ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུད་ཀྱིས་གྲོས་ཚོགས་འཚོགས་པ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། སྤེལ་དུས། 10-20



    ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུད་ཀྱིས་སྤྱི་ཟླ་10པའི་ཚེས་18ཉིན་གྲོས་ཚོགས་འཚོགས་ནས་ཏང་གི་ལོ་བརྒྱའི་འབད་འཐབ་གྲུབ་འབྲས་གལ་ཆེན་དང་ལོ་རྒྱུས་ཀྱི་ཉམས་མྱོང་ཕྱོགས་ཡོངས་ནས་ཕྱོགས་སྡོམ་བྱེད་པའི་གནད་དོན་ལ་ཞིབ་འཇུག་གནང་ཡོད། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གྲོས་ཚོགས་གཙོ་སྐྱོང་གནང་ཡོད་པ་རེད། 
     གྲོས་ཚོགས་ཐོག ཀྲུང་གོ་གུང་ཁྲན་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པ་སྤྱི་ཟླ་11པའི་ཚེས་8ནས་ཚེས་11ཉིན་བར་པེ་ཅིང་དུ་འཚོག་རྒྱུའི་གཏན་འབེབས་བྱས་ཡོད་པ་རེད།
    ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུད་ཀྱིས༼ཏང་གི་ལོ་བརྒྱའི་འབད་འཐབ་གྲུབ་འབྲས་གལ་ཆེན་དང་ལོ་རྒྱུས་ཀྱི་ཉམས་མྱོང་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་གི་གྲོས་ཆོད༽ཀྱི་མ་ཟིན་ལ་ཏང་ཕྱི་ནང་གི་ཁྱབ་ཁོངས་ངེས་ཅན་ནང་བསམ་འཆར་བསྡུ་ལེན་བྱས་ཚུལ་གྱི་སྙན་ཞུ་གསན་པ་དང་། ད་ཐེངས་ཀྱི་གྲོས་ཚོགས་ཐོག་གྲོས་བསྡུར་བྱས་པའི་བསམ་འཆར་གཞིར་བཟུང་བཟོ་བཅོས་བརྒྱབ་རྗེས་གྲོས་ཆོད་མ་ཟིན་དེ་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་ཐོག་གྲོས་ཞིབ་བྱ་རྒྱུར་འབུལ་རྒྱུའི་གཏན་འབེབས་བྱས་ཡོད་པ་རེད། 
     གྲོས་ཚོགས་ཐོག ད་ཐེངས་བསམ་འཆར་བསྡུ་ལེན་བྱེད་སྐབས་དམངས་གཙོ་དར་སྤེལ་དང་བློ་བསྡུས་དགེ་འཚོལ་བྱས་ཡོད་པའི་ངོས་འཛིན་བྱས་ནས། ཏང་ཕྱི་ནང་གི་ཕྱོགས་ཁག་གི་བསམ་འཆར་དང་གྲོས་འགོ་རྒྱ་ཁྱབ་ངང་ཉན་ཡོད།  སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏང་ཕྱིའི་མི་སྣའི་བཞུགས་མོལ་ཚོགས་འདུ་གཙོ་སྐྱོང་གནང་བ་དང་། ཚོགས་ར་དངོས་སུ་དམངས་གཙོ་ཏང་ཤོག་ཁག་གི་ཀྲུང་དབྱང་དང་རྒྱལ་ཡོངས་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱི་འགན་འཁུར་བ་དང་། ཏང་ཤོག་གང་ལའང་མི་གཏོགས་པའི་མི་སྣའི་འཐུས་མིའི་བསམ་འཆར་གསན་གནང་ཡོད།  ས་ཁུལ་ཁག་དང་སྡེ་ཚན་ཁག ཕྱོགས་ཁག་བཅས་དང་། ཏང་གི་ཚོགས་ཆེན་བཅུ་དགུ་པའི་འཐུས་མི་བཅས་ཀྱིས་གྲོས་ཆོད་མ་ཟིན་ལ་གདེང་འཇོག་གང་ལེགས་གནང་བ་དང་། མགྲིན་དབྱངས་གཅིག་གྱུར་ཐོག་གྲོས་ཆོད་མ་ཟིན་གྱི་སྒྲོམ་གཞིའི་གྲུབ་ཆ་དང་ནང་དོན་གཙོ་བོར་མོས་མཐུན་གནང་བ་མ་ཟད། གྲོས་ཆོད་མ་ཟིན་དེ་དངོས་ཐོག་བདེན་འཚོལ་དང་། ལོ་རྒྱུས་ལ་བརྩི་འཇོག བརྗོད་དོན་གཙོ་བོ་ཁ་གསལ། ཕྱོགས་སྡོམ་ཆ་ཚང་བ་བཅས་ཡིན་པའི་ངོས་འཛིན་གནང་བ་དང་ཆབས་ཅིག བསམ་འཆར་དང་གྲོས་འགོ་ཡག་པོ་མང་པོ་བཏོན་གནང་ཡོད། གྲོས་ཆོད་མ་ཟིན་ནང་ས་ཁུལ་ཁག་དང་། སྡེ་ཚན་ཁག ཕྱོགས་ཁག་བཅས་ཀྱི་བསམ་འཆར་དང་གྲོས་འགོ་བསྡུ་ལེན་བྱས་ཡོད་པ་རེད།
     གྲོས་ཚོགས་ཐོག ལོ་ངོ་བརྒྱའི་རིང་། ཀྲུང་གོ་གུང་ཁྲན་ཏང་གིས་ཐོག་མའི་བསམ་འདུན་དང་འགན་འཁྲི་ལག་བསྟར་རྣམ་དག་བྱས་པ་དང་། རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ་ཀྲུང་གོའི་ཡངས་ཤིང་རྒྱ་ཆེ་བའི་ས་གཞི་འདིའི་ཐོག་མིའི་རིགས་འཕེལ་རྒྱས་འགྲོ་བའི་ལོ་རྒྱུས་ཐོག་གི་བརྗིད་ཉམས་ལྡན་པའི་ལེའུ་བརྩམས་ནས། ཉེ་རབས་ཀྱི་ལོ་ངོ་བརྒྱ་ལྷག་རིང་བྲན་གཡོག་ཏུ་བཀོལ་བ་དང་བརྙས་བཅོས་ཚད་མེད་མྱངས་པའི་ཀྲུང་གོའི་མི་དམངས་ཡར་ལངས་ཐུབ་པ་དང་ལོ་ངོ་ལྔ་སྟོང་ལྷག་གི་ཤེས་དཔལ་ལོ་རྒྱུས་ལྡན་པའི་ཀྲུང་ཧྭ་མི་རིགས་ཕྱོགས་ཡོངས་ནས་དེང་རབས་ཅན་དུ་བསྐྱོད་ཐུབ་པ། ལོ་ངོ་ལྔ་བརྒྱ་ལྷག་གི་ལོ་རྒྱུས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་འཛམ་གླིང་ཐོག་མི་འབོར་མང་ཤོས་ཀྱི་རྒྱལ་ཁབ་ཏུ་ལེགས་གྲུབ་ལྡན་པའི་ལག་བསྟར་ཐུབ་པ། ཀྲུང་གོ་གསར་པ་གོམ་ཞེང་ཆེན་པོས་དུས་རབས་ཀྱི་རྗེས་ཟིན་ཐུབ་པ་བཅས་བྱུང་བས། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་འོད་སྟོང་འཕྲོ་བའི་མདུན་ལམ་མངོན་ཡོད་ཅེས་བསྟན་ཡོད་པ་རེད།
    གྲོས་ཚོགས་ཐོག ཏང་གི་དུས་ཡུན་རིང་པོའི་འབད་འཐབ་བརྒྱུད་རིམ་ནང་། བློ་མཐུན་མའོ་ཙེ་ཏུང་དང་། ཏེང་ཞའོ་ཕིང་། ཅང་ཙེ་རྨིན། ཧུའུ་ཅིན་ཐའོ་བཅས་ཀྱིས་སྐུ་ཚབ་གནང་བའི་ཀྲུང་གོའི་གུང་ཁྲན་ཏང་མིས་ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་གནང་ནས་གསར་བརྗེ་དང་། འཛུགས་སྐྲུན། བསྒྱུར་བཅོས་བཅས་ལ་སྐུལ་འདེད་བཏང་བར་གྲུབ་འབྲས་གལ་ཆེན་ཐོབ་པ་དང་ཉམས་མྱོང་རྩ་ཆེན་བསགས་ཡོད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་གནང་ནས་གྲུབ་འབྲས་གསར་པ་གལ་ཆེན་བཏོད་པ་དང་ཉམས་མྱོང་རྩ་ཆེན་གསར་པ་བསགས་ཡོད་ཅིང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་སྐྱེ་སྟོབས་དང་གསོན་ཤུགས་ཆེན་པོ་མངོན་ཡོད་པ། ཏང་སེམས་དང་དམག་སེམས། དམངས་སེམས་བཅས་སྔར་མེད་གོང་བུར་འགྲིལ་བ་དང་། རང་རྒྱལ་གྱི་རྒྱལ་སྤྱིའི་གནས་བབ་ཉིན་རེ་བཞིན་སྲ་བརྟན་དུ་ཕྱིན་ནས། ཀྲུང་ཧྭ་མི་རིགས་ཀྱི་བསྐྱར་དར་རླབས་པོ་ཆེ་མངོན་འགྱུར་ཐུབ་ཆེད་དུ་དེ་བས་འཐུས་སྒོ་ཚང་བའི་ལམ་ལུགས་ཀྱི་འགན་ལེན་དང་སྔར་བས་སྲ་བརྟན་གྱི་དངོས་པོའི་རྨང་གཞི། དེ་བས་རང་འགུལ་གྱི་བསམ་པའི་སྟོབས་ཤུགས་བཅས་མཁོ་འདོན་གནང་ཡོད། ཀྲུང་གོའི་གུང་ཁྲན་ཏང་དང་ཀྲུང་གོའི་མི་དམངས་ཀྱིས་དཔའ་ངར་ཞུམ་མེད་དང་འབད་འཐབ་ཆེར་སྐྱེད་ཀྱིས་འཛམ་གླིང་ལ་བརྗིད་ཉམས་ལྡན་པའི་སྒོ་ནས་ཀྲུང་ཧྭ་མི་རིགས་ཡར་ལངས་པ་དང་ཕྱུག་པོར་གྱུར་པ་ནས་སྟོབས་ཆེར་གྱུར་བའི་བར་གྱི་འཕུར་མཆོངས་རླབས་པོ་ཆེ་དང་ཀྲུང་ཧྭ་མི་རིགས་ཀྱི་བསྐྱར་དར་རླབས་པོ་ཆེ་མངོན་འགྱུར་བྱེད་པའི་ལྡོག་མེད་ཀྱི་ལོ་རྒྱུས་འཕེལ་རིམ་ཁྱབ་བསྒྲགས་བྱས་ཡོད་ཅེས་ནན་སྟོན་བྱས་ཡོད་པ་རེད། 
    གྲོས་ཚོགས་ཐོག ཏང་ཡོངས་ཀྱིས་ངེས་པར་དུ་དཀའ་སྡུག་ཁུར་དུ་བཟོད་ན་བྱ་གཞག་དར། བདེ་དགའ་སྐྱིད་ལ་ཆགས་ན་རྒུད་དུ་འགྱུར་བ་དེ་སེམས་སུ་བརྟན་པོར་ངེས་ནས། རྟག་ཏུ་བསམ་བློ་ཕུགས་རིང་གཏོང་བ་དང་བདེ་སྡོད་ཉེན་བསམ་བྱས་ཏེ། མུ་མཐུད་དུ་དུས་རབས་གསར་པའི་ཏང་འཛུགས་སྐྱོང་གི་ལས་གཞི་རླབས་པོ་ཆེར་སྐུལ་འདེད་དང་། ཁྱོན་ཡོངས་ནས་ཏང་ནན་སྐྱོང་རྒྱུན་འཁྱོངས་བྱེད་པ། ནམ་ཡང་མི་དམངས་མང་ཚོགས་བར་གྱི་ཤ་ཁྲག་ལྟ་བུའི་འབྲེལ་བ་རྒྱུན་འཁྱོངས་བྱེད་པ། མི་དམངས་ལྟེ་བར་འཛིན་པའི་གོང་འཕེལ་གྱི་བསམ་བློ་ལག་ལེན་བསྟར་བ་བཅས་བྱས་ཏེ། ཆེས་རྒྱ་ཆེ་བའི་མི་དམངས་ཀྱི་རྩ་བའི་ཁེ་ཕན་མངོན་འགྱུར་ཡག་པོ་དང་། སྲུང་སྐྱོང་ཡག་པོ། གོང་འཕེལ་ཡག་པོ་བཅས་བྱེད་པ་དང་། རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་སྣེ་ཁྲིད་བྱས་ནས་མཛེས་སྡུག་ལྡན་པའི་འཚོ་བ་སྐྱེལ་ཆེད་འབད་འཐབ་ཟམ་མི་ཆད་པ་བྱེད་དགོས་ཞེས་བསྟན་ཡོད། 
    གྲོས་ཚོགས་ཐོག་ད་དུང་གྲོས་དོན་གཞན་དག་ལ་ཞིབ་འཇུག་བྱས་ཡོད་པ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1