རྫོང་ཨུ་དང་རྫོང་སྲིད་གཞུང་གི“སི་ཁྲོན་དང་ཀན་སུའུ། མཚོ་སྔོན་བཅས་ཞིང་ཆེན་གསུམ་འབྲེལ་མཚམས་ཀྱི་ས་ཁོངས་འཕེལ་རྒྱས་སྔོན་སྐྱོད་རྫོང་བསྐྲུན་རྒྱུའི”འཐབ་ཇུས་དམིགས་ཚད་དོན་འཁྱོལ་གཏིང་ཟབ་བྱ་ཆེད། རྔ་བ་རྫོང་གི་ཞིང་ཆེན་གསུམ་འབྲེལ་མཚམས་ཀྱི་ས་ཁམས་གནས་བབ་དང་དེ་བཞིན་དམིགས་བསལ་རིག་གནས་ཡུལ་སྐོར་ཐོན་ཁུངས་ཀྱི་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ནས། རྔ་བ་རྫོང་གི་ཡུལ་སྐོར་གྱི་སྤྱིའི་གཟུགས་བརྙན་ཁྱོན་ཡོངས་ནས་གཏོད་དེ། ཡུལ་སྐོར་དྲིལ་བསྒྲགས་ལས་དོན་ལ་སྐུལ་འདེད་ཧུར་ཐག་གཏོང་བཞིན་འདུག །
སྤྱི་ཟླ་10པའི་ཚེས་21ཉིན་ནས་ཚེས་23ཉིན་བར། རྔ་བ་རྫོང་ཨུ་དྲིལ་བསྒྲགས་པུའུ་དང་། རྫོང་རྩོམ་རིག་སྒྱུ་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས། རྫོང་རིག་གནས་ལུས་རྩལ་ཡུལ་སྐོར་ཅུས་བཅས་ཀྱིས་རྫོང་པར་རྒྱག་མཁས་ཅན་མཐུན་ཚོགས་སྒྲིག་འཛུགས་བྱས་ཏེ་ཡུལ་དངོས་སུ་རོང་ཝམ་ཁོག་པོ་གྲོག་རོང་ཆེན་མོའི་གདོད་མའི་ནགས་ཚལ་གྱི་རི་མཐོའི་མཛེས་ལྗོངས་བར་ཁྱམས་སུ་བསྐྱོད་ནས“ཟླ་བཅུ་པར་མཛེས་སྡུག་ལྡན་པའི་སྟོན་དུས་སུ། མཛེས་སྡུག་ལྡན་པའི་རོང་ཆེན་འཚོལ་བ”ཞེས་པའི་བྱེད་སྒོ་སྤེལ་བ་རེད།
ད་ཐེངས་ཀྱི་འཚོལ་བསྡུ་བྱེད་སྒོ་སྤེལ་བ་བརྒྱུད། རྫོང་པར་རྒྱག་མཁས་ཅན་གྱིས་རོང་ཝམ་ཁོག་པོ་ནགས་ཚལ་གྲོག་རོང་ཆེན་མོ་འཚོལ་ཞིབ་བྱས་ནས། རྔ་བ་རྫོང་གི་རིག་གནས་ཡུལ་སྐོར་དྲིལ་བསྒྲགས་དང་དེ་བཞིན་ཁྱབ་གདལ་གཏང་རྒྱུར་རྒྱུ་ཆ་སྤུས་ལེགས་མཁོ་འདོན་དང་། རྨང་གཞི་བཟང་པོ་བཏིངས་ཡོད།