༄༅།།དམངས་དོན་ཁྲིམས་གཞུང་གི་ལེའུ་ལྔ་པ། དམངས་དོན་ཁེ་དབང་།

རྩོམ་པ་པོ། མི་གསལ། རྩོམ་སྒྲིག་པ།དབང་ཆེན།ཡོང་ཁུངས།ཀྲུང་གོའི་བོད་ལྗོངས་དྲ་བ། སྤེལ་དུས། 10-22


                                                                         ལེའུ་ལྔ་པ། དམངས་དོན་ཁེ་དབང་།

དོན་ཚན་བརྒྱ་དང་དགུ། 【མི་ལུས་རང་དབང་དང་མི་གཞིའི་རྩིས་ཐང་ལ་བཅའ་ཁྲིམས་ཀྱིས་སྲུང་སྐྱོང་ཐོབ】རང་བྱུང་མིའི་མི་ལུས་རང་དབང་དང་མི་གཞིའི་རྩིས་ཐང་ལ་བཅའ་ཁྲིམས་ཀྱིས་སྲུང་སྐྱོང་ཐོབ་པ་ཡིན །

དོན་ཚན་བརྒྱ་དང་བཅུ། 【དམངས་དོན་བྱེད་པོའི་མི་གཞིའི་ཁེ་དབང】རང་བྱུང་མི་ལ་ཚེ་སྲོག་གི་ཁེ་དབང་དང་ལུས་ཕུང་གི་ཁེ་དབང། བདེ་ཐང་གི་ཁེ་དབང་། རུས་མིང་གི་ཁེ་དབང་། གཟུགས་བྱད་ཀྱི་ཁེ་དབང་། མཚན་སྙན་གྱི་ཁེ་དབང་། གསང་དོན་ཁེ་དབང་དང་གཉེན་སྒྲིག་རང་དབང་སོགས་ཀྱི་དབང་ཆ་ཡོད།

ཁྲིམས་མི་དང་ཁྲིམས་མི་མ་ཡིན་པའི་རྩ་འཛུགས་ཀྱིས་མིང་བྱང་ཁེ་དབང་དང་སྙན་གྲགས་ཁེ་དབང་། གཟི་བརྗིད་མཚན་སྙན་ཁེ་དབང་བཅས་ལོངས་སུ་སྤྱད་ཆོག

དོན་ཚན་བརྒྱ་དང་བཅུ་གཅིག་པ། 【སྒེར་གྱི་ཆ་འཕྲིན་ལ་བཅའ་ཁྲིམས་ཀྱིས་སྲུང་སྐྱོང་ཐོབ】 སྤྱི་དམངས་སྒེར་གྱི་ཆ་འཕྲིན་ལ་བཅའ་ཁྲིམས་ཀྱིས་སྲུང་སྐྱོང་ཐོབ་ཡོད་པས། རྩ་འཛུགས་དང་མི་སྒེར་སུ་ཡིན་ཡང་མི་གཞན་གྱི་ཆ་འཕྲིན་དགོས་ཚེ། ཁྲིམས་ལྟར་ཐོབ་པ་དང་ཆ་འཕྲིན་བདེ་འཇགས་ཡོང་བར་ཁག་ཐེག་བྱ་དགོས་ཤིང་། མི་གཞན་གྱི་ཆ་འཕྲིན་ཁྲིམས་འགལ་གྱིས་བསྔུ་རུབ་དང་བཀོལ་སྤྱོད། ལས་སྣོན། བརྒྱུད་སྐྱེལ་བཅས་བྱེད་མི་ཆོག་པ་མ་ཟད། ཁྲིམས་འགལ་གྱིས་མི་གཞན་གྱི་ཆ་འཕྲིན་ཉོ་ཚོང་དང་མཁོ་སྤྲོད་ཡང་ན་ཁྱབ་སྒྲོག་བཅས་བྱས་མི་ཆོག་པ་ཡིན།  

དོན་ཚན་བརྒྱ་དང་བཅུ་གཉིས་པ། 【གཉེན་སྒྲིག་དང་ཁྱིམ་ཚང་གི་འབྲེལ་བ་སོགས་ལས་བྱུང་བའི་མི་ལུས་ཁེ་དབང་ལ་བཅའ་ཁྲིམས་ཀྱིས་སྲུང་སྐྱོང་ཐོབ】རང་བྱུང་མི་ལ་གཉེན་སྒྲིག་དང་ཁྱིམ་ཚང་གི་འབྲེལ་བ་སོགས་ལས་བྱུང་བའི་མི་ལུས་ཁེ་དབང་ལ་བཅའ་ཁྲིམས་ཀྱིས་སྲུང་སྐྱོང་ཐོབ་པ་ཡིན།

དོན་ཚན་བརྒྱ་དང་བཅུ་གསུམ་པ། 【རྒྱུ་ནོར་བདག་དབང་ལ་བཅའ་ཁྲིམས་ཀྱིས་འདྲ་མཉམ་ངང་སྲུང་སྐྱོང་ཐོབ】དམངས་དོན་བྱེད་པོའི་རྒྱུ་ནོར་བདག་དབང་ལ་བཅའ་ཁྲིམས་ཀྱིས་འདྲ་མཉམ་ངང་སྲུང་སྐྱོང་ཐོབ་པ་ཡིན།

དོན་ཚན་བརྒྱ་དང་བཅུ་བཞི་པ། 【དངོས་པོའི་བདག་དབང་གི་མཚན་ཉིད་དང་དབྱེ་བ】དམངས་དོན་བྱེད་པོས་ཁྲིམས་ལྟར་དངོས་པོའི་བདག་དབང་ལོངས་སུ་སྤྱོད་ཆོག  

དངོས་པོའི་བདག་དབང་ནི་ཁེ་དབང་མིས་ཁྲིམས་ལྟར་དམིགས་བསལ་གྱི་དངོས་པོར་ཐད་ཀར་བཀོད་སྒྲིག་དང་གཞན་པ་ཟུར་འབུད་བྱེད་པའི་ཁེ་དབང་ཞིག་ཡིན། དེའི་ནང་བདག་དབང་དང་ཁེ་ཐོབ་དངོས་པོའི་བདག་དབང་། ཁག་ཐེག་དངོས་པོའི་བདག་དབང་བཅས་འདུས།

དོན་ཚན་བརྒྱ་དང་བཅོ་ལྔ་པ། 【དངོས་པོའི་བདག་དབང་གི་གཞན་གཟུགས】རྒྱུ་དངོས་ལ་བརྟན་ནོར་དང་འགུལ་ནོར་གཉིས་ཡོད་དེ། བཅའ་ཁྲིམས་ཀྱི་གཏན་འཁེལ་ལྟར་ཁེ་དབང་དེ་དངོས་པོའི་བདག་དབང་གི་གཞན་གཟུགས་ཡིན་ན། གཏན་འཁེལ་དེ་ལྟར་བྱ་དགོས།

དོན་ཚན་བརྒྱ་དང་བཅུ་དྲུག་པ། 【དངོས་པོའི་བདག་དབང་གི་ཁྲིམས་བཀོད་རྩ་དོན】དངོས་པོའི་བདག་དབང་གི་ནང་གསེས་དང་ནང་དོན་ནི་བཅའ་ཁྲིམས་ཀྱིས་གཏན་འཁེལ་བྱ་དགོས།

དོན་ཚན་བརྒྱ་དང་བཅུ་བདུན་པ། 【གཞུང་བསྡུ་དང་བསྡུ་སྤྱོད】སྤྱི་པའི་ཁེ་ཕན་གྱི་དགོས་མཁོའི་ཆེད་དུ། བཅའ་ཁྲིམས་ནང་གཏན་ལ་ཕབ་པའི་དབང་ཚད་དང་གོ་རིམ་ལྟར་བརྟན་ནོར་དང་འགུལ་ནོར་གཞུང་བསྔུ་དང་བསྡུ་སྤྱོད་བྱས་རིགས་ལ་དྲང་སྙོམས་དང་ལུགས་མཐུན་གྱི་ཁ་གསབ་སྤྲོད་དགོས།

དོན་ཚན་བརྒྱ་དང་བཅོ་བརྒྱད་པ། 【བུན་དབང་གི་མཚན་ཉིད】དམངས་དོན་བྱེད་པོས་ཁྲིམས་ལྟར་བུན་དབང་ལོངས་སུ་སྤྱད་ཆོག

བུན་དབང་ནི་གན་རྒྱ་དང་ཁེ་དབང་ལ་གནོད་འཚེ་བཏང་བའི་བྱ་སྤྱོད། འགན་མེད་བདག་གཉེར། ཚུལ་མིན་ཁེ་འཐོབ། བཅའ་ཁྲིམས་ཀྱི་གཏན་འཁེལ་གཞན་དག་བཅས་ཀྱི་དབང་གིས་ཁེ་དབང་མིས་དམིགས་བཀར་འོས་འགན་འཁུར་མཁན་ལ་བྱ་སྤྱོད་ངེས་ཅན་མི་བྱེད་པའམ་མི་སྒྲུབ་པའི་རེ་བ་འདོན་པའི་དབང་ཆ་ཡིན།

དོན་ཚན་བརྒྱ་དང་བཅུ་དགུ་པ། 【གན་རྒྱའི་གཅུན་ནུས】ཁྲིམས་ལྟར་གན་རྒྱ་བཞག་པ་ཡིན་ན། དོ་བདག་ལ་བཅའ་ཁྲིམས་ཀྱི་གཅུན་ནུས་ལྡན་པ་ཡིན།

དོན་ཚན་བརྒྱ་དང་ཉི་ཤུ་པ། 【དབང་གནོད་འགན་འཁྲི】དམངས་དོན་ཁེ་དབང་ལ་གནོད་འཚེ་ཐེབས་ཚེ། གནོད་འཚེ་ཕོག་མཁན་གྱིས་དབང་གནོད་མཁན་ལ་དབང་གནོད་འགན་འཁྲི་འཁུར་པའི་རེ་འདུན་ཞུ་དབང་ཡོད།

དོན་ཚན་བརྒྱ་དང་ཉེར་གཅིག་པ། 【རྒྱུ་མེད་དོ་དམ】ཁྲིམས་བཀོད་དམ་ཁ་ཆད་བྱས་པའི་འོས་འགན་མེད་ཀྱང་མི་གཞན་པའི་ཁེ་ཕན་ལ་གྱོང་གུད་མི་ཡོང་བའི་ཆེད་དུ་དོ་དམ་བྱས་ན། ཁེ་ཕན་ཐོབ་མཁན་ལ་དགོས་ངེས་ཀྱི་གྲོན་དངུལ་འཇལ་པའི་རེ་འདུན་ཞུ་དབང་ཡོད།

དོན་ཚན་བརྒྱ་དང་ཉེར་གཉིས་པ། 【ཚུལ་མིན་གྱི་ཁེ་ཕན】མི་གཞན་པར་བཅའ་ཁྲིམས་ཀྱི་གཞི་འཛིན་ས་མེད་ཅིང་། ཚུལ་མིན་གྱི་ཁེ་ཕན་བླངས་ནས་མི་གཞན་ལ་གྱོང་གུད་བཟོས་ན། གྱོང་གུད་ཕོག་མཁན་གྱིས་དེར་ཚུལ་མིན་ཁེ་ཕན་ཕྱིར་སྤྲོད་པའི་རེ་འདུན་ཞུ་དབང་ཡོད།

དོན་ཚན་བརྒྱ་དང་ཉེར་གསུམ་པ། 【ཤེས་བྱའི་ཐོན་དབང་གི་མཚན་ཉིད】དམངས་དོན་བྱེད་པོས་བཅའ་ཁྲིམས་ལྟར་ཤེས་བྱའི་ཐོན་དབང་ལོངས་སུ་སྤྱད་ཆོག

ཤེས་བྱའི་ཐོན་དབང་ནི་ཁེ་དབང་མིས་ཁྲིམས་ལྟར་གཤམ་གསལ་གཞན་གཟུགས་སུ་ཡོད་པའི་ཆེད་སྤྱོད་ཁེ་དབང་ཡིན་ཏེ།

(གཅིག) བརྩམས་ཆོས།

(གཉིས) གསར་གཏོད་དང་དངོས་སྤྱོད་དཔེ་གསར། ཕྱི་ཚུལ་ཇུས་འགོད།

(གསུམ) ཚོང་རྟགས།

(བཞི) ས་ཁམས་མཚོན་རྟགས།

(ལྔ) ཚོང་ལས་ཀྱི་གསང་བ།

(དྲུག) འདུས་གྲུབ་གློག་ལམ་གྱི་དཔེ་རིས་ཇུས་འགོད།

(བདུན) སྐྱེ་དངོས་ཀྱི་རིགས་རྒྱུད་གསར་པ།

(བརྒྱད) བཅའ་ཁྲིམས་ནང་གཏན་ལ་ཕབ་པའི་གཞན་གཟུགས་གཞན་དག

དོན་ཚན་བརྒྱ་དང་ཉེར་བཞི་པ། 【ཤུལ་འཛིན་ཁེ་དབང】སྤྱི་དམངས་ལ་ཁྲིམས་ལྟར་ཤུལ་འཛིན་བྱེད་དབང་ཡོད།

སྤྱི་དམངས་ཀྱི་ཁྲིམས་མཐུན་སྒེར་དབང་རྒྱུ་ནོར་དེ་བཅའ་ཁྲིམས་ལྟར་ཤུལ་འཛིན་བྱས་ཆོག

དོན་ཚན་བརྒྱ་དང་ཉེར་ལྔ་པ། 【མ་རྐང་རང་བཞིན་གྱི་ཁེ་དབང】དམངས་དོན་བྱེད་པོར་ཁྲིམས་ལྟར་མ་རྐང་དབང་ཆ་དང་མ་དངུལ་ཕྱིར་གཏོང་རང་བཞིན་ཅན་གྱི་ཁེ་དབང་གཞན་དག་ཡོད།

དོན་ཚན་བརྒྱ་དང་ཉེར་དྲུག་པ། 【དམངས་དོན་ཁེ་ཕན་གཞན་དག】དམངས་དོན་བྱེད་པོས་བཅའ་ཁྲིམས་ནང་གཏན་ལ་ཕབ་པའི་དམངས་དོན་གྱི་དབང་ཆ་དང་ཁེ་ཕན་གཞན་དག་ལོངས་སུ་སྤྱད་ཆོག

དོན་ཚན་བརྒྱ་དང་ཉེར་བདུན་པ། 【གཞི་གྲངས་དང་དྲ་ལམ་གྱི་རྟོག་བཟོའི་རྒྱུ་ནོར་ལ་སྲུང་སྐྱོང】བཅའ་ཁྲིམས་ཀྱིས་གཞི་གྲངས་དང་དྲ་ལམ་གྱི་རྟོག་བཟོའི་རྒྱུ་ནོར་ལ་སྲུང་སྐྱོང་བྱ་རྒྱུའི་སྐོར་གཏན་འཁེལ་ཡོད་ན་གཏན་འཁེལ་དེ་ལྟར་བྱ་དགོས།

དོན་ཚན་བརྒྱ་དང་ཉེར་བརྒྱད་པ། 【དམངས་དོན་ཁེ་དབང་གི་དམིགས་བསལ་སྲུང་སྐྱོང】བཅའ་ཁྲིམས་ཀྱིས་ནར་མ་སོན་པའི་མི་དང་རྒས་འཁོགས། དབང་པོ་སྐྱོན་ཅན། བུད་མེད། འཛད་སྤྱོད་པ་སོགས་ཀྱི་དམངས་དོན་ཁེ་དབང་སྲུང་སྐྱོང་ལ་དམིགས་བསལ་གྱི་གཏན་འཁེལ་བཟོས་ཡོད་ན་གཏན་འཁེལ་དེ་ལྟར་བྱ་དགོས།

དོན་ཚན་བརྒྱ་དང་ཉེར་དགུ་པ། 【དམངས་དོན་ཁེ་དབང་ལེན་ཐབས】དམངས་དོན་ཁེ་དབང་ནི་དམངས་དོན་ཁྲིམས་འབྲེལ་བྱ་སྤྱོད་དང་དོན་དངོས་བྱ་སྤྱོད། བཅའ་ཁྲིམས་ཀྱིས་གཏན་འཁེལ་བྱས་པའི་དོན་རྐྱེན་ནམ་ཡང་ན་བཅའ་ཁྲིམས་ཀྱིས་གཏན་འཁེལ་བྱས་པའི་བྱེད་སྟངས་གཞན་དག་ལ་བརྟེན་ནས་བླངས་ཆོག

དོན་ཚན་བརྒྱ་དང་སུམ་ཅུ་པ། 【རང་ཉིད་ཀྱི་འདོད་མོས་ལྟར་དམངས་དོན་ཁེ་དབང་ཁྲིམས་ལྟར་སྤྱོད་པ】དམངས་དོན་བྱེད་པོས་རང་ཉིད་ཀྱི་འདོད་མོས་ལྟར་དམངས་དོན་ཁེ་དབང་ཁྲིམས་ལྟར་སྤྱོད་རྒྱུར་ཐེ་གཏོགས་མི་བྱེད།

དོན་ཚན་བརྒྱ་དང་སོ་གཅིག་པ། 【ཁེ་དབང་དང་འོས་འགན་གཅིག་མཐུན】དམངས་དོན་བྱེད་པོས་ཁེ་དབང་སྤྱོད་སྐབས། བཅའ་ཁྲིམས་ནང་གཏན་ལ་ཕབ་པ་དང་དོ་བདག་བར་ཁ་ཆད་བཞག་པའི་འོས་འགན་ལག་བསྟར་བྱ་དགོས།

དོན་ཚན་བརྒྱ་དང་སོ་གཉིས་པ། 【དམངས་དོན་ཁེ་དབང་གང་འདོད་དུ་སྤྱད་མི་ཆོག】དམངས་དོན་བྱེད་པོས་དམངས་དོན་ཁེ་དབང་གང་འདོད་དུ་སྤྱད་ནས་རྒྱལ་ཁབ་ཀྱི་ཁེ་ཕན་དང་། སྤྱི་ཚོགས་ཀྱི་སྤྱི་པའི་ཁེ་ཕན། ཡང་ན་མི་གཞན་པའི་ཁྲིམས་མཐུན་ཁེ་དབང་ལ་གནོད་འཚེ་བཏང་མི་ཆོག



དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1