ་སྙམ་པའི་བློ་ལ་དགག་བྱ་བཅད་ལྡོག་མི་སྣང་བར་སྒྲུབ་པ་རང་དབང་བའི་ཚུལ་གྱིས་སྒྲ་རྟོག་ཐམས་ཅད་དངོས་དབང་གིས་འཇུག་པར་”⑰འདོད་པའི་གསུང་ཚུལ་བཀོད་ཡོད་པ་དང་། དེ་བཞིན་དུ་རྒྱལ་བ་དགེ་འདུན་གྲུབ་ཀྱི་《ཚད་མའི་བསྟན་བཅོས་ཆེན་མོ་རིགས་པའི་རྒྱན་》དུའང་།“སེལ་བ་སྨྲ་བ་རྣམས་བུམ་པ་ལྟ་བུ་ལ་འཇུག་པའི་སྒྲ་རྟོག་རྣམས་སེལ་བས་འཇུག་པ་ཡིན་ཏེ། དང་པོར་དོན་གྱི་གཞན་སེལ་གྱི་སྟོབས་ལས་འོངས་པའི་ཕྱིར་དང་། ད་ལྟ་རིགས་མི་མཐུན་ལས་ལོག་པར་སྣང་ལ། ཕྱིས་ཀྱང་རིགས་མི་མཐུན་ལས་ལོག་པའི་དོན་གྱི་གཞན་སེལ་ཐོབ་པའི་མཐར་ཐུག་པ་ཡིན་པའི་ཕྱིར་”⑱ཞེས་གསུངས་པ་གཉིས་ནི་དོན་གཅིག་ཏུ་གཞོལ་བ་ཡིན་ལ། འདི་ནི་མ་ཡིན་དགག་གི་གཞན་སེལ་དང་མེད་དགག་གི་གཞན་སེལ་གཉིས་དངོས་པོ་དང་དངོས་མེད་གང་ཡིན་རྩོད་གཞིར་བཟུང་བ་ཙམ་སྟེ། ཡང་དེ་ཉིད་དུ། “མ་ཡིན་དགག་གི་གཞན་སེལ་གང་ཞིག སྒྲོ་མ་བཏགས་པར་དོན་རང་ངོས་ནས་གྲུབ་པ་ནི་དོན་རང་མཚན་གྱི་གཞན་སེལ་དང་། མ་ཡིན་དགག་གི་གཞན་སེལ་གང་ཞིག རྟོག་པས་སྒྲོ་བཏགས་པ་ཙམ་ནི་བློའི་གཞན་སེལ་གྱི་མཚན་ཉིད་”⑲ཡིན་པར་སྨྲ་ལ། འདི་གཉིས་ཀྱི་མཚན་གཞིའི་དཔེ་བརྗོད་ལའང་རིམ་པར་བུམ་པ་མ་ཡིན་པ་ལས་ལོག་པ་དང་རྟོག་པ་ལ་བུམ་པ་མ་ཡིན་པ་ལས་ལོག་པར་སྣང་བ་བཀོད་ཡོད་ཅིང་། གཞན་སེལ་གྱི་མཚན་ཉིད་དང་རིགས་དབྱེ་ཙམ་ལ་རི་བོ་དགེ་ལྡན་པ་རྣམས་ནི་ཧ་ལམ་མགྲིན་གཅིག་དབྱངས་གཅིག་ཏུ་ངེས་ཏེ། དགོངས་པ་དེ་རྣམས་ནི་མཁན་ཆེན་ཞི་བ་འཚོ་དང་སློབ་དཔོན་ཀ་མ་ལ་ཤཱི་ལ་སོགས་རྒྱ་གར་མཁས་པའི་རྗེས་སུ་ཇི་བཞིན་དུ་འབྲངས་པས་ཡིན་མོད། འོན་ཏེ་མཚན་གཞིའི་དཔེ་བརྗོད་ཀྱི་ཆ་ལ་མཁས་པ་རྣམས་ཀྱི་ཐུགས་དགོངས་ཅུང་ཟད་མི་འདྲ་བའང་བདོག་སྟེ། མཁས་གྲུབ་ཐམས་ཅད་མཁྱེན་པས་བུམ་པ་མ་ཡིན་པ་ལས་ལོག་པ་ཙམ་ནི་རྟོག་པ་སྟེ་དངོས་མེད་དུ་དགོངས་ལ། རྗེ་ཐམས་ཅད་མཁྱེན་པ་དགེ་འདུན་གྲུབ་པས་བུམ་པ་མ་ཡིན་པ་ལས་ལོག་པ་ནི་བུམ་པ་སྟེ་རང་མཚན་དུ་གསུངས་ཤིང་། དེ་བཞིན་དུ་མཁས་པ་གཞན་འགའ་རེས་ཀྱང་རྟོག་པ་ལ་བུམ་པར་སྣང་བ་དགག་པ་མིན་པས་བློའི་གཞན་སེལ་མིན་པར་སྨྲ་ཡང་། ཁོ་བོས་འདི་ནི་དགག་པར་འདོད་དེ། རྟོག་པ་ལ་བུམ་པར་སྣང་དུས་རང་གི་དགག་བྱ་ཚིག་གིས་ཟིན་པར་དགག་པ་མིན་རུང་། དེ་ཉིད་བློ་ལ་འཆར་བ་ན་རང་གི་དགག་བྱ་བཅད་པའི་རྣམ་པ་ཅན་དུ་འཆར་དགོས་ཤིང་། བརྒྱ་ལ་དེ་འདྲ་མིན་ཚེ། རྗེ་ཐམས་ཅད་མཁྱེན་པས་སྟོང་ཉིད་དང་ཆོས་ཉིད། འགོག་བདེན་སོགས་དགག་པར་བཞེད་པའང་དགོངས་འགལ་དུ་ཁས་མི་ལེན་རང་ལེན་ཡིན་ནོ། །མཁས་གྲུབ་ཐམས་ཅད་མཁྱེན་པས་“དོན་གྱི་སེལ་བ་ནི་དོན་རང་མཚན་ཡང་ཡིན་ལ། སེལ་བ་ཡང་ཡིན་པ་དེ་དག་ལ་བརྗོད་དེ།དཔེར་ན། བུམ་པ་མ་ཡིན་པ་ལས་ལོག་པ་ཡང་ཡིན། བུམ་པ་ཡང་ཡིན་པའི་ཚོགས་པ་ལྟ་བུའོ། །”⑳ ཞེས་གསུངས་པ་འདི་ནི་དགོངས་གཞི་གཉིས་ལ་དམིགས་ཡོད་པར་འདོད་དེ། བུམ་པ་མ་ཡིན་པ་ལས་ལོག་པ་ཙམ་ནི་དངོས་པོའམ་རང་མཚན་དུ་མི་འདོད་ཅིང་། གལ་ཏེ་ཁག་ཅིག་གིས་ཨུ་ཚུགས་ཚ་པོས་ནན་གྱིས་དེ་ལྟར་བརྗོད་ན། རང་རེ་རྣམས་ཀྱིས་བུམ་པ་མ་ཡིན་པ་ལས་ལོག་པ་ནི་གཞན་སེལ་བའི་སྤྱི་ཡིན་པར་ཁས་འཆེ་བཞིན་དུ་དངོས་པོར་ཡང་ཁས་བླངས་པ་ཡིན་པས། ཕྱི་རོལ་གྲངས་ཅན་པའི་ཁྱད་པར་ལྔ་ལྡན་གྱི་སྤྱི་དངོས་པོ་བར་བརྗོད་པ་དང་ཤིན་ཏུ་འདྲ་ཆེ་བས་ཀུན་གྱིས་གཟབ་དགོས་པའི་གནས་སོ། །
ཡང་མཁས་གྲུབ་རྗེའི་《ཊཱིཀ་ཆེན་རིགས་པའི་རྒྱ་མཚོ་》རུ། “མེད་དགག་གི་སེལ་བ་ནི། རང་གི་དགག་བྱ་རྣམ་པར་བཅད་ཙམ་གྱི་ཆ་དག་ལ་བརྗོད་དེ། དཔེར་ན་བུམ་མེད་ལྟ་བུའོ། །”(21)ཞེས་ཚིག་ཚོགས་ཉུང་བའི་སྒོ་ནས་མཚན་གཞི་སྟབས་བདེ་ཞིག་བཀོད་ཡོད་རུང་། དེ་ནི་ཚད་མའི་དགོངས་འགྲེལ་གྲགས་ཆེན་འགའ་རེའི་བཀྲལ་ལུགས་དང་ཅུང་ཟད་མི་མཐུན་པར་སྣང་སྟེ། བྲམ་ཟེ་བདེ་བྱེད་དགའ་བ་དང་རྗེ་ཙོང་ཁ་པ་རྣམ་གཉིས་ཀྱི་བུམ་པའི་མེད་དགག་གི་མཚན་གཞི་རུ། བུམ་མིན་ལ་བུམ་པ་མེད་པ་བཀོད་ཡོད་པ་དང་། མཁན་ཆེན་ཞི་བ་འཚོ་ཡབ་སྲས་དང་རྒྱལ་ཚབ་རྗེ་སོགས་ཀྱིས་བུམ་པ་ལ་བུམ་མིན་མེད་པ་ད་གཟོད་བུམ་པའི་མེད་དགག་གི་གཞན་སེལ་དུ་བཞེད་ནས་རང་ལུགས་རྒྱས་པར་གསུངས་ཡོད་ལ། ཡང་དེ་ཉིད་དུ་“འོ་ན་བུམ་པ་མ་ཡིན་པ་རྣམ་པར་བཅད་ཙམ་གྱི་མེད་དགག་དེ་བུམ་པ་མ་ཡིན་པ་རྣམ་པར་བཅད་པའི་སེལ་བ་མ་ཡིན་ནམ་ཞེ་ན། མ་ཡིན་ཏེ། འདི་ལྟར་བུམ་པ་མ་ཡིན་པའི་སེལ་བ་ཡིན་པའི་ཕྱིར་རོ། །དེར་ཐལ། དངོས་པོར་མེད་པའི་སེལ་བ་ཡིན་པའི་ཕྱིར་རོ། །”(22)ཞེས་བུམ་པ་མ་ཡིན་པ་རྣམ་པར་བཅད་ཙམ་གྱི་མེད་དགག་ནི་དངོས་པོར་མེད་པའི་སེལ་བ་ལས་བུམ་པ་མ་ཡིན་པ་རྣམ་པར་བཅད་པའི་བུམ་པ་སྟེ་དོན་རང་མཚན་མིན་པར་འདོད་དོ། །དེ་བཞིན་དུ་《རྣམ་བཤད་ཐར་ལམ་གསལ་བྱེད་》ལས། “དེ་མ་ཡིན་པ་བསལ་བའི་རྣམ་པ་དངོས་སུ་ཤར་བའི་སྒོ་ནས་དངོས་སུ་རྟོགས་པར་བྱ་བ་”(23)གཞན་སེལ་གྱི་མཚན་ཉིད་དུ་བཤད་པ་དང་། 《ཚད་མ་རྣམ་ངེས་ཀྱི་ཊཱིཀ་ཆེན་དགོངས་པ་རབ་གསལ་》དུ། “རང་གི་བསལ་བྱ་ཚིག་གིས་ཟིན་པར་བཅད་པའི་ཚུལ་གྱིས་རྟོགས་པར་བྱ་བ་”(24)དང་། རྗེ་བཙུན་ཆོས་ཀྱི་རྒྱལ་མཚན་གྱི་《ཚད་མ་རྣམ་འགྲེལ་གྱི་དོན་འགྲེལ་རྒྱལ་ཚབ་དགོངས་པ་རབ་གསལ་》དུ། “བློ་དོན་མཐུན་ལ་རང་གི་རྣམ་པ་འཆར་བའི་ཚེ། དེ་མ་ཡིན་པ་བསལ་བའི་རྣམ་པ་ཅན་དུ་འཆར་བ་དེ་”(25)གཞན་སེལ་གྱི་མཚན་ཉིད་དུ་བཤད་པ་སོགས་ལ་ཚིག་ཟུར་ཅུང་ཟད་མི་འདྲ་བ་མ་གཏོགས་དོན་ལ་གཞོལ་ཚུལ་གཅིག་པར་སྣང་ཡང་། དགའ་ལྡན་ཁྲི་རབས་ལྔ་བཅུ་པ་པཎ་ཆེན་བསོད་ནམས་གྲགས་པའི་《ཚད་མ་རྣམ་འགྲེལ་གྱི་དཀའ་འགྲེལ་དགོངས་པ་རབ་གསལ་》དུ། “ནམ་མཁའ་ལྟ་བུ་གཞན་སེལ་ཡིན་ཀྱང་། མཚན་ཉིད་དེ་མ་ཡིན་པའི་ཕྱིར་”(26)ཞེས་རང་གི་དགག་བྱ་ཚིག་གིས་ཟིན་པར་བཅད་པའི་ཚུལ་གྱིས་རྟོགས་པར་བྱ་བ་གཞན་སེལ་གྱི་མཚན་ཉིད་མིན་པར་བསྒྲུབས་པ་འདིའང་བློ་ལྡན་ཀུན་གྱིས་ཤེས་པར་བྱའོ། ། སྤྱིར་སློབ་དཔོན་ཀ་མ་ལ་ཤཱི་ལ་དང་རི་བོ་དགེ་ལྡན་པའི་མཁས་པ་ཀུན་གྱིས་དགག་པ་ལ་མ་ཡིན་དགག་དང་མེད་དགག་གཉིས་སུ་གྲངས་ངེས་པར་གསུངས་ནའང་། དེ་ནི་ཤིན་ཏུ་བསྡུས་པ་ཡིན་ཏེ། དེར་ཞིབ་ཏུ་དབྱེ་ན་རྣམ་གྲངས་བཅོ་ལྔ་དང་བརྒྱད། བདུན་དང་དྲུག ལྔ་དང་བཞི། གསུམ་སོགས་རྒྱས་བསྡུས་ཅི་རིགས་ཡོད་དོ། །
མཇུག་བསྡུ་བ།
སྤྱིར་གཞན་སེལ་ནི་དགག་པ་དང་དོན་འདྲ་ལ། འདི་ཡང་རིགས་མི་མཐུན་པ་དང་སྒྲོ་འདོགས་སེལ་བ་ཙམ་སྟོན་པ་མ་ཡིན་པར་དགག་བྱ་རྣམ་པར་བཅད་པའི་སྒོ་ནས་དེའི་དོན་བློ་ཡུལ་དུ་འཆར་བ་ལ་བརྗོད་པ་ཡིན་ཞིང་། འདིའི་གོ་དོན་དང་རིགས་དབྱེའི་སྐོར་ལ་བོད་སྔ་ཕྱིའི་མཁས་པ་རྣམས་ཀྱིས་ལུང་རིགས་དཔེ་གསུམ་གྱི་སྒོ་ནས་རྒྱས་བསྡུས་ཅི་རིགས་ཤིག་གསུངས་ཡོད་དེ། དཔེར་ན། རང་གི་དགག་བྱ་ཚིག་གིས་ཟིན་པར་དངོས་སུ་བཅད་པའི་ཚུལ་གྱིས་རྟོགས་པར་བྱ་བ་དང་། དེ་མ་ཡིན་པ་བསལ་བའི་རྣམ་པ་དངོས་སུ་ཤར་བའི་སྒོ་ནས་དངོས་སུ་རྟོགས་པར་བྱ་བ་དང་། རང་གི་དགག་བྱ་དངོས་སུ་བཅད་པའི་ཚུལ་གྱིས་རྟོགས་བྱ་དང་། སྒྲུབ་ཆོས་དོར་བ་དང་། རྟོག་པའི་སྒྲོ་འདོགས་དང་། དགག་པ་འབའ་ཞིག་པར་ཞེན་པར་བྱ་བ་དང་། དགག་སྒྲུབ་གང་རུང་གང་ཞིག་སྒྲུབ་པ་མིན་པ་དང་། རང་གི་བསལ་བྱ་རིགས་མི་མཐུན་སེལ་བར་བྱེད་པ་དང་། བློ་དོན་མཐུན་ལ་རང་གི་རྣམ་པ་འཆར་བའི་ཚེ། དེ་མ་ཡིན་པ་བསལ་བའི་རྣམ་པ་ཅན་དུ་འཆར་བ་སོགས་དགོངས་གཞི་མི་འདྲ་བའི་དབང་གིས་མཚན་ཉིད་རབ་དང་རིམ་པ་མང་དུ་གསུངས་ཡོད་མོད། འོན་ཀྱང་བློ་ཞིབ་མོས་བརྟག་པར་བྱས་ན། སྟག་པ་ཞེས་པའི་སྒྲས་ཤིང་སྟག་པ་མ་ཡིན་པའི་གཞན་ཐམས་ཅད་སེལ་བར་བྱ་ནུས་ཀྱང་སེལ་ཚུལ་མི་མཚུངས་ཏེ། ཤིང་སྟག་པ་མ་ཡིན་པའི་ཤིང་འོམ་བུ་སོགས་ཤིང་གསལ་རྣམས་ནི་དངོས་སུ་བཅད་ནས་བསལ་བ་དང་། གཞན་རྫ་བུམ་སོགས་ཀྱང་སྐབས་འདིར་བསལ་བར་བྱས་པ་བདེན་ཡང་དེ་རྣམས་ནི་ཤིང་སྟག་པའི་སྤྱི་སྟེ་ཤིང་ལ་དམིགས་ནས་བསལ་བ་ཡིན་པས་སེལ་ཚུལ་མི་འདྲ་ལ་རྫ་བུམ་སོགས་ནི་སྐབས་སུ་བབ་པའི་གཞན་སེལ་གྱི་གཞན་ལའང་གོ་བར་མི་བྱ་སྟེ། ཤིང་སྟག་པ་དང་ཤིང་འོམ་བུ་སོགས་ནི་སྤྱིར་ཤིང་ཞེས་བརྗོད་པའི་སྒྲ་ལས་གཞན་ཡིན་ཡང་སྐབས་འདིར་ཤིང་རང་གི་གསལ་བ་ཡིན་པས་ཤིང་གི་སྒྲ་ཙམ་གྱིས་དེ་དག་སེལ་བར་མི་བྱ་ལ། ཤིང་སྟག་པས་ཀྱང་ཤིང་གོ་བར་ནུས་ཀྱང་ཤིང་ཞེས་བརྗོད་པའི་སྒྲས་ཤིང་སྟག་པ་བྱེ་བྲག་ཏུ་གསལ་པོར་སྟོན་མི་ནུས་པས།གཞན་སེལ་ཞེས་པའི་གཞན་ལ་གོ་བ་ལེགས་པོར་ལེན་དགོས་སོ། །རྒྱ་བོད་མཁས་པ་ཀུན་གྱིས་གཞན་སེལ་དང་སེལ་བ།དགག་པ་སོགས་རྣམ་གྲངས་ཡིན་པའི་དགོངས་འཆར་གཅིག་མཐུན་ཏུ་སྨྲ་བར་སྣང་མོད། འོན་ཀྱང་འདིའི་རིགས་དབྱེའི་སྐོར་ལ་རྒྱལ་ཚབ་རྗེ་སོགས་ཀྱི་དགོངས་པ་བཞིན་དོན་རང་མཚན་གྱི་གཞན་སེལ་དང་བློའི་གཞན་སེལ། མེད་དགག་གི་གཞན་སེལ་སོགས་སུ་གྲངས་ངེས་པར་བགྱིས་ན། རང་མཚན་ཐམས་ཅད་སྒྲུབ་འཇུག་མིན་པ་ལྟ་བུའི་དོན་ཡང་ཤུགས་ལ་སླེབས་འོངས་པས། བུམ་པ་མ་ཡིན་པ་ལས་ལོགས་པའི་དོན་རང་མཚན་ནི་གཞན་སེལ་བཏགས་པ་བར་ཁས་འཆེ་ན་ཅུང་ཟད་ལེགས་པར་འདོད་ལ། དེ་བཞིན་དུ་བུམ་མེད་དེ་བུམ་པ་མེད་པ་དང་བུམ་པ་ལ་བུམ་མ་ཡིན་མེད་པ།བུམ་མ་ཡིན་ལ་བུམ་པ་མེད་པ་རྣམས་མེད་དགག་ཡིན་པ་འདྲ་ཡང་། བུམ་པ་དང་བུམ་མ་ཡིན་གཉིས་ཀྱི་དགག་གཞི་གང་ཡིན་ལ་བྱེ་བྲག་ཏུ་ཞིབ་དཔྱོད་གནང་རྒྱུ་ནི་ཀུན་གྱིས་ཐུགས་མཉམ་འཇོག་དགོས་པའི་གནས་སོ། །
དཔྱད་གཞིའི་ཡིག་ཆ།
①ཤཱཀྱ་བློ། 《ཚད་མ་རྣམ་འགྲེལ་ལེའུ་བཞི་ཀའི་འགྲེལ་བ》 སྡེ་དགེ་བསྟན་འགྱུར། ཚད་མ། ཇེ།[M] ཁྲེང་ཏུའུ། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ཤོག་ངོས་200
②ཞི་བ་འཚོ། 《ཚད་མའི་དེ་ཁོ་ན་ཉིད་བསྡུས་པ》[M] ལྷ་ས། སེར་གཙུག་ནང་བསྟན་དཔེ་རྙིང་འཚོལ་བསྡུ་ཕྱོགས་སྒྲིག་ཁང་། 2019ལོ། ཤོག་ངོས་80-81
③རྒྱལ་ཚབ་རྗེ། 《རྣམ་བཤད་ཐར་ལམ་གསལ་བྱེད》[M] ལྷ་ས། སེར་གཙུག་ནང་བསྟན་དཔེ་རྙིང་འཚོལ་བསྡུ་ཕྱོགས་སྒྲིག་ཁང་། 2002ལོ། ཤོག་ངོས་205
④རྗེ་ཙོང་ཁ་པ། 《རྗེ་ཙོང་ཁ་བ་ཆེན་པོའི་གསུང་འབུམ》[M] ཟི་ལིང་། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 1986ལོ། ཤོག་ངོས་1223
⑤རྗེ་བཙུན་ཆོས་ཀྱི་རྒྱལ་མཚན། 《ཚད་མ་རྣམ་འགྲེལ་གྱི་དོན་འགྲེལ་རྒྱལ་ཚབ་དགོངས་པ་རབ་གསལ》[M] ལྷ་ས། སེར་གཙུག་ནང་བསྟན་དཔེ་རྙིང་འཚོལ་བསྡུ་ཕྱོགས་སྒྲིག་ཁང་། 2019ལོ། ཤོག་ངོས་261
⑥⑦རྒྱལ་ཚབ་རྗེ། 《རྣམ་བཤད་ཐར་ལམ་གསལ་བྱེད》[M] ལྷ་ས། སེར་གཙུག་ནང་བསྟན་དཔེ་རྙིང་འཚོལ་བསྡུ་ཕྱོགས་སྒྲིག་ཁང་། 2002ལོ། ཤོག་ངོས་205; 205
⑧⑨མཁས་གྲུབ་རྗེ། 《ཊཱིཀ་ཆེན་རིགས་པའི་རྒྱ་མཚོ》[M] ལྷ་ས། འབྲས་སྤུངས་བློ་གསལ་གླིང་དཔེ་མཛོད་ཁང་། 2002ལོ། ཤོག་ངོས་274; 280
⑩བསེ་ངག་དབང་བཀྲ་ཤིས། 《ཚད་མའི་དགོངས་དོན་རྩ་འགྲེལ་མཁས་པའི་མགུལ་རྒྱན》[M] པེ་ཅིན། མི་རིགས་དཔེ་སྐྲུན་ཁང་། 2018ལོ། ཤོག་ངོས་298
⑪དམུ་དགེ་བསམ་གཏན། 《ཤེས་བྱའི་རྣམ་གྲངས་བློ་གསལ་རིགས་སྒོ》[M] ཟི་ལིང་། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 2006ལོ། ཤོག་ངོས་181
⑫ས་སྐྱ་ཀུན་དགའ་རྒྱལ་མཚན། 《ཚད་མ་རིགས་གཏེར》[M] གློག་རྡུལ་པར་མ། བློ་བཟང་དབང་ལྡན་གྱིས་བསྒྲིགས། 2012ལོ། ཤོག་ངོས་11
⑬ཀ་མ་ལ་ཤཱི་ལ། 《དེ་ཁོ་ན་ཉིད་བསྡུས་པའི་དཀའ་འགྲེལ》 (བར་ཆ) [M] ལྷ་ས། སེར་གཙུག་ནང་བསྟན་དཔེ་རྙིང་འཚོལ་བསྡུ་ཕྱོགས་སྒྲིག་ཁང་། 2019ལོ། ཤོག་ངོས་34
⑭སངས་རྒྱས་དཔལ། 《སྡེ་བདུན་གྱི་དགོངས་འགྲེལ་ཚད་མ་རིགས་པའི་གཏེར་གྱི་དེ་ཁོ་ན་ཉིད་གསལ་བར་བྱེད་པ་རིགས་པའི་འོད་སྟོང་འཕྲོ་བ》[M] པེ་ཅིན། མི་རིགས་དཔེ་སྐྲུན་ཁང་། 2015ལོ། ཤོག་ངོས་60
⑮སངས་རྒྱས་དཔལ། 《རིགས་གཏེར་དེ་ཉིད་གསལ་བྱེད་རིགས་པའི་འོད་འཕྲོ》[M] པེ་ཅིན། མི་རིགས་དཔེ་སྐྲུན་ཁང་། 2015ལོ། ཤོག་ངོས་78
⑯དུལ་བ་ལྷ། 《ཚད་མ་རིགས་པའི་ཐིགས་པའི་རྒྱ་ཆེར་འགྲེལ་བ》[M] པེ་ཅིན། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། 2003ལོ། ཤོག་ངོས་23
⑰ཀ་མ་ལ་ཤཱི་ལ། 《དེ་ཁོ་ན་ཉིད་བསྡུས་པའི་དཀའ་འགྲེལ》[M] པེ་ཅིན། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། 2004ལོ། ཤོག་ངོས་343
⑱རྒྱལ་བ་དགེ་འདུན་གྲུབ། 《ཚད་མའི་བསྟན་བཅོས་ཆེན་མོ་རིགས་པའི་རྒྱན》[M] ལྷ་ས། སེར་གཙུག་ནང་བསྟན་དཔེ་རྙིང་འཚོལ་བསྡུ་ཕྱོགས་སྒྲིག་ཁང་། 2017ལོ། ཤོག་ངོས་467
⑲རྒྱལ་བ་དགེ་འདུན་གྲུབ། 《ཚད་མའི་བསྟན་བཅོས་ཆེན་མོ་རིགས་པའི་རྒྱན》[M] ལྷ་ས། སེར་གཙུག་ནང་བསྟན་དཔེ་རྙིང་འཚོལ་བསྡུ་ཕྱོགས་སྒྲིག་ཁང་། 2017ལོ། ཤོག་ངོས་468
⑳(21)(22)མཁས་གྲུབ་རྗེ། 《ཊཱིཀ་ཆེན་རིགས་པའི་རྒྱ་མཚོ》[M] ལྷ་ས། འབྲས་སྤུངས་བློ་གསལ་གླིང་། 2017ལོ། ཤོག་ངོས་274; 274; 279
(23)རྒྱལ་ཚབ་རྗེ། 《རྣམ་བཤད་ཐར་ལམ་གསལ་བྱེད》[M] ལྷ་ས། སེར་གཙུག་ནང་བསྟན་དཔེ་རྙིང་འཚོལ་བསྡུ་ཕྱོགས་སྒྲིག་ཁང་། 2002ལོ། ཤོག་ངོས་205
(24)རྒྱལ་ཚབ་རྗེ། 《ཚད་མ་རྣམ་ངེས་ཀྱི་ཊཱིཀ་ཆེན་དགོངས་པ་རབ་གསལ》[M] ལྷ་ས། ནོར་བུ་བདུན་སྤུངས་དཔེ་མཛོད་ཁང་། 2001ལོ། ཤོག་ངོས་384
(25)རྗེ་བཙུན་ཆོས་ཀྱི་རྒྱལ་མཚན། 《ཚད་མ་རྣམ་འགྲེལ་གྱི་དོན་འགྲེལ་རྒྱལ་ཚབ་དགོངས་པ་རབ་གསལ》[M] ལྷ་ས། སེར་གཙུག་ནང་བསྟན་དཔེ་རྙིང་འཚོལ་བསྡུ་ཕྱོགས་སྒྲིག་ཁང་། 2002ལོ། ཤོག་ངོས་261
(26)པཎ་ཆེན་བསོད་གྲགས། 《ཚད་མ་རྣམ་འགྲེལ་གྱི་དཀའ་འགྲེལ་དགོངས་པ་རབ་གསལ》[M] ལྷ་ས། རྟེན་འབྲེལ་དཔེ་ཚོགས་རྩོམ་སྒྲིག་ཁང་། 2006ལོ། ཤོག་ངོས་146